༄༅། །ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནོད་བཀའ་དྲིན་ཆེ་བའི་མཇུག་ཏུ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ང་རང་ཚོས་ཤེས་དགོས་པ་ཞིག་ལ། སྔོན་དུ་བརྗོད་པ་བཞིན་བོད་སྤྱི་པའི་དོན་དག་ཟེར་བ་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་རང་དབང་གི་འཐབ་རྩོད་ཡིན་པ་ལས། ཆབ་སྲིད་ཀྱི་གནས་ཚུལ་རྐྱང་པ་ཞིག་མིན། རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་ག་ལ་ཡིན། སྤྱིར་བཏང་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བསྒྲུབ་དགོས་ཟེར་བ་དེར་གནད་འགག་ཆགས་ཡོད། བྱེ་བྲག་ཏུ་ད་ལྟའི་སྐབས་ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་བོད་སྤྱི་པའི་ལས་འགན་འཁྱེར་མཁན་བོད་གཞུང་ཞིག་ཡོད་པ་དེ། རྩ་བ་འཛིན་ས་དགའ་ལྡན་ཕོ་བྲང་ཟེར་བ་དེ་ཆགས་ཡོད། ངས་ཁ་སང་འགྲེལ་བཤད་བརྒྱབ་པ་བཞིན། ྋགོང་ས་ྋལྔ་པ་ཆེན་པོའི་སྐབས་ནས་བཙུགས་པ་དེ་ཆགས་ཡོད། ང་ཚོ་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བོད་སྤྱི་པའི་དོན་དག་སྒྲུབ་སྐབས་ལྷ་ཟེར་བ་དཀར་ཕྱོགས་སྐྱོང་བའི་སྲུང་མ་སྤྱི་དང༌། བྱེ་བྲག་སྐབས་སུ་བབས་པ་དེ་སྲུང་མ་དམར་ནག་གཉིས་ཟེར་གྱི་ཡོད།
དཔལ་ལྡན་ལྷ་མོ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐབས་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། སྲུང་མ་ནག་པོ་བརྩི་ཡུལ་དེ་དཔལ་ལྡན་ལྷ་མོ་ཡིན་པ་རེད། སྲུང་མ་དམར་པོ་ནི་སྤྱིར་བཏང་ལྕམ་སྲིང་ལ་ཡང་བརྩི་རྒྱུ་ཡོད། ཡིན་ནའང་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་རྩི་སྐབས་སྲུང་མ་དམར་པོ་དེ་གནས་ཆུང་རྡོ་རྗེ་གྲགས་ལྡན་རེད། དགའ་ལྡན་ཕོ་བྲང་གི་སྐབས་བབས་བསྟེན་པའི་སྲུང་མ་དམིགས་བསལ་གྱི་ལས་འགན་ཡོད་པ་སྲུང་མ་དམར་ནག་གཉིས་པ་དེ་ཆགས་ཡོད། དེ་ཡང་ཤེས་དགོས་པ་གལ་ཆེན་པོ་རེད་འདུག ཤེས་སོང་ངམ།
དེ་མིན་སྐད་ཆ་གསལ་པོ་བཤད་ན། ྋགོང་ས་ྋལྔ་པོ་ཆེན་པོའི་སྐབས་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་ནི་གནས་ཚུལ་ཐ་དད་རེད། ཐུན་མོང་གདུལ་བྱའི་སྣང་ངོར་གང་ལྟར་འགལ་ཟླ་ཤོར་བ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཐོག་ནས་ལོ་རྒྱུས་ཡོད་པའི་རྒྱལ་ཆེན་ཤུགས་ལྡན་ཟེར་ནས་བརྩི་རྒྱུ་འདི། ངེས་པ་དོན་གྱི་གནས་ཚུལ་ཐ་དད་སོ་སོ་རེད། ས་ལ་གནས་པའི་སེམས་དཔའ་ཚོའི་སྤྱོད་ཡུལ་ལས། ང་རང་ཚོ་ལས་དང་པོ་བས་ཤེས་ཐུབ་ཀྱི་མ་རེད། ལས་དང་པོ་བས་སྤང་བླང་འཇུག་ལྡོག་ག་འདྲ་བྱེད་དགོས་བཤད་པ་ཡིན་ན། ཐུན་མོང་གདུལ་བྱ་རྣམས་ལ་སྣང་ཚུལ་ག་རེ་བྱུང་བ་དེར་གཞིར་བཞག་དགོས་ཡོད་ཡིན། དེར་བརྟེན་གཟིམ་ཁང་གོང་ངམ། བླ་བྲང་གོང་ཟེར་བ་དེ་ྋགོང་ས་ྋལྔ་པ་ཆེན་པོའི་སྐབས་སུ་འགལ་ཟླ་བྱུང་ནས་མཐར་གཟིམ་ཁང་གོང་དེ་ཤུལ་མེད་གཏོང་རྒྱུ་འཁེལ་བ་རེད། གཟིམ་ཁང་གོང་ཤུལ་མེད་བཏང༌། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དར་རྫོང་རྒྱབ་ནས་བཀྲོངས་པའི་ལོ་རྒྱུས་བཤད་རྒྱུ་ཡོད། གང་ལྟར་དེ་འདྲའི་འགལ་རྐྱེན་གྱི་ཐོག་ནས་མཇུག་བསྡོགས་དགོས་པ་ཞིག་བྱུང་བ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནས་མར་ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་ཆེན་ཤུགས་ལྡན་དོལ་རྒྱལ་ཟེར་ནས་བརྩིས་པའི་རྒྱལ་ཆེན་དེ་བྱུང་བ་རེད། དེ་ྋགོང་ས་ལྔ་པ་ཆེན་པོ་རང་གིས་མངོན་སྤྱོད་ཀྱི་དྲག་ལས་མཛད་དགོས་པའི་གནས་ཚུལ་དང༌། དེ་བཞིན་རིག་འཛིན་པདྨ་འཕྲིན་ལས་གྱིས་དྲག་ལས་མཛད་པའི་གནས་ཚུལ་ལོ་རྒྱུས་ནང་བལྟས་ན་གསལ་པོ་ཤེས་ཐུབ་པ་ཞིག་ཡོད།
དེར་བརྟེན་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུའང་དམ་དྲག་ཆེན་པོ་གནང་ཡོད། བར་ལམ་ནས་ངས་འདི་སྐོར་ལ་འགྲེལ་བཤད་བརྒྱབ་པ་འདི་གང་ལྟར་ངས་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ཉམས་ཞིབ་དང་དོ་སྣང་བྱས། སོ་སོར་ལས་འགན་ཡོད་སྟབས་དོ་སྣང་ཡང་ཤུགས་ཀྱིས་སླེབས་ཀྱི་ཡོད། དོ་སྣང་བྱས་ནས་བལྟས་ཡོང་དུས་གང་ལྟར་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཐ་དད་རེད། ང་རང་ཚོ་ཐུན་མོང་གདུལ་བྱའི་ནང་སྤྱིར་བཏང་ཡོངས་གྲགས་ཀྱི་འགྲོ་སྟངས་འདི་ལ་གནད་འགག་གཅིག་ཆགས་ཀྱི་འདུག ངས་འདིའི་དངོས་ཡོད་གནས་ཚུལ་དགེ་སྐྱོན་རྣམས་ཟོལ་མེད་བྱས་ནས་བཤད་པ་འགའ་ཤས་ཤིག་གིས་ད་དུང་གནས་ཚུལ་མ་ཤེས་པ་དེ་འདྲ་ཡོང་གི་ཡོད་ས་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་དབུས་གཙང་ཁུལ་ནས་ཡིན་ནའང་རེད། དེ་བཞིན་ཁམས་ཕྱོགས་དང༌། མདོ་སྨད་ཁུལ་ནས་ཡིན་ནའང་རེད། ང་རང་ཚོ་བོད་སྤྱི་པའི་དོན་དག་ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་ནས་བོད་དོན་རང་དབང་སྒྲུབ་པའི་དུས་ཚོད་འདིའི་རིང་ལ་མི་ཚང་མ་དམ་ཚིག་གཙང་མ་དགོས་པ་ལྟར་ལྷ་ཡང་དམ་ཚིག་གཙང་མ་དགོས་པ་དེ་གལ་ཆེན་པོ་རེད་འདུག དེ་ཡང་ངས་རང་འཚམས་ཀྱིས་ལབ་པ་ཞིག་མ་ཡིན་པར་རྒྱུ་མཚན་དང་འབྲེལ་ནས་བཤད་པ་ཡིན་དུས། དེ་རིང་ཡང་ངས་ཁྱེད་རང་ཚོར་ཡང་བསྐྱར་ཅིག་བཤད་ན་བསམ་བྱུང༌། དེ་ཁྱེད་རང་ཚོས་བློ་ལ་ངེས་པ་བྱེད་དགོས།
ཁྱེད་རང་ཚོ་བོད་ལ་ཕར་སླེབས་ནས་ྋརྒྱལ་བ་རིན་པོ་ཆེས་དེ་འདྲ་ཟེར་གྱི་འདུག དེ་ཡང་གནད་འགག་ཅིག་ཆགས་ཀྱི་ཡོད་པ་འདྲ་ཞེས་ཤོད་དགོས། སྒེར་པ་སོ་སོའི་གནས་ཚུལ་ཐ་དད་རེད། སྒེར་པ་སོ་སོའི་ཆོས་བྱེད་དང་མི་བྱེད་སོ་སོའི་འདོད་པ་རེད། ཆོས་གང་འདྲ་བྱེད་དང་མི་བྱེད་ཀྱང་སོ་སོའི་འདོད་པ་རེད། ཡིན་ནའང་སྤྱི་པའི་དོན་དུ་མི་མང་པོ་འདུ་འཛོམས་བྱས་པ་དེ་འདྲའི་ཐོག་ནས་དང༌། ཡང་སྤྲོས་པ་ཆེན་པོས་དེ་འདྲ་བྱས་ན་དེ་ཡག་པོ་མེད། གནས་ཚུལ་དེ་འདྲ་རེད། ལྷག་པར་དུ་དགོན་སྡེ་རྣམས་ཀྱི་ནང་ཤུགས་ཆེན་པོ་བསྟེན་ན་ཡག་པོ་མེད། དེར་ང་ཚོས་ཞིབ་ཚགས་པོའི་ཐོག་ནས་ཉམས་ཞིབ་བྱས་ནས་བལྟས་ན། ག་རེ་བྱས་ནའང་བོད་སྤྱི་པའི་དོན་ལ་ཡིན་ནའང་འགལ་བ་ཞིག་ཡོང་གི་རེད་ལ། འདི་ཡག་པོ་ཡོད་པ་མ་རེད། རྩ་བ་ཤུགས་ལྡན་དར་སོ་ཡོད་ས་ས་སྐྱ་དང༌། དགེ་ལུགས་ཆགས་ཡོད། གཙོ་བོ་ས་སྐྱའི་ནང་གང་ལ་གང་འཚམས་ཀྱི་ཤུགས་རྐྱེན་སླེབས་ཡོད། དེ་བཞིན་དགེ་ལུགས་པའི་ནང་དུའང་ཕྱིས་སུ་དོ་སྣང་བྱེད་མཁན་དེ་འདྲ་ཕྲན་ཙམ་བྱུང་བ་ལས་སྔ་མོ་ནས་དེ་འདྲ་ཡོད་ས་མ་རེད། དཔེར་ན། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར། ཐུའུ་བཀྭན་ཆོས་ཀྱི་ཉི་མས་བསྒྲིགས་པ་དེའི་ནང་ྋརྒྱལ་མཆོག་བདུན་པ་ཆེན་པོའི་ཡོངས་འཛིན་བསམ་གྱིས་མི་ཁྱབ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་ཁོང་དགའ་ལྡན་ཁྲི་པ་གནང་བའི་སྐབས་ཤིག་ཏུ་དགའ་ལྡན་ལ་དོལ་རྒྱལ་དར་སོ་བྱུང༌། དོལ་རྒྱལ་གྱི་རྟེན་མཁར་ཞིག་ཀྱང་བཞེངས་ཡོད། སྐབས་དེར་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་རྟེན་མཁར་དེ་ཕར་བཤིག དགོན་པའི་ནང་ནས་ཕྱིར་འབུད་གནང་ཡོད། དེ་ནས་བཟུང་དགའ་ལྡན་ལ་བསྟེན་གསོལ་མི་ཆོག་པ་ཞིག་སྐབས་དེ་དུས་བཟོས་པ་གནང་ཡོད།
ཁྲི་ཆེན་ངག་དབང་མཆོག་ལྡན་ནི་རྙིང་མའི་དྲི་མ་མེད་པའི་དགེ་ལུགས་པའི་བླ་མ་གཙང་གཙང་རེད། ཁ་སང་བཀའ་མོལ་བྱུང་བ་བཞིན་ྋརྒྱལ་མཆོག་བདུན་པ་ཆེན་པོའི་ཡོངས་འཛིན་གནང་སྟེ་དགེ་ལུགས་གཙང་གཙང་འདྲ་པོ་ཆགས་ཡོད། གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད། དེ་དངོས་ཡོད་གནས་ཚུལ་རེད། ངས་ནམ་རྒྱུན་རྟག་པར་ཞུ་བ་དེ་རེད། རི་བོ་དགེ་ལུགས་པ་ལ་བཀའ་གདམས་གསར་མ་ཟེར་གྱི་ཡོད། བཀའ་གདམས་གསར་མ་ཟེར་རྒྱུ་དེ་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་སློབ་མཁན་ཞིག་ཡིན་ཞིང༌། ཇོ་བོ་བཀའ་གདམས་པའི་མཛད་སྟངས་དེ་ལྷ་བཞི་ཆོས་གསུམ་ཞེས་ལྷ་ཆོས་བདུན་ལྡན་ཟེར་བ་དེ་དངོས་གནས་གཟི་བརྗིད་ཆེན་པོ་རེད། ལྷ་གང་བྱུང་མང་བྱུང་ཡོད་པ་མ་རེད། བསྟན་པའི་བདག་པོ་ཡིན་པས་སྟོན་པ་བཅོམ་ལྡན་འདས་དང༌། སྙིང་རྗེའི་ལྷ་ཡིན་པས་འཕགས་པ་སྤྱན་རས་གཟིགས། འཕྲིན་ལས་ཀྱི་ལྷ་ཡིན་པས་རྗེ་བཙུན་སྒྲོལ་མ། བར་ཆད་སེལ་བའི་ལྷ་ཡིན་པས་མི་གཡོ་བ་ཟེར་བ་མ་གཏོགས་འདྲ་མིན་མང་པོ་མེད། བཀའ་གདམས་པའི་གསུང་སྒྲོས་རང་ནི་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་ཉམས་ལེན་དང༌། བཀའ་གདམས་ལྷ་བཞི་པོ་དེ་བསྟེན་པ་མ་གཏོགས་དེ་ལས་སྤྲོས་པའི་ཡི་དམ་རེ་རེ་སྣོན་མ་རྒྱབ། ཆོས་སྐྱོང་རེ་རེ་སྣོན་མ་རྒྱབ་པ་ཡིན་ན། བཀའ་གདམས་པའི་ཕྱག་བཞེས་དེ་ཉམས་སླད་འགྲོ་གི་རེད་ཅེས་དེ་འདྲ་གསུང་རྒྱུན་དུ་ཡོད་པ་དེ་བདེན་པ་རེད།
རྗེ་རིན་པོ་ཆེས་བཀའ་གདམས་གསར་མ་གསར་གཏོད་གནང་སྐབས། བཀའ་སྡེ་སྣོད་གསུམ་གྱི་བརྗོད་བྱ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཚུར་བསྡུས་ནས་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་བློ་སྦྱོང་དེ་ཚོ་གཞི་རྩར་བཞག་པའི་ཐོག་ལ་རྒྱུད་རྒྱལ་གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག ཡི་དམ་རྡོ་རྗེ་འཇིགས་བྱེད་དེ་རྣམས་གཙོ་བོར་གྱུར་པའི་སྔགས་བླ་མེད། དེ་ཡང་ཚད་ཐུབ་རྒྱུད་སྡེ་བཞི་དང༌། རྒྱུད་སྡེའི་ཚད་ཐུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དེ་ཚོས་ཁ་སྣོན་གནང༌། གཙོ་བོ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཉམས་ལེན་མགས་ཏེ་གནང་རྒྱུ་དེ་འདྲ་ཞིག་གི་ཕྱག་སྲོལ་གཏོད་པ་གནང་ཡོད།
རྗེ་རིན་པོ་ཆེས་རྗེ་བཙུན་ཤེས་རབ་སེང་གེ་དང༌། དེ་ནས་མར་རྒྱུད་གྲྭ་སོ་སོ་བཙུགས་ཏེ་གང་ལྟར་ཆོས་སྐྱོང་མགོན་ཆོས་གཉིས་ཞེས་བཤད་པ་ལས་དཔལ་ལྡན་ལྷ་མོ་ཡང་སྐད་ཆ་མེད། དངོས་གནས་ཡག་པོ་རེད། གང་ལྟར་རི་བོ་དགེ་ལུགས་པའི་དངོས་གནས་ཚད་འཇོག་བྱ་ས་དང༌། དང་པོའི་རྩ་འཛུགས་ཡོང་སྟངས་ཀྱི་ཁུངས་ལུང་དེ་འདྲ་ཞིག་རེད། རིམ་པས་རིམ་པས་རྗེ་རིན་པོ་ཆེས་མ་ཆད་མ་ལྷག་པར་བསྟན་པའི་ལམ་དེས་ལྡེང་གི་མེད་པའི་བཟོ་ལྟ་བུ་བྱས་ནས་དེའི་སྒང་ལ་གཅིག་ཁ་སྣོན་རྒྱབ། གཉིས་ཁ་སྣོན་རྒྱབ་ན་དངོས་གནས་བསམ་བློ་བཏང་ན། བཀའ་གདམས་གསར་མ་རི་བོ་དགེ་ལུགས་པ་རྗེ་རིན་པོ་ཆེས་དག་ཐེར་གནང་ནས་སྲོལ་བཏོད་པ་དེ་ལ་ཞབས་འདེགས་འགྲོ་གི་ཡོད་དམ། ཞབས་འདྲེན་དུ་འགྲོ་གི་ཡོད་དངོས་གནས་བྱས་ན་བཤད་མ་ཤེས་པ་རེད། དེ་འདྲ་ཡིན་དུས་རི་བོ་དགེ་ལུགས་པ་དངོས་གནས་གཙང་མ་ཞིག་བྱེད་ཀྱི་ཡིན་ན། ད་ལྟ་ཞུས་པ་བཞིན་ཡི་དམ་གསང་བདེ་འཇིགས་གསུམ་དང༌། ཆོས་སྐྱོང་སྐྱེས་བུ་གསུམ་གྱི་སྲུང་མ། དགེ་ལུགས་པ་དེང་སང་དཔལ་འབྱོར་འགྲིག་ཙམ་རེད། རྣམ་སྲས་དགོས་མཁོ་མེད་པའི་བཟོ་ལྟ་བུ་ཞིག་རེད། ཡིན་ནའང་ད་དུང་དཔལ་འབྱོར་གལ་ཆེན་པོ་ཆགས་ཀྱི་ཡོད་ན། རྣམ་སྲས་བྱས། རྗེ་རིན་པོ་ཆེའི་སྐྱེས་བུ་གསུམ་གྱི་སྲུང་མ་གསུང་རྒྱུ་དེ་དེ་འདྲ་ཡིན། གཙོ་བོ་མགོན་ཆོས་གཉིས་ཆགས་ཡོད། དེ་ཡག་པོ་འདུག་གམ། དེ་འདྲ་ཡིན་དུས་གནས་ཆུང་དང༌། རྒྱལ་པོ་སྐུ་ལྔའི་སྐད་ཆ་མེད། དཔལ་ལྡན་ལྷ་མོ་ཡང་སྐད་ཆ་ཡོད་པ་མ་རེད། དགེ་ལུགས་རང་གི་ནང་དུ་བྱས་པ་ཡིན་ན། ད་ལྟ་ཞུས་པའི་གནས་ཚུལ་དེ་འདྲ་རེད། ཤེས་སོང་ངམ། དེ་རིང་འདིར་མི་གསར་པ་ཁ་ཤས་ཡོད་པ་ཡིན་དུས་ངས་ཁྱེད་རང་ཚོར་དྲན་གསོ་ཞིག་བཏང་སྟེ་ལབ་པ་ཡིན།
དེ་བཞིན་རྒྱ་གར་ནང་ལ་ཡིན་ནའང་མང་ཆེ་བས་གནས་ཚུལ་ཤེས་ཀྱི་ཡོད། དུས་དུས་ལ་ཡང་ངས་དྲན་གསོ་ལྟ་བུ་བཏང་གི་ཡོད། མང་པོ་ཞིག་གིས་དེ་ལ་དོ་སྣང་བྱས་ཏེ་དཔེར་ན་ཁ་ཤས་སྲོག་གཏད་ཞུས་ཟིན་པ་དེ་འདྲས་ཕྱིས་སུ་སོ་སོའི་རྩ་བའི་ལམ་ཕྱོགས་དེའི་ཐོག་ལ་བསམ་བློ་བཏང་སྟེ་འགྲོ་མཁན་དེ་འདྲ་མང་པོ་ཞིག་བྱུང་ཡོད། རྗེས་སུ་ཡི་རངས་ཡོད། ཡིན་ནའང་སོ་སོའི་ཁམས་དང་མོས་པ་སོ་སོ་སྒེར་གྱི་གནས་ཚུལ་ཐ་དད་རེད། སོ་སོ་སྒེར་གྱི་བསམ་བློའི་འཁྱེར་ས་དེ་སྤྱི་པའི་ཐོག་ལ་ཚུར་སྤུངས། དཔུང་བསྒྲིག་པ་ལྟ་བུ་བྱས་ན་ཡག་པོ་མེད། དེར་བརྟེན་དེ་ལ་ཚང་མས་དོ་སྣང་བྱེད་དགོས། ལྷག་དོན་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྤེལ་གསུམ་བྱེད་མཁན། མིང་རྒྱབ་ཁུར་གྱི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་མཁན་བཤད་གྲྭ་ཆེན་པོ་དེ་ཚོའི་ནང་ལ་ཁ་སང་བཀའ་མོལ་བྱུང་བ་བཞིན། རྔ་བརྡུང་བརྡུང༌། སྦུབ་དཀྲོལ་དཀྲོལ་དེ་ཚོའི་གྲས་དེ་དངོས་གནས་བྱས་ན་མི་དགོས་པ་རེད། བསླབ་པ་སློབ་གཉེར་ཡག་པོ་བྱས། དངོས་གནས་བཀའ་གདམས་པའི་རྣམ་ཐར་གཙང་མ་བསྐྱངས་ཐུབ་པ་དེ་འདྲ་ཞིག་དགོས་པ་ལས། སྔགས་འཆང་ལུང་པ་གང་ལྷགས་པ་ལྟ་བུ་བྱས་ན་ཡག་པོ་མེད། ད་ཆ་དེ་ཚོའི་གྲས་དེར་བསམ་བློ་གཏོང་དགོས་པ་ཆགས་འདུག བར་ལམ་དེ་ཚོའི་ཐོག་ལ་མང་པོ་ཞིག་གིས་གནས་ཚུལ་ཤེས་ཀྱི་ཡོད་སྟབས། དེ་མཐུན་གྱི་ཉམས་ལེན་སྤང་བླང་བྱེད་ཀྱི་ཡོད། ཡིན་ནའང་ད་དུང་མཇུག་གནོན་བྱེད་དགོས་པ་ག་རེ་ཡོད་ན་ཡང་རིམ་པས་བལྟ་དགོས་པ་རེད་ལ། བལྟས་ཆོག་གི་རེད། གནད་འགག་དེ་ཙམ་མི་འདུག གཙོ་བོ་ད་ལྟ་འདིར་ཡོད་ཁྱེད་རང་ཚོ་བོད་ནས་ཡོང་བའི་མི་གང་འཚམས་ཤིག་ཡོད་སྟབས། ཁྱེད་རང་ཚོས་སེམས་ལ་ངེས་པ་བྱེད་དགོས། དེ་དོན་ཤེས་པ་བྱེད་དགོས་པ་རེད། ད་ལྟ་མ་ཤེས་པའི་ཐོག་ནས་ཕྱིན་ཆད་དཀའ་ངལ་ཡོང་རྒྱུའི་གནས་ཚུལ་ཁྱབ་གདལ་ལྟ་བུ་ཕྱིན། མཇུག་ཏུ་དཀའ་ངལ་འཕྲད་པ་ཡིན་ན་དེ་ཡག་པོ་མེད། དཔེར་ན། ངས་ལོ་རྒྱུས་གཅིག་བཤད་ན། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ཁོང་འཁྲུངས་པའི་སྐབས་ནས་ཁོ་རང་གི་སྐུ་ཚེའི་འཕེན་པ་དེ་བརྩིས་པ་ཡིན་ན། ཕལ་ཆེར་དགུང་ལོ་བརྒྱ་མ་ཟིན་ཙམ་གྱི་ཚད་ཅིག་ཡོད་ས་རེད། དེ་ཡིན་པ་དེ་མཁར་རྡོ་བཟོད་པ་རྒྱ་མཚོ་ཡིན་ནམ། མཁར་རྡོ་སུ་ཡིན་ནམ་ཞིག་གི་ལུང་བསྟན་ནང་གསལ་པོ་ཡོད། ལུང་བསྟན་ག་འདྲ་ཡོད་ཟེར་ན། ཁོང་གི་དག་སྣང་ལ་བུད་མེད་གཅིག་གི་ལག་ཏུ་ཕྲེང་བ་ཐོགས། བུད་མེད་དེ་ྋརྒྱལ་དབང་གི་ཡུམ་ཡིན་ཁུལ་དང༌། དེའི་ལག་པར་ཡོད་པའི་ཕྲེང་བ་དེར་ཐོག་མ་ཕྲེང་རྡོག་བརྒྱ་རྩ་ཡོད་པའི་བཟོ་འདྲ་ཞིག་ལ། ཡིན་ནའང་ཕྲེང་རྡོག་གཅིག་ཟད་གཉིས་ཟད་ཀྱིས་མཐའ་མ་ལྔ་བཅུ་སྐོར། བརྒྱ་ཕྱེད་ཙམ་མ་གཏོགས་མེད་པ་ཆགས་པ་དེ་འདྲའི་ལུང་བསྟན་ཞིག་ཡོད།
དངོས་ཡོད་གནས་ཚུལ་སྐུ་མདུན་སྐུ་གོང་མའི་སྐབས་ཕྱི་ལོ་ ༡༩༡༡ ནས་ ༡༩༡༢ ཙམ་ནས་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་འགོ་འཁྲིད་ནས་ཆབ་མདོ་ནས་མར་བཟུང་བ་ཞིག་གི་རྒྱ་དམག་མཐར་སྐྲོད་བཏང༌། ཐ་མ་ཕལ་ཆེར་འབྲི་ཆུ་ཕར་བརྒལ་བའི་ས་ཁུལ་ནས་ཀྱང་རྒྱ་དམག་མཐར་སྐྲོད་བཏང་བ་རེད། དེའི་མཇུག་ཏུ་མདོ་སྤྱི་ང་ཕོད་ཀྱི་སྐབས་ལ། དེར་ཡང་ས་མ་བརྟན་པ་བྱས། དེ་ནས་ཡར་ས་ཤོར་ཆེན་པོ་ཞིག་བྱུང༌། མདོ་སྤྱི་ལ་ཡང་བཀའ་ཉེས་ཕོག་པའི་གནས་ཚུལ་བྱུང་ཡོད། དེ་འདྲ་ཞིག་གི་སྐབས་ལ་ནོར་བུ་གླིང་ཁར་སྐུ་གོང་མར་གཏོར་རྒྱག་ཅིག་བསྐྱོན་པ་རེད། གཏོང་རྒྱག་དེ་མ་བསྐྱོན་གོང་དང༌། ཛ་དྲག་གནས་ཚུལ་དེ་མ་བྱུང་གོང་ལ་སྐུ་གཟུགས་ཡག་པོ་ཡོད་པ་ཞིག་ལ། དེའི་མཚམས་དེ་འདྲ་ཞིག་ནས་གློ་བུར་དུ་བགྲེས་ཚུལ་ཆེན་པོ་བཞེས་སོང་ཞེས་སྐབས་དེའི་ཞབས་ཕྱི་ཞུ་མཁན་གྲས་དཔོན་པོ༑ སྔོན་མ་ང་ཆུང་ཆུང་སྐབས་ནས་གསོ་མཁན་ཁོང་ལ་གནས་ཚུལ་གསལ་པོ་བཤད་རྒྱུ་ཡོད། ཐ་མ་ཆུ་སྤྲེལ་ལོ་ལ་ཆུ་སྤྲེལ་ཞལ་གདམས་བཀའ་སློབ་ཟེར་རྒྱུ་དེ་གནང༌། དེའི་ནང་ཐུགས་ཕམ་བྱུང་བའི་གནས་ཚུལ་གསལ་པོ་འདུག ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་ཐོག་ནས་གནས་ཚུལ་བྱུང་བ་གསལ་པོ་འདུག དེ་ནས་བྱ་ལོ་ལ་དགོངས་པ་རྫོགས་པའི་གནས་ཚུལ་དེ་ལྟར་བྱུང་བ་རེད། ད་ཆ་བལྟས་པའི་སྐབས་ཁ་སང་ཞུས་པ་བཞིན། ྋརྒྱལ་བ་ལྔ་པའི་སྐབས་ལ་འཆར་གཞི་ཞིག་ཏན་ཏན་བཏིང་བཞག རིན་ཆེན་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་གཞོན་ནུའི་སྐབས་ལ་ྋརྒྱལ་བ་ལྔ་པས་བཏིང་པའི་འཆར་གཞི་དེ་ནང་བཞིན་བྱས་ནས་ཕྱིན་ཡོད་ས་རེད། འོན་ཀྱང་འཆར་གཞི་དེ་ཇི་བཞིན་ལག་ལེན་ཐོག་ལ་འཁེལ་ཐུབ་མེད། དེའི་སྐབས་ལ་གྲུབ་མཐའི་འཐེན་འཁྱེར་བྱེད་པའི་ཐོག་ནས་སྐྱོན་མང་པོ་ཞིག་ཏན་ཏན་བྱུང་འདུག དེ་བྱུང་བའི་རྒྱུ་མཚན་ག་རེ་ཡོད་ཟེར་ན། སྐབས་དེའི་སྒོ་མང་སློབ་དཔོན་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ། འཇམ་བཞད་ངག་དབང་བརྩོན་འགྲུས་དངོས་གནས་བསམ་གྱིས་མི་ཁྱབ་པའི་བླ་མ་རེད། དངོས་གནས་ངོ་མཚར་སྐྱེ་འོས་པ། རྗེ་རིན་པོ་ཆེའི་སྐུ་ཕྲེང་ཡིན། ཡང་སྲིད་ཡིན་ཞེས་ཞུ་ཡང་ཞུ་གི་ཡོད་ལ། ཞུ་དོན་གཞིར་བཟུང་དངོས་གནས་ཆ་མཚུངས་པའི་སྐྱེས་བུ་ཡིན་པ་རེད། ཁོང་གི་མཛད་རྗེས་ལ་ཆ་བཞག་ཀྱང་ཡིག་ཆ་མང་པོ་མཛད་ཡོད། ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་མཚོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་བསྟན་པའི་གཞི་མ་དེ་འདྲ་བཙུགས། སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་རེད། ཡིན་ནའང་ཆོས་ལུགས་ཀྱི་གནས་ཚུལ་ཐོག་ནས་རྒྱལ་པོ་ལྷ་བཟང་དང༌། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་ཆོས་རྒྱུད་ཀྱི་ཐོག་ནས་དམིགས་བསལ་ཐུགས་འདྲིས་ཡོད། སྡེ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཞིག་སླེབས། དེ་འདྲའི་གནས་ཚུལ་ཐོག་ནས་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དངོས་གནས་ྋགོང་ས་ལྔ་པ་ཆེན་པོའི་ཡང་སྲིད་ལ་ཐེ་ཚོམ་བྱེད་མི་དགོས་པའི་སྤྲུལ་པའི་སྐུ་དེ་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་ཞུས་མེད།
དཔེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་ལེགས་བཤད་ཀྱི་གྲས་འཇིགས་བྱེད་ཆོས་འབྱུང་ནང་ལ་ལོ་རྒྱུས་གསུངས་ཡོད། ྋགོང་ས་ལྔ་པ་ཆེན་པོའི་རྗེས་ནས་མར་སླེབས་ཡོང་དུས་ད་ལྟ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་འཚོ་ཞིང་གཞེས་པ་འདིའོ་ཞེས་འཁོད་ཡོད། དེར་བརྟེན་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ྋརྒྱལ་བའི་ཡང་སྲིད་ཡིན་པ་ངོས་འཛིན་གནང་མེད། ཞེ་ས་མ་ཞུས་ན་ངོས་ལེན་གནང་མེད་པ་རེད། ལྷ་བཟང་ཁང་དང༌། དེ་འདྲའི་ཐོག་ནས་བཙུགས་པའི་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཟེར་བ་ྋརྒྱལ་བའི་ཡང་སྲིད་ལ་ངོས་འཛིན་གནང་ཡོད། དེ་ཚོས་རྟེན་འབྲེལ་ཉེས་སྟངས་དེ་ལྟར་ཉེས་ཀྱི་ཡོད། ཡིན་གཅིག་མིན་གཉིས་མཐའ་ནས་དགྲ་བོའི་དམག་ཡོང་དགོས་ཀྱི་མི་འདུག་གམ། ལྷག་བསམ་མ་དག་པ་ཡིན་དགོས་ཀྱི་མི་འདུག་གམ། ཡིན་ནའང་ཕྱི་དང་ནང་གི་རྟེན་འབྲེལ་གྱི་དབང་གིས་དེ་འདྲ་ཡོང་གི་ཡོད་ས་རེད། དེ་འདྲའི་ཐོག་ནས་གང་ལྟར་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ྋརྒྱལ་བ་ལྔ་པས་འཆར་གཞི་བཏིང་བའི་སྒང་ལ་ཇི་བཞིན་མ་ཕྱིན་པར་མཐའ་མ་ྋརྒྱལ་བའི་མཚན་ནང་ལའང་ཞུགས་མ་ཐུབ་པའི་གནས་ཚུལ་དེ་བྱུང་བ་ཡིན་ས་རེད། དེ་ནས་རྟེན་འབྲེལ་ཉེས་པའི་ལག་རྗེས་ལ། ཁ་སང་ཞུས་པ་བཞིན་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་སྐུ་ཚེ་མཐའ་མ་འཁྱོངས་པར། མཐའ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་གཞི་ནས་གནས་ཚུལ་སྡུག་པ་ཞིག་གི་འོག་ནས་འཆར་གཞི་ཞིག་བཏིང་བ་རེད། ཡིན་ནའང་མཐའ་མ་འཆར་གཞི་དེ་ཡང་ཇི་བཞིན་ལག་ལེན་མ་འཁེལ་བ་ཆགས་ཡོང་དུས། སྐུ་མདུན་སྐུ་གོང་མ་སྐུ་ཚེ་རིང་ཙམ་བཞུགས་པ་ལས་སྐུ་ཚེ་ཐུང་ཙམ་བཞུགས་ན་ལེགས་པ་ལྟ་བུ་ཆགས་ཏེ། མཐར་དགུང་ལོ་ ༥༨ ཐོག་དགོངས་པ་མྱ་ངན་ལས་འདས་པ་རེད།
ད་ལྟ་སྐུ་མདུན་སྐུ་གོང་མའི་སྐུ་ཡི་སྐུ་ཚབ། གསུང་གི་གསུང་ཚབ་ལ་ང་སླེབས་པ་རེད། ཕྱོགས་གཅིག་ནས་དེ་ལ་བསམ་བློ་བཏང་དུས་མཐའ་མ་ ༡༩༥༠ ལོར་རྒྱ་མིས་བོད་བཙན་བཟོས་བྱ་རྒྱུ་དང༌། རྒྱ་མིས་བཙན་འཛུལ་བྱེད་པའི་གནས་ཚུལ་ཡོང་རྒྱུའི་ཁ་ཕྱོགས་དེ་ལྟར་ཤར་ཚར་དུས། དེ་གཞིར་བཟུང་གི་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེ་དེ་ཐུང་དུ་ཕྱིན། དེ་འདྲ་ཞིག་གི་གནས་ཚུལ་གཏན་གཏན་རེད་འདུག ཁ་སང་སྐད་ཆ་བྱུང་བ་བཞིན་རེད། ང་སྐྱེས་པའི་དུས་ཚོད་དེ་ང་འཇོན་གྲགས་པ་དང༌། ངས་འཇོན་ཡོད་བསམ་གྱི་མེད་ལ། ཁ་ཐབས་སྐྱོ་ཐག་ཆོད་རེད། ཡིན་ནའང་མེད་པ་ལ་ལྟོས་ཏེ་མེད་དྲག་ལྟ་བུའི་མི་གོ་བཅད་དེ་སྡོད་པའི་དུས་ཚོད་དེ་སྔ་མ་དྲགས། ཕྱིས་མ་དྲགས་ཏག་ཏག་ཅིག་ཐོག་སྐྱེས་ཡོད། འདི་སྐུ་མདུན་སྐུ་གོང་མས་དང་པོའི་འཆར་གཞི་གཅིག་བཏིང༌། འཆར་གཞི་དེ་ཏག་ཏག་མ་ཕྱིན་པའི་སྐབས་ལ་ཡང་བསྐྱར་འཆར་གཞི་གསར་པ་གསར་པ་ཞིག་གཏིང་དགོས་པ་ཞིག་ཆགས་ཡོང་དུས། སྐུ་གོང་མས་ཡང་སྲིད་རྗེས་མའི་དུས་ཚོད་ལ་གཞི་ནས་དགོངས་པ་བཞེས་རྒྱུའི་བཟོ་འདྲ་ཞིག་མ་གཏོགས་མེད་པ་ཆགས་ཀྱི་འདུག་གམ། ལོ་རྒྱུས་དེ་ཚོར་ཉམས་ཞིབ་བྱས་ཏེ་བལྟས་ན་དེ་ལྟ་བུ་ཞིག་ཆགས་ཡོད། ཡང་ངས་ཟེར་རྒྱུ་དེ་མཐའ་གཅིག་ཏུ་ཚད་མ་ཡིན་ཟེར་གྱི་མེད། ཁྱེད་རང་ཚོས་དཔེ་ཆ་དེ་ཚོ་ཀློག་པ་དང༌། ལོ་རྒྱུས་དེ་ཚོར་བལྟས། རྣ་བ་གཉིས་ཀ་བེད་སྤྱོད་བྱས་ཏེ་ཕར་ཕྱོགས་ལ་ཉན། ཚུར་ཕྱོགས་ལ་ཡང་ཉན། གཡག་ཞར་གྱིས་རྩྭ་ཟས་པ་ལྟ་བུ་མ་ཡིན་པར་ཕྱོགས་ཚང་མར་ཉན། རི་བོང་ཅལ་འདྲོགས་ལྟ་བུ་མ་ཡིན་པར། རྣ་བར་གཅིག་གོ་བ་དང་ལྡིར་ཟེར་བ་ལྟ་བུ་མ་བྱེད། རྣ་བ་ཚུར་ཕྱོགས་དེས་ཉན། ཕར་ཕྱོགས་དེས་ཀྱང་ཉན་ནས་ལྟོས་དང་ཕྲན་བུའི་གནད་འགག་ཡོད། ཤེས་སོང་ངམ། རྡོ་དོན་སྙིང་པོ་སྔོན་དུ་ལབ་པ་བཞིན། ཆོལ་ཁ་དང་ཆོས་རྒྱུད་ཚང་མ་དམ་ཚིག་མཐུན་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་འདུག མ་གཞི་བར་ལམ་ལ་ཕྲན་བུ་དྲག་ཏུ་འགྲོ་གི་ཡོད། དེར་དངོས་གནས་རྗེས་སུ་ཡི་རངས་ཡོད། ཚང་མས་ཁ་ལ་ཉན་ཏེ་གང་ཡོང་ཅི་ཡོང་གི་མཐུན་པོ་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། རྗེས་སུ་ཡི་རངས་ཡོད། ད་དུང་ཡིན་ནའང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར་ཚང་མས་གཟབ་གཟབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཆོས་ལུགས་ཕན་ཚུན་ལ་མི་མཐུན་པ་ཡོང་རྒྱུ་དང༌། དེ་བཞིན་ཆོལ་ཁ་ཕན་ཚུན་མི་མཐུན་པ་ཡོང་རྒྱུའི་གཞི་རྐྱེན་བྱེད་མཁན་ཞིག་འདུག་ན། ཆོས་ཀྱི་མིང་བཏགས་ཡོད་ནའང་འདྲ། ལྷ་ཡི་མིང་བཏགས་ཡོད་ནའང་འདྲ། མིའི་མིང་བཏགས་ཡོད་ནའང་འདྲ། ཚོགས་པའི་མིང་བཏགས་ཡོད་ནའང་འདྲ། གང་ལྟར་གཟབ་གཟབ་བྱེད་དགོས་པ་ཞིག་རེད། ཤེས་སོང་ངམ། ཕན་པ་གཅིག་འདུག་ན་འགྲིགས་པ་རེད། ཚང་མ་ལ་དགོས་ཀྱི་ཡོད། དེའི་ཐོག་ལ་འགལ་རྐྱེན་བྱེད་མཁན་ཞིག་འདུག་ན་ཆེ་ས་ལ་བསམ་བློ་གཏོང་དགོས་པ་ལས། ཆུང་ས་ལ་མགོ་འཁོར་རྒྱུ་མེད། དེ་ཚང་མས་སེམས་ལ་ངེས་པ་བྱེད་དགོས། ཚང་མར་བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ།། །།