གེ་སར་ལྷ་སྡེའི་གདུང་ལས་གཙང་ཡུལ་དུ། །
བལྟམས་ཤིང་མཁྱེན་རླབས་བརྟན་པའི་འཁོར་ལོའི་ཟླས། །
འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་བ། །
བློ་བཟང་འཇམ་དཔལ་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཀྲ་ཤིས་ལྷུན་པོར་གདན་དྲངས་ཏེ་པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཞེས་གསོལ་དང༌། ཆུ་རྟ་ཕྱི་ལོ་ ༡༧༦༨ ལོར་བཀྲ་ཤིས་ལྷུན་པོ་ནས་ཕེབས་བསུ་རྒྱ་ཆེན་དང་བཅས་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་ལོ་གསུམ་གྱི་རྗེས་སུ་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། རིགས་ལམ་སོགས་གཞུང་ཆེན་ལ་ཐོས་བསམ་མཛད་དེ་བླ་མའི་རྣལ་འབྱོར་སོགས་ཀྱི་བཤད་ལུང་སྩལ།
ཕྱི་ལོ་ ༡༧༧༧ ལོར་དགེ་སློང་གི་སྡོམ་པ་བཞེས། ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་བོད་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནའང༌། རྒྱུན་དུ་ཆོས་ཕྱོགས་ཀྱི་ཉམས་བཞེས་ཁོ་ནར་གཞོལ་ཆེ་བས། ཆབ་སྲིད་ཀྱི་ཐུགས་འགན་ཕལ་མོ་ཆེར་སྲིད་སྐྱོང་ཚེ་སྨོན་གླིང་པས་ཕྱག་རོགས་གནང༌། ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་ནོར་གླིང་བསྐལ་བཟང་ཕོ་བྲང་གསར་བཞེངས་གནང་བ་ནས་བཟུང་ྋརྒྱལ་དབང་རིན་བྱོན་རྣམས་ཀྱིས་དབྱར་དུས་སུ་བཞུགས་གནས་མཛད། ྋརྒྱལ་དབང་མཆོག་ནས་ཉེན་གཡོལ་དུ་ཕེབས་པའི་དགེ་འདུན་པའི་སླད་ཕྱི་ལོ་ ༡༧༩༠ ལོར་གྲིབ་ཚེ་མཆོག་གླིང་གི་དགོན་པ་ཕྱག་བཏབ། ྋརྒྱལ་དབང་འདིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་དང༌། བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་བསྒྲིགས་སོགས་གསུང་ཆོས་དུ་མ་མཛད། མཐར་ཤིང་བྱི་ཕྱི་ལོ་ ༡༨༠༤ ལོར་དགུང་གྲངས་ ༤༦ ཐོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།།