སྤྱི་ལོ་༡༩༩༤ ལོར་བྷ་ར་ཁམ་བྷ་དེང་དུས་སློབ་གྲྭར་བཀའ་སློབ་གནང་སྐབས་ཀྱི་བཀའ་ལན།
དྲི་བ། བདེ་བ་དང༌། མི་ཚེ། རྣམ་མཁྱེན་བཅས་ཀྱི་གོ་དོན་ཅི་ཞིག་ཡིན་ནམ།
བཀའ་ལན། སོ་སོའི་ཉམས་མྱོང་ལ་དཔགས་ན་རང་ཉིད་ཡིད་ཚིམ་པ་དང༌། སེམས་ལྷིང་འཇགས། བདེ་བའི་ཚོར་བ་ཡོད་པ་བཅས་ཤེས་ཐུབ། བདེ་བ་ནི་བདེ་བ་རང་ཡིན་པས་མི་ཚང་མས་བདེ་བ་འཐོབ་ཆེད་འབད་བརྩོན་བྱེད་ཀྱི་ཡོད། རྩི་ཤིང་ལ་སྲོག་ཡོད་ཀྱང་ཚོར་བ་ཡོད་མེད་ངོས་རང་གིས་ཏན་ཏན་མི་ཤེས། ང་ཚོས་སེམས་ཅན་ཞེས་བརྗོད་སྐབས་བདེ་བ་དང་སྡུག་བསྔལ་མྱོང་ཐུབ་པའི་སྲོག་ལྡན་ཞིག་ལ་ངོས་འཛིན་བྱེད་པ་དང༌། ཕྱོགས་གཞན་ཞིག་ནས་ང་རང་ཚོས་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་ཐུབ།
ངས་སྔོན་ལ་རོབ་ཙམ་ཞུས་པ་བཞིན་རྣམ་མཁྱེན་ཅེས་པ་ནི་རྨོངས་པ་མ་རིག་པ་དང་སྒྲིབ་པའི་འགལ་རྐྱེན་ཅི་ཡང་མེད་པར་ཆོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིག་ལ་འཇོག ང་རང་ཚོའི་སེམས་གསལ་ཞིང་དྭངས་པའི་ཤེས་པ་ཕྲ་མོ་དེར་རྣམ་པ་ཐམས་ཅད་མཁྱེན་པ་ཆགས་རྒྱུའི་ནུས་པ་ཆ་ཚང་ཡོད་ཀྱང༌། ད་ལྟའི་ཆར་རྨོངས་པ་མ་རིག་པའི་དབང་གིས་འགལ་རྐྱེན་གྱི་ཆ་མང་པོ་ཞིག་ཡོད་སྟབས་ཤེས་བྱ་ཐམས་ཅད་མཁྱེན་ཐུབ་ཀྱི་མེད། ནམ་ཞིག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྐྱེན་ཐམས་ཅད་མེད་པ་ཆགས་པའི་ཚེ་ཤེས་བྱའི་ཆོས་ཐམས་ཅད་བྱང་ཆུབ་པའི་ནུས་སྟོབས་ཁྱད་པར་བ་ཡོངས་སུ་རྒྱས་པ་དེར་རྣམ་མཁྱེན་ཅེས་བརྗོད།
དྲི་བ། གཞན་གྱི་ཆེད་དུ་ཕ་རོལ་པོའི་ལས་གང་ཞིག་སོ་སོས་དང་དུ་བླངས་ཚེ་དེའི་འབྲས་བུ་རང་ཉིད་ཀྱིས་མྱོང་སྲིད་དམ།
བཀའ་ལན། སྤྱིར་ནང་པ་སངས་རྒྱས་པའི་གཞུང་ལྟར་ན་རང་གིས་མ་བྱས་པའི་ལས་ཀྱི་འབྲས་བུ་མྱོང་མི་དགོས་པ་དང༌། བྱས་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་རང་ཉིད་ཀྱིས་མྱོང་དགོས་པ་ལས་འབྲས་ཀྱི་འགྲོ་སྟངས་རེད། མཚམས་འདིར་དེ་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་གལ་ཆེན་པོ་མཐོང་སོང༌། སྡུག་བསྔལ་མྱོང་བཞིན་པའི་སྐབས་སུ་ན་ཟུག་རྒྱག་པ་དང༌། མི་བདེ་བ་སོགས་ཡོང་བར་མ་ཟད་འ་ཆད་འུ་ཐུག་སྟེ་སེམས་ཞུམ་པ་སོགས་ཡོང་གི་ཡོད། སྐབས་དེར་རྦད་དེ་སྡུག་བསྔལ་ཀྱི་ནང་དུ་མགོ་འཐོམས་ནས་དྲན་ཚོར་མེད་པར་ནག་ཐིང་ངེར་སྡོད།
སྙིང་རྗེ་ནི་སོ་སོ་རང་ཉིད་ལྟར་གཞན་ལ་ཡང་བདེ་བ་འདོད་པའི་ཐོབ་ཐང་འདྲ་མཉམ་ཡོད་པའི་ལྟ་སྟངས་དེའི་ཐོག་ནས་གཞན་གྱི་སྡུག་བསྔལ་ཁུར་དུ་ལེན་པ་དང་བརྗེ་ལེན་བྱེད་པ་ཞིག་ལ་འཇོག སྡུག་བསྔལ་མྱོང་བའི་སྐབས་སུ་བདེ་བོ་མེད་པ་དང་སྡོད་བཟོད་མི་བདེ་བ་ཡོང་ནའང༌། སྙིང་རྗེས་གཞན་གྱི་སྡུག་བསྔལ་ཤེས་པ་དང་སྡུག་བསྔལ་བརྗེ་ལེན་བྱ་རྒྱུའི་ཐག་བཅད་དེ་བཟོད་མི་བདེ་བ་རྣམས་དང་དུ་ལེན་གྱི་ཡོད། དེར་བརྟེན་མི་བདེ་བ་དང་བག་ཕེབས་པོ་མེད་པ་དེ་ཙམ་གྱིས་སེམས་ནང་ལ་རྗེས་ཤུལ་ནག་པོ་ཡོང་གི་མ་རེད། གནས་ཚུལ་ཆ་ཚང་རྟོགས་ནས་གཞན་གྱི་སྡུག་བསྔལ་བརྗེ་ལེན་བྱེད་པའི་སྐབས་སུ་ཤིན་ཏུ་གཟབ་དགོས།
དྲི་བ། ཏིང་ངེ་འཛིན་གྱི་ནང་ལ་ལུས་ཀྱི་ཆ་གཅིག་ནས་ཆ་གཞན་ཞིག་ལ་དམིགས་པ་ཁ་སྤོས་ཏེ་སྒོམ་པས་སེམས་ལ་དམིགས་བསལ་གྱི་འགྱུར་ལྡོག་ཅི་ཞིག་ཐེབས་སམ།
བཀའ་ལན། ལྷག་མཐོང་སྒོམ་པ་ལ་རིགས་མང་པོ་ཡོད་པ་ལས་ངའི་ཤེས་པ་ལ་དམིགས་ནས་ལྷག་མཐོང་སྒོམ་ལུགས་ཤིག་ཀྱང་ཡོད། ང་ཚོར་འདོད་ཆགས་སྐྱེས་པ་ན་ངའི་གཟུགས་པོའོ་སྙམ་པའི་རྣམ་རྟོག་གསལ་པོ་ཞིག་སྐྱེ་ཡི་ཡོད། ཚོར་སྣང་ལ་ལུས་དེ་རང་དབང་ཚུགས་ཐུབ་ཏུ་ཡོད་པར་སྣང་ནའང༌། གཟུགས་པོའི་ཆ་ཤས་འདྲ་མིན་ལ་དམིགས་ཏེ་བསྒོམ་པ་ན་རིམ་གྱིས་ཚུགས་ཐུབ་པའམ། ཧ་ཅང་རྩ་ཆེར་བརྩི་བའི་གཟུགས་པོའི་ངོ་བོ་བོར་བརླག་ཏུ་སོང་སྟེ། གཟུགས་པོ་ནི་རྡུལ་མང་པོ་འཚོགས་པའི་ཚོགས་པ་ཞིག་ཡིན་པ་ཤེས་ཐུབ། ལུས་ཀྱི་གནས་སྟངས་དེ་འདྲ་ཡིན་པར་ལན་གཅིག་རྟོགས་ཚེ་རྩ་ཆེན་པོ་དང༌། གཅིག་པུ། རང་དབང་ཚུགས་ཐུབ་ཏུ་འཛིན་པའི་བློ་རྒྱུན་མཐུད་ནས་སྡོད་མི་ཐུབ། ལུས་དྲན་པ་ཉེ་བར་གཞག་པའི་སྒོམ་དེ་ལུས་ཀྱི་ཆ་ཤས་མང་པོ་ཞིག་ལ་དམིགས་ནས་སྒོམ་དགོས། སྒོམ་གྱི་ནང་ནས་གལ་ཆེ་ཤོས་དང་ནུས་སྟོབས་ཆེ་ཤོས་དེ་སྟོང་པ་ཉིད་སྒོམ་པ་དེ་རེད
དྲི་བ། ང་ལ་སྒེར་གྱི་དྲི་བ་ཞིག་ཡོད། ངའི་མི་ཚེའི་ནང་ལས་དོན་མང་པོ་ཞིག་ལམ་ལྷོང་བྱུང་མ་སོང༌། འོན་ཀྱང་སྐབས་དེ་དག་ཏུ་གོམ་པ་རེ་རེ་ནས་སྐྱེད་བྱེད་ཀྱིས་ང་ལ་རོགས་པ་མང་པོ་བྱས་པར་མ་ཟད། སྐྱོན་ཆ་བྱུང་བ་དེ་དག་ལས་ང་རང་མི་ཡག་པོ་ཞིག་ཆགས་དགོས་པ་རེད་ཅེས་བསླབ་བྱ་མང་པོ་གནང་བ་ལ་བརྟེན་ནས། ནམ་རྒྱུན་རླུང་ལངས་པོ་ཡོད་ཀྱང་ཟླ་ཤས་རིང་ལྷིང་འཇགས་སུ་གྱུར་ཏེ་རླུང་ལངས་མ་སོང༌། ཡིན་ནའང་ད་ལྟའི་ཆར་ལས་ཀ་ཡག་པོ་རེག་པ་དང་ལས་དོན་ལམ་འགྲོ་ཡོད་ཀྱང་སྔར་གྱི་སྤྲོ་ཐུང་ཐུང་དེ་འགོ་ཚུགས་ཡོང་གི་འདུག ངའི་མི་ཚེའི་ནང་ལས་ཀ་དོན་ལྡན་ཞིག་བསྒྲུབ་འདོད་ཡོད་པ་འདི་སྐྱོན་རེད་དམ།
བཀའ་ལན། དྲི་བ་དེར་ལན་རྒྱག་ཁག་པོ་འདུག ཁྱོད་ཀྱི་གཞི་རྩའི་ཡིད་ཆེས་བྱེད་ས་ཅི་ཞིག་ཡིན་མིན་དང༌། འདས་པ། མ་འོངས་པ། དེ་བཞིན་འཚོ་བའི་ཐད་ལ་ལྟ་ཚུལ་ཅི་འདྲ་ཡོད་པ་ངས་ཤེས་མ་སོང༌། དེར་བརྟེན་ཁྱོད་ཀྱི་མི་ཚེ་འགྲོ་སྟངས་ཅི་འདྲ་ཡིན་མིན་ཤེས་ཀྱི་མི་འདུག རང་ཉིད་ཀྱི་མི་ཚེ་ལ་ལྟ་ཚུལ་ཅི་འདྲ་ཡོད་པ་དེ་ལ་དཔགས་ནས་བཅོས་ཐབས་འདྲ་མིན་ཡོད་ཀྱི་རེད། སྤྱིར་བཏང་ང་རང་ལ་དཀའ་ངལ་གྱི་རིགས་ནམ་བྱུང་གི་སྐབས་སུ། ངས་ང་དང་འདྲ་བར་མི་གཞན་ལ་ཡང་དཀའ་ངལ་གཅིག་མཚུངས་ཡོད་པ་རེད་སྙམ་གྱི་ཡོད། དེ་ལྟར་བསམ་བློ་གཏོང་དུས་དཀའ་ངལ་མང་པོ་ལས་གྲོལ་ཐུབ་པ་ཡོང་གི་འདུག
ད་དུང་ནམ་རྒྱུན་ནས་རྐྱེན་ངན་ཐབས་རྡུགས་བྱུང་སྐབས་དེའི་སྡུག་པའི་ཆ་ཙམ་མ་ཡིན་པར་དེའི་ལེགས་པའི་ཆ་ལའང་བསམ་བློ་གཏོང་གི་ཡོད། སྐབས་རེ་ལྟ་ཚུལ་དེས་ཆེས་བཟང་པོ་དང་ཆེས་མཐུན་པའི་ཉམས་ལེན་གྱི་ཕྱོགས་ལ་སེམས་བསྒྱུར་གྱི་འདུག དེར་བརྟེན་རྐྱེན་ངན་བྱུང་བའི་དུས་ཚོད་དང༌། གནས་སྟངས། རྐྱེན་དེ་དག་ལྟོས་ཚབས་ཧ་ཅང་ཆེན་པོ་ཡོད་པས། ཞིབ་ཚགས་པོས་རྐྱེན་དང་དུས་ཚོད་སོགས་ཀྱི་རྣམ་པ་ལ་བལྟས་ན་དེ་དག་ལས་ལེགས་པའི་ཆ་གཅིག་ངེས་པར་མཐོང་ཐུབ། སྐབས་དེ་དག་རང་བཞིན་ཡག་པོ་ཞིག་མིན་ཀྱང་དེ་དག་ལ་རྣམ་པ་འགའ་ཡག་པོར་མཐོང་བའི་རྐྱེན་གྱིས་བློ་ཞུམ་པ་སོགས་ཀྱི་ངར་ཤུགས་གཅོག་རྒྱུར་ཕན་ཐོགས་ཡོད། སོ་སོར་ཡིད་ཆེས་དང་གདེང་སྤོབས་བརྟན་པོ་ཡོད་དགོས་རྒྱུ་གལ་ཆེན་པོ་ཡིན།
འགྲོ་བ་མི་ལ་རྨད་དུ་བྱུང་བའི་སྙིང་སྟོབས་དང་ཤེས་རབ་ཡོད་པར་མ་ཟད། ནང་པ་སངས་རྒྱས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པར་འདོད། དེའི་ཐད་ལ་ང་ཚོས་གྲོས་བསྡུར་མ་བྱས་ཀྱང་སངས་རྒྱས་འགྲུབ་པའི་ནུས་པ་ལྡན་བཞིན་པ་ཡིན། གལ་སྲིད་ང་ཚོས་མིའི་རྣམ་དཔྱོད་དེ་བཟོད་བསྲན་དང་མཉམ་དུ་འབད་བརྩོན་དང་བེད་སྤྱོད་བཏང་ན་ཐེངས་དང་པོ་དང་གཉིས་པར་ལམ་འགྲོ་མ་བྱུང་ཡང༌། མཐར་རང་གི་དམིགས་ཡུལ་འགྲུབ་པའི་རེ་བ་ཆེན་པོ་ཡོད།
དྲི་བ། སློབ་དཔོན་མང་པོ་ཞིག་གིས་ལོ་གསུམ་ཡང་མི་འགོར་བར་སྐད་ཅིག་གཅིག་ལ་བདེན་པ་མཐོང་ཐུབ་པས། ལམ་བུལ་བ་ལ་ཞུགས་ཏེ་ཚོགས་གསོག་པ་སོགས་བྱེད་མི་དགོས་ཞེས་འགྲེལ་བརྗོད་གནང་བ་དང་སྦྲགས། ལམ་བུལ་བ་ལ་དགག་པ་རྒྱག་གི་འདུག་པས་ྋགོང་ས་མཆོག་གིས་དེ་ལ་འགྲེལ་བཤད་ཅིག་གསུང་རོགས་གནང༌།
བཀའ་ལན། མཚམས་རེར་དེ་འདྲ་ཡོང་གི་རེད། ཡིན་ནའང་རྒྱུ་རྐྱེན་མང་པོ་ཚོགས་པ་ལ་བརྟེན་ནས་འབྱུང་དགོས་པར་མ་ཟད། སྐབས་འགར་ཤིན་ཏུ་ལྐོག་ཏུ་གྱུར་བའི་སྒོ་ནས་མངོན་དུ་འགྱུར་བའམ། རྒྱུ་རྐྱེན་གྱི་ནུས་པ་ཡོངས་སུ་རྫོགས་པ་སྨིན་ན་རྟོགས་པ་དེ་མ་ཐག་ཏུ་འབྱུང༌། འདི་ལ་ཁྱད་དུ་འཕགས་པའི་ཆོས་ཀྱི་ཉམས་མྱོང་ངེས་པ་ཅན་སྔོན་དུ་འགྲོ་དགོས།
དྲི་བ། ཆོས་ལུགས་ཚང་མས་སྙིང་རྗེ་དང༌། བརྩེ་བ། བྱམས་སྐྱོང༌། སྤུན་ཟླའི་འདུ་ཤེས་ཀྱི་སྐོར་བཤད་ནའང༌། གླིང་ཆེན་པོ་འདིར་ཆོས་ཀྱི་མིང་ཁྱེར་ནས་དམིགས་བསལ་གྱིས་འཐབ་འཛིང་ཡོང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
བཀའ་ལན། སྐབས་མང་པོར་སྒེར་སོ་སོས་ཆོས་ལུགས་ཤིག་གི་མིང་ཁྱེར་ནས་འདོད་པ་ཚིམས་ནས་སྡོད་ཀྱི་ཡོད། དཔེར་ན། ངས་ང་ནང་པ་ཡིན་ཞེས་བཤད་ཀྱི་ཡོད་ལ། དེས་འདོད་པ་ཚིམས་ནས་བསྡད་ཡོད། མི་ཚོས་ཉིན་རེའི་འཚོ་བའི་ནང་ལ་ཉམས་ལེན་བྱེད་རྒྱུ་དང༌། ཀུན་སྤྱོད་བཟང་དུ་གཏོང་རྒྱུའི་བསམ་བློ་ཞིབ་ཏུ་གཏོང་བ་སོགས་ལ་དོ་སྣང་མི་བྱེད་པ་དང༌། ཆོས་ཕྱོགས་ནས་བཤད་པའི་དོན་དག་ངོ་མ་དེར་བསམ་བློ་གཏོང་གི་མེད། ངོས་རང་ལ་ཆ་མཚོན་ན། ནང་པའི་ཆོས་ནི་ངའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་སྣེ་འཁྲིད་མཁན་ཞིག་ཏུ་བསམ་གྱི་ཡོད། དེ་ནི་སོ་སོའི་བསམ་བློ་གཏོང་ཕྱོགས་དང་ཀུན་སྤྱོད་འཁྱེར་སྟངས་གཉིས་ཀར་བཟོ་བཅོས་བྱ་རྒྱུའི་ཐབས་ལམ་ཞིག་ཡིན་ནའང༌། མཚམས་རེར་མི་རྣམས་ཀྱིས་དེ་ཛ་དྲག་དང་གལ་ཆེན་དུ་བརྩི་ཡི་མེད།
དེ་འདྲ་ཡིན་སྟབས་གལ་ཏེ་ངས་ནང་པ་སངས་རྒྱས་པའི་ལྟ་སྤྱོད་གཞིར་བཟུང་ནས་བསྒྱུར་བཅོས་བྱེད་རྒྱུར་དོ་སྣང་མ་བྱས་པར་མུ་མཐུད་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ངའི་ཆོས་ལུགས་ཡིན་ཅེས་བཤད་ནས་བསྡད་ན། སོ་སོའི་ཆོས་ལུགས་ཀྱི་དབང་ཤུགས་ཆེ་རུ་གཏོང་ཆེད་སངས་རྒྱས་ཀྱི་ཆོས་ལུགས་བེད་སྤྱོད་གཏོང་བ་ཙམ་དེ་རེད། དེ་དང་ཆ་འདྲ་བར་ཁྱོད་རང་ཚོས་ང་ཡེ་ཤུ་ཡིན་ཅེས་བརྗོད་ཚེ་ཡེ་ཤུ་ཚང་མ་སོ་སོའི་རྒྱབ་རྩར་འབོད་སྐུལ་བྱེད་པ་ལྟ་བུ་ལས། གོམས་སྲོལ་དེས་སོ་སོའི་སེམས་ནང་འགུལ་བསྐྱོད་དང་འགྱུར་བ་གང་ཡང་གཏོང་མི་ཐུབ།
ཀུན་ནས་རྨོངས་པ་དང་ཁོང་ཁྲོ་ཆེན་པོའི་གཞན་དབང་དུ་སོང་བའི་མི་རྣམས་ཀྱིས་ཆོས་ལུགས་བེད་སྤྱོད་བཏང་ན་ཧ་ལས་པའི་ཆག་སྒོ་ཆེན་པོ་སློང་གི་ཡོད། ཆོས་པ་ཞིག་ཡིན་པའི་ཆ་ནས་སོ་སོར་ཞིབ་འཇུག་དང་ང་རང་ཉམས་ལེན་བྱེད་མཁན་ཞིག་དང༌། ཁ་ཞེ་གཉིས་མེད་ཀྱིས་གོམས་སྲོལ་དེའི་རྗེས་སུ་འབྲང་མཁན་ཞིག་ཡིན་བསམ་པ་ཡོད་དགོས། དེ་ལྟར་ཞུས་དག་བཏང་ན་རང་ཉིད་གཞན་དང་མི་འདྲ་བ་ཞིག་ཆགས་ཐུབ། སེམས་གཏིང་ནས་ཆོས་ཉམས་ལེན་བྱེད་མཁན་ཁ་ཤས་ཀྱིས་སོ་སོའི་ཆོས་ལུགས་གཅིག་པུ་ཡང་དག་པ་དང༌། གཞན་གྱི་ཆོས་ལུགས་རྣམས་ནོར་འཁྲུལ་ཅན་དུ་རྩི་མཁན་ཡང་ཡོང༌། དེ་ལྟར་ཡོང་རྐྱེན་ནི་ཆོས་ལུགས་དེ་དང་དེའི་བསླབ་བྱ་རྒྱག་སྟངས་ཀྱི་འབྲས་བུ་ཡིན་ནའང༌། སྤྱིར་བཏང་བྱས་ན་ཆོས་ལུགས་གཞན་དང་འབྲེལ་བ་མ་བྱས་པར། དེ་དག་གི་གཏིང་ཟབ་པའི་རིན་ཐང་མ་མཐོང་བ་དང༌། དེ་དག་གི་གནད་འགག་ཤེས་རྟོགས་མ་བྱུང་བ་བཅས་ལ་ཐུག་ཡོད། ཁ་ཆེ་དང་ཡེ་ཤུ་སོགས་ཆོས་ལུགས་གཞན་གྱི་ནང་ངོ་མཚར་སྐྱེ་འོས་པའི་མི་ཁྱད་པར་ཅན་དེ་འདྲ་ཡོད་པ་ཤེས་རྟོགས་བྱུང་ཚེ། ཆོས་ལུགས་གཞན་ལ་དག་སྣང་རང་ཤུགས་སུ་ཡོང་རྒྱུ་ཡིན། ཆོས་ལུགས་སོ་སོའི་རྗེས་འཇུག་པ་རྣམས་ཀྱིས་སོ་སོའི་ཆོས་ལུགས་ལ་ཁ་ཞེ་གཉིས་མེད་དང༌། ངོ་ལྐོག་མེད་པའི་ཉམས་ལེན་བྱེད་ཀྱི་ཡོད་མེད་སོ་སོར་ཞུས་དག་ངེས་པར་དུ་གཏོང་དགོས།
རྒྱུན་དུ་ཆོས་ལུགས་ཕན་ཚུན་བར་འབྲེལ་བ་མུ་མཐུད་པ་དང༌། ཕན་ཚུན་ལེགས་ཆ་སྤེལ་རེས་བྱེད་དགོས། དེ་རིང་ཞཽགས་པར་རྒྱལ་ས་དྷི་ལིར་འཛམ་གླིང་ཆོས་ལུགས་ཀྱི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཏུ་ཆོས་ལུགས་ཕན་ཚུན་རྒྱབ་མདུན་ངོ་ལྐོག་མེད་པར་དམ་ཚིག་མཐུན་པོ་ཡོང་བ་བྱེད་ཆེད། ཆོས་ལུགས་སོ་སོའི་འགོ་འཁྲིད་རྣམས་ཡང་ཡང་ལྷན་འཛོམས་གནང་རྒྱུ་དང༌། མཁས་དབང་ཁག་དང་ལྷག་དོན་ཉམས་མྱོང་ཅན་གྱི་མི་སྣ་ཚོའི་བར་བགྲོ་གླེང་ཚོགས་འདུ་ཡང་ཡང་འཚོགས་དགོས་ཞེས་བཤད་པ་ཡིན། གནད་ཡོད་ཀྱི་མི་སྣ་དེ་དག་བར་ཚོགས་འདུ་འཚོགས་རྒྱུ་གལ་ཆེན་པོ་འདུག ཆོས་ལུགས་སོ་སོའི་གཏིང་ཟབ་པའི་རིན་ཐང་ངོ་མ་ཤེས་རྟོགས་ཐུབ་ཚེ། དེར་མིའི་བསམ་བློའི་ནང་གི་ལྟ་ཚུལ་ངན་པའི་ཕྱོགས་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་པ་ཤེས་ཐུབ་པ་དང༌། ཆོས་ལུགས་སོ་སོའི་དབུ་ཁྲིད་རྣམས་ཕན་ཚུན་ངོ་ཤེས་ཆགས་པ་ཙམ་གྱིས་དགེ་མཚན་ཆེན་པོ་ཡོད།
དྲི་བ། མི་ཚེའི་ནང་ལ་སྙིང་རྗེ་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དང༌། སྙིང་རྗེ་དེ་ཉམས་ལེན་གྱི་ཐོག་ལ་ཇི་ལྟར་བསྒྲིལ་དགོས་སམ།
བཀའ་ལན། དེ་ནི་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་ཐོག་ནས་ཡར་རྒྱས་གཏོང་དགོས། རྒྱུན་དུ་དཔྱད་སྒོམ་གྱིས་སྙིང་རྗེ་ཆེན་པོའི་རིན་ཐང་དང་ཕན་ཐོགས་ཅི་འདྲ་ཡོད་མེད་ལ་ཞིབ་རྩད་དང་འབྲེལ། བརྩེ་བ་སྙིང་རྗེ་ཆེན་པོ་ཤུགས་ཆེན་པོ་ཆགས་སྐབས་སོ་སོའི་སེམས་ནང་ཡིད་ཆེས་བརྟན་པོ་ཞིག་རྙེད་ཡོང་བ་དང༌། དེའི་སྐབས་ཞེད་སྣང་གང་ཡང་མེད་པར་ཞི་བདེ་དང༌། བདེ་སྐྱིད། གདེང་ཚོད་དང་ལྡན་པ། བསམ་བློ་གུ་ཡངས། མི་གཞན་དང་འགྲོགས་འདྲིས་ཆེ་བ་གྲོགས་པོ་མང་ཞིང་གད་མོ་དགོད་མཁན་ཡང་མང་དུ་འགྲོ།
ཕྱོགས་གཞན་ནས་ཁོང་ཁྲོ་ལ་ཞིབ་འཇུག་གིས་དེར་རིན་ཐང་ཡོད་མེད་ཤེས་པ་བྱེད་དགོས། ཁོང་ཁྲོས་རང་ཉིད་དང་ནང་མིའི་བདེ་སྐྱིད་འཇོམས་པར་བྱེད་པར་མ་ཟད། རྒྱལ་ཁབ་དང་རྒྱལ་སྤྱིའི་བདེ་རྩའང་འཇོམས་པར་བྱེད། གལ་ཏེ་ལོ་གསུམ་གྱི་རིང་མཚམས་བཅད་ནས་ཁོང་ཁྲོ་བསྒོམ་པ་ཡིན་ན་ཞི་བའི་མྱོང་བ་རྩ་ནས་ཡོང་མི་ཐུབ་ཅིང༌། ནམ་ཡིན་ཀྱང་བཟོད་བདེ་པོ་མེད་པ་དང་མཐར་སོ་སོའི་ཟས་ཀྱི་དང་ག་དང་གཉིད་ཀྱང་མི་ཁུག་པར་མི་ཚེ་འཕྲོ་བརླག་ཏུ་འགྲོ་རྒྱུ་ཡིན།
འདིས་ཁོང་ཁྲོས་ཅི་ཞིག་བྱེད་ཀྱི་ཡོད་གསལ་པོར་བསྟན་པས་ཚན་རིག་པ་ལྟར། རྒྱུན་དུ་དགེ་བ་དང་མི་དགེ་བའི་ཕྱོགས་གཉིས་ཀར་ཞིབ་འཇུག་གི་ལས་ཀ་ཧུར་ཐག་བྱེད་དགོས་པ་དང༌། དེ་བརྒྱུད་ནས་མི་དགེ་བའི་ཕྱོགས་སྤོང་ཐབས་དང༌། རྣམ་དཀར་དགེ་བའི་ཡོན་ཏན་གྱི་ཕྱོགས་ཡར་རྒྱས་གཏོང་རྒྱུར་བརྩོན་པ་བསྐྱེད་དགོས། དེ་དང་འདྲ་བར་ང་ཚོས་སེམས་ཀྱི་སྐོར་བཤད་སྐབས་སེམས་ནི་ཡན་གར་བའི་ངོ་བོ་ཙམ་ཞིག་མིན་པར་ནང་གསེས་བྱེ་བྲག་མི་འདྲ་བ་མང་པོ་ཡོད། རིགས་གཅིག་ནི་སྨན་བཞིན་ཡག་པོ་ཡོད་པ་དང་ཁ་ཤས་ནི་དུག་ལས་སྡུག་པ་ཡོད། ཕྱིའི་དངོས་པོར་མཚོན་ན་ཅ་ལག་ཡག་པོའི་ཆ་རྣམས་ཉར་བ་དང་སྡུག་པའི་ཆ་རྣམས་དོར་བ་བཞིན། སེམས་ལ་ཡང་དེ་དང་འདྲ་བའི་དབྱེ་བ་འབྱེད་རྒྱུ་ཡོད། ཤེས་པ་གང་ཞིག་གིས་སོ་སོའི་སེམས་ལ་ཞི་བདེ་དང༌། ལྷག་བསམ། ནུས་སྟོབས་དང་གྲོགས་པོ་མང་པོ་འདྲེན་ཡོང་ཚེ་སེམས་དེ་ཡག་པོ་དང༌། སེམས་གང་ཞིག་གིས་མཐའ་མར་སྡུག་ལ་སྦྱོར་ན་དེ་མི་དགེ་བའི་སེམས་ཡིན་པས་དེ་ལ་ཞིབ་འཇུག་ནན་པོ་བྱེད་དགོས། དེ་ལྟར་དཔྱད་སྒོམ་བྱེད་པ་བརྒྱུད་སེམས་ལ་ཡིད་ཆེས་དང་བརྟན་ཆ་རྙེད་པ་དེའི་ཚེ་ཡུད་ཙམ་གྱི་རིང་སེམས་མཉམ་པར་བཞག གལ་ཏེ་ཆོས་པ་ཞིག་ཡིན་ཚེ་དེའི་སྐབས་གཟུངས་སྔགས་བསགས་ན་འགྲིག འདི་ནི་དཔྱད་སྒོམ་གྱི་འགྲོ་སྟངས་ཡིན་པས་དེའི་མཇུག་ཏུ་འཇོག་སྒོམ་བྱེད་དགོས། སེམས་ཀྱི་བརྟན་ཆ་དང་ཡིད་ཆེས་ཀྱི་འཕངས་དམའ་རུ་འགྲོ་སྐབས་སླར་ཡང་དཔྱད་སྒོམ་བྱེད་དགོས།
དྲི་བ། གལ་ཏེ་མི་ཞིག་སྡུག་བསྔལ་གྱིས་གཟིར་བ་འདི་སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུ་ཡིན་པ་ཤེས་ནའང༌། སྡུག་བསྔལ་གྱི་ཚོར་བ་བཟོད་མ་ཐུབ་ན་དེ་ལ་ཐབས་ཅི་ཞིག་བྱེད་དགོས་སམ། སྨོན་ལམ་བརྒྱབ་ན་ཕན་ཐོགས་ཡོད་དམ།
བཀའ་ལན། ནང་པ་སངས་རྒྱས་པ་ལྟ་བུ་ལ་གོམས་སྲོལ་ཁ་ཤས་ཡོད་དེ། སྔར་བྱས་ཀྱི་མི་དགེ་བའི་ལས་ལ་འཐོལ་བཤགས་བྱེད་རྒྱུ་འདི་ཐབས་ལམ་གཅིག་ཡིན། གསང་སྔགས་ཐེག་པའི་གཞུང་ལུགས་རྣམས་སུ་སྡུག་བསྔལ་གྱིས་མནར་བའི་སྐབས་སུ་ཡིག་བརྒྱ་ལྟ་བུའི་གཟུངས་སྔགས་འདྲ་མིན་བཟླ་བ་དང༌། སྐུ་བརྙན་བཞེངས་པ་སོགས་སྡུག་བསྔལ་གྱི་རྒྱུ་སྡིག་པ་དག་ཐབས་མང་པོ་གསུངས་ཡོད། ཆོས་ལུགས་མང་པོ་ཞིག་གི་གོམས་སྲོལ་ལ་སྦྱིན་པའི་ཉམས་ལེན་ཡང་མང་པོ་ཡོད། དེའི་ཐོག་གསོལ་བ་སྨོན་ལམ་བཏབ་ན་ཕན་ཐོགས་ཡོད།
དྲི་བ། ནམ་རྒྱུན་སོ་སོར་མནར་གཅོད་དང་ཐུབ་ཚོད་གཏོང་མཁན་དེར་སྙིང་རྗེ་སྐྱེ་ཐུབ་བམ། དེར་སྙིང་རྗེ་སྐྱེ་རུང་ངམ།
བཀའ་ལན། དེ་ལྟར་ཡིན་པར་མ་ཟད་གལ་ཡང་ཧ་ཅང་ཆེན་པོ་ཡིན། གནོད་པ་བྱེད་མཁན་གྱི་དགྲའམ་གནོད་པའི་ལས་རྩོམ་མཁན་གྱི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང༌། དེ་དག་ནི་གང་ཟག་སྒེར་གཅིག་ལ་དམིགས་པའི་ལྟ་ཚུལ་གདུག་པ་ཅན་ཡོད་པ་ཞིག་ཡིན་རུང༌། ཁོང་ཚོར་ཡང་སྡུག་བསྔལ་སེལ་བ་དང༌། བདེ་བ་བསྒྲུབ་པའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པར་བསམ་དགོས། ལྟ་ཚུལ་འདི་རྩ་བར་བཞག་ནས་རང་ལ་གནོད་འཚེ་བྱེད་མཁན་དེ་དག་ལ་དམིགས་ཏེ་སྙིང་རྗེའི་བསམ་པ་གོང་དུ་སྤེལ་དགོས། དེ་འདྲའི་གང་ཟག་ལ་སྙིང་རྗེ་སྒོམ་དགོས་པ་འདི་དགྲ་བོའི་མདུན་ཏུ་མགོ་སྒུར་དགོས་ཟེར་བ་མིན། ཞུམ་པའི་བློ་དང་སྙིང་རྗེ་གཉིས་ཀྱི་རྒྱུ་མཚན་སོ་སོར་ཡོད། གཞི་དེར་སྙིང་རྗེ་སྐྱེ་འོས་པའི་རྒྱུ་མཚན་དང༌། སྐབས་རེར་དགྲ་བོར་གདོང་ལེན་བྱེད་དགོས་པའི་ཚུལ་གཉིས་གནས་ཚུལ་ཐ་དད་ཡིན།
དྲི་བ། སྡུག་བསྔལ་སྤོང་རྒྱུར་འབད་བརྩོན་བྱེད་དགོས་དོན་ཅི་ཡིན་ནམ། སྡུག་བསྔལ་ནི་བདེ་བ་དང་མཚུངས་པར་མི་ཚེའི་ནང་དགོས་ངེས་ཅན་གྱི་ཆ་ཤས་ཤིག་མ་རེད་དམ།
བཀའ་ལན། གལ་ཏེ་ཉིན་རེའི་མི་ཚེའི་ནང་གི་སྡུག་བསྔལ་གྱིས་འདོད་པ་ཚིམ་གྱི་ཡོད་ན་དེ་ནི་ཡག་པོ་ཡིན། སྡུག་བསྔལ་སྤོང་བའི་འབད་བརྩོན་བྱེད་མི་དགོས་ལ་སེམས་ཁྲལ་ཡང་བྱེད་དགོས་དོན་མེད།
དྲི་བ། ྋགོང་ས་མཆོག་ Baba Amti བྷ་བྷ་ཨམ་ཏིའི་སྐྱོབ་གསོ་ཁང་དུ་ཕེབས་མྱོང་བར་བརྟེན། བྷ་བྷ་ཨམ་ཏི་ནི་ཨ་ནན་ཏར་ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་མི་དམངས་སྐྱོ་བོ་དང༌། མཛེ་ནད་ཅན་སོགས་ལ་སྐྱོབ་གསོའི་ལས་འགུལ་སྤེལ་མཁན་སྙིང་རྗེས་ཕྱུག་པའི་མི་ཞིག་ཡིན། བྷ་བྷས་སྙིང་རྗེ་ཉམས་ལེན་བྱས་ཏེ་སྤེལ་བའི་ལས་འགུལ་ལས་ང་ཚོས་ལེགས་ཆ་ལེན་དགོས་པ་ཅི་ཞིག་ཡོད་འགྲེལ་བཤད་གནང་རོགས།
བཀའ་ལན། ཁ་ཡོད་ལག་ཡོད་ཀྱི་བྱམས་སྙིང་རྗེ་ནི་རྒྱ་གར་ཡར་རྒྱས་འགྲོ་རྒྱུའི་ཐབས་ལམ་ཡག་པོ་ཞིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཡར་རྒྱས་གཏོང་བར་བཟོ་གྲྭ་དང་འཕྲུལ་འཁོར་མེད་དུ་མི་རུང་བ་ཡིན། འཛུགས་སྐྲུན་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་རུང༌། གྲོང་ཁྱེར་གྱི་ཉེ་འཁྲིས་སུ་བཟོ་གྲྭ་ཁ་ཤས་ཡོད་ཙམ་གྱིས་མི་འགྲིག་པར། རྒྱ་གར་བཅོས་བསྒྱུར་གཏོང་རྒྱུ་ནི་དངོས་ཡོད་བྷ་བྷ་ཨམ་ཏིའི་ལས་འགུལ་ལྟ་བུ་བརྒྱུད་ནས་གཤམ་འོག་གི་མི་སེར་སྐྱོ་བོ་དཀྱུས་མ་རྣམས་ཡར་རྒྱས་གཏོང་དགོས།
སྔར་ས་ཆ་དེར་གཞིས་ཆགས་སོགས་གང་ཡང་མེད་པའི་མི་མེད་ལུང་སྟོང་ཞིག་ཡིན་པར་བརྗོད་སོང༌། ད་ལྟའི་ཆར་ལུང་པ་དེའི་མི་རྣམས་རང་ཉིད་མིའི་གྲས་སུ་ཚུད་པའི་སྤོབས་པ་དང༌། བློ་ནུས་དང་ལྡན་པའི་མིས་ཁེངས་པའི་གྲོང་སྡེ་ཞིག་ཏུ་གྱུར་འདུག གཞིས་ཆགས་གསར་པ་དེས་ང་ལ་དམིགས་བསལ་གྱི་སེམས་འགུལ་ཆེན་པོ་ཐེབས་བྱུང༌། ངོས་རང་གཞིས་ཆགས་དེར་ལྟ་སྐོར་བྱེད་སྐབས་མཛུབ་མོ་གཉིས་ལས་མེད་པའི་མི་ནད་པ་ཞིག་གིས་ཐོ་བ་ཤུགས་ཆེན་པོ་གཞུས་ཏེ་ལས་ཀ་བྱེད་པ་མཐོང་བྱུང༌། ངའི་སེམས་སུ་ང་འདིར་ཡོད་སྟབས་ཁོས་ནུས་ཤུགས་ཆེ་རུ་བཏང་བ་མིན་ནམ་སྙམ་པ་དང༌། ཐོ་བ་ཤུགས་ཆེན་པོ་གཞུ་སྐབས་ཁོའི་ལག་པར་འཁེལ་མི་ཡོང་ངམ་སྙམ་ནས་བློ་གཡེང་ཡང་བྱུང༌། གང་ལྟར་ས་ཆ་དེར་རིགས་མཐོ་དམའ་མེད་པར། ཚང་མ་འདྲ་མཉམ་གྱི་གནས་སྟངས་ངང་རང་གི་མི་ཚེའི་རིན་ཐང་མངོན་པར་བྱེད་ས་ཞིག་ཏུ་གྱུར་འདུག ངོས་ནས་ཚམ་ཚོམ་མེད་པར་མི་རྣམས་ལ་ལག་པ་བཏང་བ་ཡིན། དེར་ཡིད་དབང་འཕྲོག་ནས་སེམས་འགུལ་ཆེན་པོ་ཐེབས་སོང༌།
དྲི་བ། ཅིའི་ཕྱིར་ང་ཚོ་འཇིག་རྟེན་འདིར་ཡོང་བ་ཡིན་ནམ།
བཀའ་ལན། རང་བྱུང་ནི་རང་བྱུང་རང་ཡིན་པས་དེ་ལ་ལན་དམིགས་བསལ་མེད།
དྲི་བ། ྋགོང་ས་མཆོག་གིས་རྐྱེན་གཙོ་བོ་ཡང་དག་པའི་ཀུན་སློང་རེད་ཅེས་གསུངས་སོང་ན། ཀུན་སློང་ཡག་པོ་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་སམ།
བཀའ་ལན། ངོས་རང་གི་བསམ་པར་དེའི་སྐོར་འགྲེལ་བརྗོད་བྱས་ཟིན་པ་བཞིན། སོ་སོའི་འདས་པའི་ཉམས་མྱོང་རྩ་བར་བཞག་ནས་དེ་དག་ལ་ཞིབ་འཇུག་བྱས་པ་དང༌། སེམས་ལ་སྦྱོང་བརྡར་བྱེད་པ། དེ་བཞིན་མ་ཧཱ་ཏི་མ་གྷན་དྷི་དང༌། བྷ་བྷ་ཨམ་ཏི་ལ་སོགས་པའི་གང་ཟག་གཞན་གྱི་འདས་པའི་ཉམས་མྱོང་སོགས་ལ་མིག་དཔེ་བལྟས་ཏེ་ཀུན་སློང་ཡར་རྒྱས་གཏོང་དགོས།
ངོས་རང་བྷ་བྷ་ཨམ་ཏི་དང་ཐུག་སྐབས་ཁོ་རང་གི་གཟུགས་པོར་དཀའ་ངལ་ཡོད་ཀྱང༌། ཞལ་རས་ལ་མིའི་རིན་ཐང་དང༌། སྙིང་སྟོབས་བཅས་ཀྱི་འཛུམ་པ་ལྡན་ཞིང༌། གཞན་ཡིད་དབང་མེད་དུ་འགུག་ཐུབ་པའི་གཟི་བྱིན་གྱིས་ཁེངས་འདུག དེ་ནི་བརྩེ་བ་སྙིང་རྗེ་ཆེན་པོ་དང་སྙིང་སྟོབས་ཀྱི་འབྲས་བུ་རེད། ཧི་ཊི་ལར་དང་མའོ་ཙེ་ཏུང་ལྟ་བུར་དབང་ཤུགས་ཧ་ཅང་ཆེན་པོ་ཡོད་ཀྱང་བསམ་བློའི་ནང་ལ་ཁོང་ཁྲོ་དང་དོགས་པས་ཁེངས་ཏེ་ཡོད། ལྷག་པར་མའོ་ཙེ་ཏུང་ནི་ལས་དོན་གང་ལའང་གདེང་ཚོད་ཡོད་པའི་མི་བསམ་བློ་ཤིན་ཏུ་གཏིང་ཟབ་གཏོང་མཁན་ཞིག་ཡིན་ནའང༌། རང་དང་འཆམ་ཤོས་ཀྱི་གྲོགས་པོ་ཚོར་ཡང་དོགས་ཟོན་བྱེད་མཁན་ཞིག་རེད། སྐྱེ་བོ་སུ་ཞིག་གི་བསམ་བློའི་ནང་དོགས་པ་དང་ཁོང་ཁྲོ་ཡོད་ཕྱིན་མི་དེར་བདེ་སྐྱིད་མི་འོངས་པ་ངེས་ཅན་ཡིན། མི་ཚེའི་འཚོ་བའི་ནང་ལ་བདེ་སྐྱིད་འདོད་མཁན་ཚང་མའི་བསམ་བློའི་ནང་བརྩེ་བ་སྙིང་རྗེ་ཆེན་པོ་ཡོད་རྒྱུ་ཧ་ཅང་གལ་ཆེ།
དྲི་བ། མིའི་གྲངས་འབོར་ཧ་ཅང་འཕར་ཤུགས་ཆེ་བས་མིའི་གྲངས་འབོར་འགོག་པའི་ཐབས་ཤེས་ཡག་ཤོས་གང་ཞིག་ཡིན་ནམ། ནང་པའི་གཞུང་ལུགས་ནང་སྐྱེ་སྒོ་འགོག་པའི་ཐབས་ཤེས་བྱ་རྒྱུ་ཡོད་དམ་མེད།
བཀའ་ལན། གྲྭ་པ་དང་ཨ་ནེ་མང་ཙམ་བཟོ་རྒྱུ་དེ་ཡིན། ངས་དེ་ནི་འཚེ་བ་མེད་པའི་སྐྱེ་སྒོ་འགོག་ཐབས་སུ་བརྩི་ཡི་ཡོད་ལ། དགོས་མཁོ་ཡོད་པ་ཞིག་ཀྱང་ཡིན།<
དྲི་བ། ྋགོང་ས་མཆོག་ཐོག་མར་རྗེའུ་རུ་སི་ལམ་གྱི་དུས་ཆེན་ལ་ཕེབས་སྐབས་ཆོས་ལུགས་ཕན་ཚུན་གྱི་འབྲེལ་བའི་ཐོག་ལ་གསུང་འཕྲིན་ཅི་ཞིག་གནང་རྩིས་ཡོད།
བཀའ་ལན། ངོས་ཀྱིས་ལོ་ཤས་སྔོན་ནས་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཆེད་གོམ་པ་མདུན་སྤོས་ཀྱི་ལས་འགུལ། དཔེར་ན། ཆོས་ལུགས་ཁག་གི་མི་སྣ་དང་ལྷན་དུ་ཆོས་ལུགས་འདྲ་མིན་གྱི་གནས་ཆེན་ཁག་ལ་གནས་མཇལ་དུ་བསྐྱོད་འགོ་བཙུགས་ཏེ། ཆོས་ལུགས་ཀྱི་མི་སྣ་དང་མཉམ་དུ་གནས་དེ་དང་དེར་ཁུ་སིམ་པོའི་ངང་སྨོན་ལམ་འདེབས་པ་སོགས་བྱས་པ་འདི་ནི་དམིགས་བསལ་གྱི་ཉམས་མྱོང་ཞིག་ཡིན།
ངོས་ཀྱི་ལས་འགུལ་འདི་དང་ཐོག་ཝ་ར་ཎཱ་སི་ནས་འགོ་བཙུགས་པ་དང༌། དེའི་རྗེས་མའི་ལོར་ཀེ་ར་ལར་ཏིར་བྷ་དྷི་རམ་ལ་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་དང༌། ཡེ་ཤུའི་ལྷ་ཁང༌། ཧིན་དྷུའི་ཚོགས་བདག་གླང་སྣའི་ལྷ་ཁང་བཅས་ལ་གནས་སྐོར་དུ་འགྲོ་རྒྱུའི་གོ་སྐབས་བྱུང་སོང༌། སྐབས་དེར་ངས་དངུལ་གྱི་ཚོགས་བདག་གླང་སྣའི་སྣང་བརྙན་འདྲ་ཆགས་པོ་ཞིག་མཐོང་བ་དང༌། སེམས་སུ་ཚོགས་བདག་གླང་སྣའི་གྲོད་ཁོག་དེ་འདྲའི་ཆེ་བ་ལ་ཨང་སྙམ་པ་དང༌། ངས་རྗེས་སུ་དངུལ་ཏོག་ཙམ་གསག་དགོས་སྙམ་སོང་ཡང༌། ད་བར་དངུལ་བསགས་མེད། གང་ལྟར་ངོས་རང་ཚོགས་བདག་གླང་སྣ་ལ་དགའ་པོ་ཡོད།
ཁ་ཆེའི་ལྷ་ཁང་ནང་ཁ་ཆེའི་ཆོས་གྲོགས་སྤུན་ཟླ་ཚོ་དང་ལྷན་དུ་སྨོན་ལམ་འདེབས་རྒྱུའི་གོ་སྐབས་ཐེངས་དང་པོ་ཐོབ་པ་དང༌། དེ་དུས་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་པ་རྣམས་མཉམ་དུ་ཚོགས་ཏེ་སྨོན་ལམ་འདེབས་པ་སོགས་བྱེད་པ་ནི་ཆོས་ལུགས་ཕན་ཚུན་བར་འབྲེལ་བ་དམ་ཟབ་ཡོང་བའི་ཐབས་ལམ་ཡག་ཤོས་རེད་སྙམ་པ་བྱུང༌།
ངས་དེ་སྔ་ལོ་མང་སྔོན་རྗེའུ་རུ་སི་ལམ་མཇལ་བ་ནས་བཟུང་དེ་ལྟ་བུའི་གནས་རྩ་ཆེན་ཡོད་སར་འགྲོ་འདོད་ཧ་ཅང་ཆེན་པོ་བྱུང༌། ཉེ་ཆར་ངས་ཧཕ་རན་སིའི་ལོར་དྷིས་ཞེས་པའི་ས་ཆར་བསྐྱོད་སྐབས་མའི་རིའི་སྣང་བརྙན་མཇལ་བྱུང༌། གནས་དེ་ཧ་ཅང་ཡ་མཚན་ཆེན་པོ་འདུག ང་རང་ནང་པ་ཡིན་པ་ལས་ཡེ་ཤུ་མིན། ནང་པས་འཇིག་རྟེན་བཀོད་པ་པོ་ནི་ཐམས་ཅད་ཀྱི་བྱེད་པོ་ཡིན་པར་ཁས་ལེན་གྱི་མེད། ཡིན་ནའང་ངས་ཡེ་ཤུའི་ཆོས་ལུགས་ཀྱིས་གཙོས་པའི་ཆོས་ལུགས་ཚང་མའི་ལམ་དང་ལུགས་སྲོལ་ལ་སྙིང་ཐག་པ་ནས་གུས་བཀུར་ཞུ་ཡི་ཡོད། ངོས་རང་ས་གནས་དེར་བསྐྱོད་སྐབས་ཧ་ཅང་ཡིད་ཚིམ་པོ་བྱུང་ལ། གནས་དེ་ཡང་དངོས་གནས་ཡ་མཚན་ཆེན་པོ་འདུག གལ་སྲིད་ང་ལ་གོ་སྐབས་བྱུང་ན་ Mecca མའི་ཀ་ལ་འགྲོ་འདོད་ཡོད། འོན་ཀྱང་གོ་སྐབས་ནམ་ཐོབ་མིན་མི་ཤེས། ཆོས་ལུགས་འདྲ་མིན་ཁག་གི་མི་སྣ་དང་ལྷན་ཏུ་རྗེའུ་རུ་སི་ལམ་ལ་འགྲོ་འདོད་ཀྱང་ཆེན་པོ་ཡོད་དང་ཡོད་བཞིན་པ་ཡིན།
དྲི་བ། ང་ཚོ་འགྲོ་བ་མི་གཅིག་མཚུངས་ཡིན་སྟབས་ཁྱོད་དང་ང་ལ་ཁྱད་པར་ཅི་ཞིག་ཡོད་དམ།
བཀའ་ལན། ངོས་ཀྱི་བསམ་པར་འུ་ཅག་གཉིས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་སྙམ། རྒྱུ་མཚན་ནི་ཁྱོད་ནི་ཁྱོད་རང་དང༌། ང་ནི་ང་རང་ཡིན