ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དོལ་རྒྱལ་སྐོར་གྱི་བཀའ་སློབ།
༄༅། །དེ་ནས་ང་རང་ཚོས་ཤེས་དགོས་པ་ཞིག་ལ། སྔོན་དུ་ལབ་པ་བཞིན་བོད་སྤྱི་པའི་དོན་དག་ཟེར་བ་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་རང་དབང་གི་འཐབ་རྩོད་རེད་མ་གཏོགས་ཆབ་སྲིད་ཀྱི་གནས་ཚུལ་རྐྱང་པ་ཞིག་མ་རེད། རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་ག་ལ་ཡིན། སྤྱིར་བཏང་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བསྒྲུབ་དགོས་ཟེར་བ་དེར་གནད་འགག་ཆགས་ཡོད། བྱེ་བྲག་ཏུ་ད་ལྟའི་སྐབས་ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་བོད་སྤྱི་པའི་ལས་འགན་འཁྱེར་མཁན་བོད་གཞུང་གཅིག་ཡོད་པ་དེ། རྩ་བ་འཛིན་ས་དགའ་ལྡན་ཕོ་བྲང་ཟེར་བ་དེ་ཆགས་བསྡད་ཡོད། ངས་ཁ་སང་འགྲེལ་བཤད་བརྒྱབ་པ་བཞིན། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཙུགས་པ་དེ་ཆགས་ཡོད་པ་རེད། ང་ཚོ་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བོད་སྤྱི་པའི་དོན་དག་སྒྲུབ་སྐབས་ལྷ་ཟེར་བ་དཀར་ཕྱོགས་སྐྱོང་བའི་སྲུང་མ་སྤྱི་དང༌། བྱེ་བྲག་སྐབས་སུ་བབས་པ་དེ་སྲུང་མ་དམར་ནག་གཉིས་ཟེར་གྱི་ཡོད་པ་རེད། དཔལ་ལྡན་ལྷ་མོ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐབས་ནས་བཟུངས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། སྲུང་མ་ནག་པོ་བརྩི་ཡུལ་དེ་དཔལ་ལྡན་ལྷ་མོ་ཡིན་པ་རེད། སྲུང་མ་དམར་པོ་ནི་སྤྱིར་བཏང་ལྕམ་སྲིང་ལ་ཡང་བརྩི་རྒྱུ་ཡོད་པ་རེད། ཡིན་ནའང་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་བརྩི་ཡོང་དུས་སྲུང་མ་དམར་པོ་དེ་གནས་ཆུང་རྡོ་རྗེ་གྲགས་ལྡན་རེད། དགའ་ལྡན་ཕོ་བྲང་གི་སྐབས་བབས་བསྟེན་པའི་སྲུང་མ་དམིགས་བསལ་གྱི་ལས་འགན་ཡོད་པ་སྲུང་མ་དམར་ནག་གཉིས་པོ་དེ་ཆགས་བསྡད་ཡོད་པ་རེད། དེ་ཡང་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཤེས་སོང་ངམ། དེ་མིན་པའི་སྐད་ཆ་གསལ་པོ་བཤད་པ་ཡིན་ན། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཐ་དད་རེད། ཐུན་མོང་གདུལ་བྱའི་སྣང་ངོར་གང་ལྟར་འགལ་ཟླ་ཤོར་བསྡད་པ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཐོག་ནས་ལོ་རྒྱུས་ཡོད་པའི་རྒྱལ་ཆེན་ཤུགས་ལྡན་ཟེར་བ་འདི། ངེས་པ་དོན་གྱི་གནས་ཚུལ་ཐ་དད་སོ་སོ་རེད། ས་ལ་གནས་པའི་སེམས་དཔའ་ཚོའི་སྤྱོད་ཡུལ་རེད་མ་གཏོགས། ང་རང་ཚོ་ལས་དང་པོ་བས་ཤེས་ཐུབ་ཀྱི་མ་རེད། ལས་དང་པོ་བས་སྤང་བླང་འཇུག་ལྡོག་གང་འདྲ་བྱེད་དགོས་སམ་ཞེ་ན། ཐུན་མོང་གདུལ་བྱ་རྣམས་ལ་སྣང་ཚུལ་གང་བྱུང་བ་དེ་གཞིར་བཞག་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན། ཞེས་བཀའ་བསྩལ༎