༄༅། །ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སེ་ར་ཐེག་ཆེན་གླིང་གི་ཆོས་སྒར་དུ་སེར་སྐྱ་མང་ཚོགས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དོལ་རྒྱལ་གྱི་སྐོར་ལ་ན་ནིང་ང་འདིར་ཡོང་དུས་སྐད་ཆ་བྱུང་ཡོད། དགོན་པའི་ནང་ལ་ཆ་བཞག་ན་ལོ་མང་པོའི་གོང་ནས་ང་ཚོ་སྐད་ཆ་འདི་བྱུང་ཡོད། དེ་ནས་འབྲས་སྤུངས་ཆོས་སྒར་དུ་ལམ་རིམ་ཆེན་མོ་བཤད་པའི་སྐབས་སུ་ནན་པོ་བྱས་ནས་བཤད་པ་ཡིན། གང་ལྟར་འདས་པའི་ལོ་བཅོ་བརྒྱད་བཅུ་དགུ་ཧ་ལམ་ཉི་ཤུ་མ་ཟིན་ཙམ་ཞིག་གི་རིང་གནས་ཚུལ་འདི་གླེང་ལྷག་བྱུང་ཡོད། དེར་བརྟེན་གནས་ཚུལ་འདི་གསང་བ་གང་ཡང་མིན། འོན་ཀྱང་ན་ནིང་ང་ཚོ་འདིར་ཐུག་ནས་ད་ལྟའི་སྐད་ཆ་འདི་རོབ་ཙམ་བྱུང་བ་རེད། དེའི་མཇུག་ཏུ་བར་སྐབས་མི་གསོད་ཀྱི་གནས་ཚུལ་སོགས་ཚུལ་ཐབས་སྐྱོ་པོ་དེ་འདྲ་ཁ་ཤས་བྱུང་ཡོད། དེར་བརྟེན་དུས་ད་ལྟ་བར་ས་གནས་ས་ཐོག་གི་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱེད་སྐབས་དྷ་རམ་ས་ལར་མཚན་ཉིད་སློབ་དཔོན་དང༌། དགེ་ཕྲུག་གཉིས་བཅས་མི་གསུམ་གྲི་བརྒྱབ་སྟེ་རྐྱེན་འདས་བཏང་བ་དེ་དག་དོལ་རྒྱལ་ཚོགས་པའི་མི་བོད་ནས་གསར་འབྱོར་བ་ཆ་ཕྲེང་པ་ཁ་ཤས་དང༌། ལི་ཐང་བ་ཁ་ཤས་ཡིན་པ་ངོ་འཕྲོད་པ་དེ་དག་བོད་ལ་བྲོས་ཕྱིན་ཡོད། གནས་ཚུལ་དེ་རིགས་ལ་འཛམ་གླིང་སྤྱི་ཡོངས་ཀྱི་ཉེན་རྟོག་པའི་སྒྲིག་འཛུགས་ཤིག་ཡོད་པ་དེས་ཁྲིམས་འགལ་ནག་ཉེས་ཅན་རྒྱལ་ཁབ་ཕན་ཚུན་ལ་བྲོས་ཚུར་རྩིས་སྤྲོད་དགོས་པའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཤིག་ཡོད་པར་བརྟེན་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་མིང་ཐོག་ནས་སྒྲིག་འཛུགས་དེར་སྙན་ཞུ་བརྒྱབ་འདུག་ལ། ཚགས་པར་ནང་དུའང་ཐོན་ཡོད། གང་ལྟར་གནས་ཚུལ་ཧ་ཅང་གསལ་པོ་རེད།
བར་སྐབས་གནས་ཚུལ་གང་ཙམ་ཤུགས་ཆེན་པོ་ཆགས་ཡོང་གི་ཡོད། དེར་བརྟེན་དེ་རིང་གསལ་བཤད་བྱེད་འདོད་བྱུང༌། རྩ་བའི་ཆ་ནས་མང་པོ་བཤད་རྒྱུ་མེད་ཀྱང༌། གང་ལྟར་སྔ་ཕྱིའི་ཡོང་རྐྱེན་ཚང་མ་ཡིག་ཐོག་ལ་བཀོད་ཡོད་ལ། ཁྱེད་རང་ཚོས་ཀྱང་མཐོང་ཡོད་པ་དང༌། ཤེས་གསལ་ཡིན་པས་ངས་བསྐྱར་ཟློས་བྱེད་དགོས་དོན་མེད། རྡོ་དོན་སྙིང་པོ་ལོ་རྒྱུས་དེ་འདས་པའི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་གྱི་རིང་གི་རྙོག་དྲ་ཞིག་ཆགས་ཡོད། དེ་རིང་གནས་ཚུལ་བཤད་འདོད་བྱུང༌། བར་སྐབས་དམ་དྲག་བྱས་པ་འདི་དུས་ཚོད་འདི་འདྲ་ཞིག་གི་སྒང་ལ་ང་བྱེད་རྒྱུ་མང་དྲགས་ནས་བྱས་པ་ཞིག་མིན། གནས་ཚུལ་དེ་དག་གི་ཁུངས་འདེད་པ་ཡིན་ན། ྋགོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་ལྷ་སའི་དཔར་མ་པོད་ཁ་པའི་ཤོག་གྲངས་ ༢༥༧ ནང་ལ་དོལ་རྒྱལ་གྱི་སྐོར་གསལ་གསལ་ཐིང་ཐིང་ཡོད། དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་ནས་ཇེ་ཆེར་སོང་ནས་དོན་ཐོག་ཏུའང་འཁེལ་བ་མང་རུང་ང་ལ་མ་རག་ལྟ་བུའི་བྱེད་མི་དཀོན་ཞིང༌། ང་ལ་མ་རག་ཟེར་བ་དེ་ཕར་ཁག་ཚུར་དཀྲིས་བྱས་ནས་དེར་གདོང་ལེན་བྱས་ཏེ་འགན་འཁུར་ལེན་མཁན་བྱུང་མ་སོང་གསུང་གི་ཡོད། ང་ལ་མ་རག་ལྟ་བུའི་བྱེད་མི་དཀོན་ཞིང་དོལ་ཆུ་མིག་དཀར་མོར་ས་བྱའི་མཇུག་ལ་ཁང་པ་གསར་བརྩིགས་དང༌། ཀ་ཅ་སོགས་སྤོས་པའི་རྒྱལ་པོ་ཕྱག་རྟེན་ཡོང་ལ་རེ་བྱས་ནའང༌། ཞེས་ཐོག་མར་ཐབས་ཤེས་ཤིག་གནང་བ་འདྲ་འདུག ྋགོང་ས་ལྔ་པ་ཆེན་པོས། གནོད་པ་ཇེ་འཕེལ་བྱུང་ཞིང་ཉེ་ཆར་སྐྱ་སེར་དུ་མར་ནད་ཡམས་དང༌། གྲྭ་པ་རེ་གཉིས་ཤི་ཆད་བྱུང་བས་རྐྱེན་བྱས་གྲྭ་ཚང་གི་གྲྭ་པ་རྣམས་མགྲིན་གཅིག་པ་ལྟ་བུའི་ལས་སྦྱོར་བྱེད་ཟེར་བར་བརྟེན། འདི་གར་རྡོ་རྗེ་གྲོ་ལོད་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམ་པ་དོན་གྲུབ་རྒྱ་མཚོ་དང༌། ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་གནང་བྱུང་སྔགས་འཆང་བློ་བཟང་མཁྱེན་བརྩེས་བྱས་པའི་གྲངས་བཅད་ཀྱི་སྒྲུབ་ཁག་གཉིས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་མཆོག ཆོས་རྒྱལ་གཏེར་བདག་གླིང་པ། འུག་བྱ་ལུང་པ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཀ་ཚལ་ཟུར་པ་མངའ་རིས་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ་རྣམས་ཀྱིས་བླ་མ་དྲག་པོ། གཤིན་རྗེ། ཕུར་པ༑ ལོག་ཏྲི་སོགས་ཀྱི་སྒོ་ནས་སྒྲུབ་ཞག་བདུན་སྔོན་དུ་འགྲོ་བའི་སྲེག་པ་མེའི་ལས་སྦྱོར་གྱིས་དམ་སྲི་འབྱུང་པོ་འཁོར་བཅས་བསྲེགས་པར་རྟགས་མཚན་གྱི་རིགས་ངོ་མཚར་བ་ཤིན་ཏུ་མང་ཞིང༌། རོ་བསྲེགས་པའི་དྲི་མ་ལྟ་བུ་ཀུན་གྱིས་ཚོར་བའི་ཡིད་ཆེས་ཀྱི་གནས་སུ་གྱུར་པ་དངོས་སུ་འགྲོ་བ་མང་པོར་མི་འཇིགས་པ་སྲོག་གི་སྦྱིན་པ་དང༌། རྒྱུད་ནས་འབྱུང་པོ་དེ་དག་ལས་ངན་ཇེ་རྒྱས་སུ་སོང་སྟེ་གནང་ངན་ལེན་གྱི་དུཿཁ་མི་ཟད་པ་མྱོང་བ་ལས་ཐར་པའི་བདེ་ལ་བཀོད།
འདི་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དང་བྲལ་བའི་གཟུ་དཔང་བྲིས་ཤིང་ཞེས་དེ་དུས་གཟུ་དཔང་ཞིག་བྲིས་པ་ཡིན་ཞེས་ྋགོང་ས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ནང་གསུངས་པའི་གཟུ་དཔང་དེ། ྋགོང་ས་ལྔ་པ་ཆེན་པོའི་གསུང་པོད་ཕྱི་མ་ད་པའི་ནང་བཞུགས་པའི་ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་སྤྱན་སྔར་མཆོད་འབུལ་བསྐངས་བཤགས་བསྟོད་ཚོགས་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅེས་པའི་མཚན་བྱང་ཡོད་པའི་པོད་དེ་ལ་ཕལ་ཆེར་ཤོག་གྲངས་བརྒྱ་དང་བཞི་བཅུ་ཞེ་གྲངས་ཤིག་ཡོད། དེའི་ནང་གོང་དུ་གཟུ་དཔང་མཛད་པ་འདི་རེད། དེའི་མགོ་བརྗོད་ཀྱི་ཡིག་ཆུང་ནང༌། གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་འགྲོ་བ་མང་པོར་གནོད་ཚབས་ཆེས་པར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་ཞེས་རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་དང༌། ཆོས་རྒྱལ་གཏེར་བདག་གླིང་པ། ཆོས་རྗེ་འུག་བྱ་ལུང་པ། མངའ་རིས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ། ཕན་བདེ་ལེགས་བཤད་གླིང་པའི་མཚམས་ཁག་གཉིས་དང་བཅས་སྒྲུབ་ཁག་བདུན་གྱིས་བསྲེག་པ་མེའི་ལས་སྦྱོར་གྱིས་གཏན་མེད་གཏོང་སྐབས་དཔང་གཟུར་བཀོད་པ་ཞེས་གསལ་འདུག འདིའི་དོན་ནི་གད་ཁ་ས་ཟེར་བ་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་འཁྲུངས་གཞིས་དང༌། ལགས་ཨ་རྒྱལ་ཟེར་བ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཡུམ་གྱི་མིང་ཡིན་ཞིང༌། ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་ཞེས་པ་ནི་ཡུམ་དེ་ཧ་ཅང་གི་འཇོན་པོ་ཞིག་ཡོད་འདུག ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ཞེས་པ་དེའི་སྐུ་སྐྱེ་ཡིན་ཟེར་གྱི་ཡོད། དེ་ནི་དོན་ལ་སྐུ་སྐྱེ་བརྫུས་མ་ཡིན་ཞིང་སྐུ་ངོ་མ་མིན། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ། གང་ལྟར་ལགས་ཨ་རྒྱལ་གྱི་ཐབས་མཁས་ཀྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བརྫུས་མ་ལམ་དུ་སོང་བ། ད་ཆ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་འགྲོ་བ་མང་པོར་གནོད་འཚེ་ཆེན་པོ་བྱུང་བའི་རྐྱེན་གྱིས་གཟུ་དཔང་འདི་བཀོད་པ་ཡིན་གསུངས་འདུག གཟུ་དཔང་གི་ཚིག་ནི། ལེགས་ལྡན་ཕྱག་དྲུག་ལས་གཤིན་དམར་ཟོར་ལྷ། །གདོང་བཞི་མགོན་པོ་ལྕམ་དྲལ་བེག་རྩེ་སོགས། །བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས།། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན༑ ༑མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །གནོད་སྦྱིན་ཡང་གྷ་བཟའ་སོགས་བསྟན་མ་དང༌། རྒྱལ་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། །ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ།། གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་གཉེན་མ་མཛད་ཐལ་རློག །ཙིའུ་དམར་ལ་སོགས་འབར་བ་སྤུན་བདུན་དང༌། །གསང་ཕུ་བསེ་ཡི་ཁྲབ་ཅན་གྱི་མཚོན་པ།། འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། ། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་གཉེན་མ་མཛད་ཐལ་རློག །རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། །ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། །སྔོན་གྱི་ཚིག་ཉམས་པར་མི་འགྱུར་རམ།། མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་པ། །འབྱུང་པོའི་སྡེར་བཅས་མཐུ་སྟོབས་ནུས་པ་དང༌། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག །ཅེས་པ་ནི་གཟུ་དཔང་དེ་རེད།
ཡང་རྣམ་ཐར་ཡོངས་གྲགས་དུ་ཀཱུ་ལའི་གོས་བཟང་གི་རྒྱབ་གནོན་གྱི་ཚུལ་དུ་ྋགོང་ས་ལྔ་པ་ཆེན་པོའི་གསུང་བཀའ་རྒྱ་མ་གསང་བ་རྒྱ་ཅན་པོད་ཆོས་ཚན་ཉེར་ལྔ་ཡོད། ༼དཔེ་ཆ་དེ་ལ་དྭགས་ཨེམ་རྗེ་བསོད་ནམས་དབང་འདུས་ནས་ ༡༩༧༢ ལོར་ལྡི་ལིར་པར་བསྐྲུན་བྱས་པ་ཞིག་རེད།༽ དེའི་ནང་རྩ་གསུམ་ལྷ་ཡི་དག་སྣང་བྱུང་བའི་སྐབས་ཀྱི་ཚིགས་བཅད་དེ་འདྲ་གསུངས་པའི་མཇུག་ཏུ་སྔགས་རྒོད་ལོགས་ཏྲི་སྒྲུབ། ཅེས་དང༌། དེའི་མཇུག་ཏུ་འབྲས་སྤུངས་ཀྱི་གཟིམ་ཁང་གོང་གི་ཤུལ་དུ་སྦྱིན་བསྲེག་ལྡུགས། བོད་བདེ་ཐབས་སུ་ཀླུང་རྟ་སྡོམ་གསུངས་ཏེ་སྐབས་དེར་གཟིམ་ཁང་གོང་མར་བཤིག་ཚར་བ་འདྲ། བཤིག་ཚར་བའི་རྗེས་ལ་གཟིམ་ཁང་གོང་གི་ཤུལ་དེར་སྦྱིན་བསྲེག་བླུག་དགོས་ཞེས་ལུང་བསྟན་དེ་འདྲ་ཞིག་བྱུང་འདུག དེ་ཡང་གསང་བ་རྒྱ་ཅན་ནང་ས་མོ་བྱ་ཡི་ལོའི་གནམ་ལོ་གསར་ཚེས་ལ་འབྲས་སྤུངས་སུ་བུད་མེད་ནག་མོ་རི་བོ་ཙམ་ཞིག་གིས་ཞབས་གཡས་གཟིམ་ཁང་གོང་གི་སྟེང་དང༌། གཡོན་ཆོས་འཁོར་གླིང་གི་སྟེང་དུ་བཞག་ནས་ཐལ་བ་བུན་བུན་སོང་བ་ཞིག་བྱུང༌། ཞེས་ྋགོང་ས་ལྔ་པ་ཆེན་པོའི་ཤིན་ཏུ་གསང་བའི་གསུང་བཀའ་རྒྱ་མའི་གྲས་གསང་བ་རྒྱ་ཅན་ནང་དོལ་རྒྱལ་སྐོར་ལ་འགྲེལ་བརྗོད་དེ་ལྟར་ཐོན་ཡོད། དེ་ནས་རི་བོ་དགེ་ལྡན་པའི་བླ་ཆེན་གཙོ་ཆེ་བ་དེ་འདྲའི་ནང་ནས་དོལ་རྒྱལ་སྐོར་འགྲེལ་བརྗོད་ཀྱི་ཡིག་ཆ་གསལ་བ་གཅིག་ནི་ད་ལྟ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་གསུང་འབུམ་ཀ་པ་ཞོལ་པར་མ་དེའི་ནང་ལ་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་གསུངས་པར། སྔོན་མ་ལྕང་སྐྱ་རིན་པོ་ཆེ་ལྷ་ས་ནས་མདོ་སྨད་དང་རྒྱ་ནག་སོགས་ལ་ཕེབས་ཏེ་བཞུགས་པ་དང༌། རྗེས་སུ་ལྷ་སར་ཡར་ཕེབས་སྐབས་ཀྱི་ལོ་རྒྱུས་དེ་གསུངས་འདུག སྔར་ལྷ་ས་ནས་ལ་མོ་ཆོས་སྐྱོང་ཆེན་པོས་གདན་ས་དགའ་ལྡན་དུ་འབོད་པར་བཏང་ན་གསང་ལུང་འགའ་ཞིག་སྨྲ་རྒྱུ་ཡོད་ཅིང༌། བྱད་གྲོལ་ཞིག་ཀྱང་ཕུལ་ན་དགོས་པ་ཆེ་ཞེས་ཕེབས་ཡོད་པ་བཞིན། དགའ་ལྡན་དུ་ཕེབས་ནས་འདི་སྐབས་གཟིམ་ཆུང་དུ་ལ་མོ་ཚངས་པ་སྐུ་ཕེབས་གནང༌། ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོས་གསང་བའི་ལུང་མང་པོ་ཞིག་དང༌། ཆོས་སྐྱོང་རང་ནས་བྱད་གྲོལ་ཀྱང་འབུལ་བར་མཛད། ཉིན་ཞིག་དགའ་ལྡན་གྱི་གླིང་སྐོར་དུ་ཕེབས་པས་རྒྱབ་རིའི་གཡས་ཟུར་གྱི་ལམ་སྣེ་ནས་ལུང་པའི་མཐིལ་དུ་ལུང་ཆུང་ཞིག་གི་ནང་བསངས་ཀྱི་དུད་པ་ཆེན་པོ་ཐོན་པ་སྙན་དུ་ཕུལ་བས་གྲོང་པ་དེའི་མིང་ལ་ཅི་ཟེར་གསུངས། རྒྱུས་ཡོད་ཅིག་གིས་མཐའ་རྒྱས་ཟེར་ལགས་ཞུས་པས་རྟེན་འབྲེལ་བཟང་གསུངས་ནས་མཉེས་མཉེས་མཛད། དེ་ནི་རྗེ་བླ་མ་ཉིད་ཀྱི་བཀའ་དྲིན་གྱི་མཐུ་ལས་དུས་ཀྱི་མཐའ་དང་སའི་མཐའ་ཐམས་ཅད་དུ་ྋརྒྱལ་བ་ཙོང་ཁ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྟེན་འབྲེལ་ཤིན་ཏུ་བཟང་བར་སེམས། དེ་ནས་རིམ་གྱིས་ཕེབས་པར་སྐོར་ལམ་གྱི་སྟེང་འོག་ཀུན་ཏུ་རང་བྱོན་གྱི་སྐུ་བརྙན་ཡིག་འབྲུ་སྣ་ཚོགས་དང༌། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཐོན་པ་མང་དུ་འདུག་པ་རྣམས་གསང་སྔགས་མཁར་པ་དགེ་བཤེས་ཤིག་གིས་སོ་སོའི་ལོ་རྒྱུས་ཞིབ་ཏུ་གསོལ། ྋརྒྱལ་བ་བསྐལ་བཟང་རྒྱ་མཚོ་ཕེབས་དུས་གསར་དུ་བྱུང་བ་ཡིན་ཟེར་བའི་རྡོ་ཞིག་ལ་འབུར་དོད་ཀྱི་རྗེ་བླ་མའི་སྐུའི་རྣམ་པ་གསལ་བར་ཐོན་པ་ཞིག་ཀྱང་གཟིགས་རྟོགས་ཕུལ། སུས་ཡིན་མི་ཤེས་པའི་ཞབས་རྗེས་ཤིག་མཇལ་སྐབས་རྗེ་བླ་མས་ཁོ་བོ་ལ་སྐུ་རྩེད་ཀྱིས་ཚུལ་གྱིས་ཞབས་རྗེས་འདི་རྙིང་མ་ཞིག་གི་ཡིན་འདུག་པས། ཁྱེད་ཅག་ཕུར་བུ་ལྕོག་པའི་སློབ་མ་རྣམས་ཀྱི་འཛེམས་པ་ལེགས་གསུངས་བྱུང་བར། རྗེ་བླ་མའི་གདན་སར་རྙིང་མས་ཞབས་རྗེས་འཇོག་ཐུབ་ན༌། བདེ་བ་ཅན་གྱི་རིན་པོ་ཆེའི་ས་གཞི་ལ་ངེད་ནས་ཀྱང་རྐང་རྗེས་ཤིག་འབེབས་ལགས་ཞུས་པས་ཐམས་ཅད་བཞད་གད་ཐེག་གེ་བ་ཞིག་བྱུང༌། ཕྱིས་སུ་རྩད་བཅད་པས་ཞབས་རྗེས་དེ་འཁོན་སྟོན་གྱི་ཡིན་ཟེར་བའི་གཏམ་རྒྱུད་ཡོད་ཟེར་བས། དེ་ལྟ་ན་རྗེ་བླ་མས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པ་གོར་མ་ཆག་གོ།
དེ་ནས་རྨ་ཆེན་གྱི་ལྷ་མཐོའི་འགྲམ་དུ་ཕེབས་ནས་རྗེ་བླ་མ་ཡབ་སྲས་ཀྱི་འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས་འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་སྐོར་ལམ་གྱི་ནང་དུ་མ་ཆུད་ཅིང༌། སྔོན་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་ ༼སྐབས་འདིར་ཁྲི་ཆེན་རྡོ་རྗེ་འཆང་ཞེས་པ་ནི་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ངག་དབང་མཆོག་ལྡན་གསུང་གི་ཡོད།༽ གིས་དོལ་རྒྱལ་གྱི་ལྷ་རྟེན་སོགས་བཤིགས་ནས་དགོན་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས། ཐུའུ་བཀྭན་དང་ལྕང་སྐྱའི་རྣམ་ཐར་ནང་འདི་འདྲ་གསུངས་ཡོད་སྟབས། ད་ལྟ་ཁྲི་ཆེན་ངག་དབང་མཆོག་ལྡན་རང་ཉིད་ཀྱི་རྣམ་ཐར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་ཞིག་འདུག རྣམ་ཐར་དེ་ཕལ་ཆེར་རྒྱ་ནག་དཔར་མ་རེད། དེའི་ཤོག་གྲངས་དྲུག་ཅུ་རེ་གྲངས་ནང་འདི་འདྲ་ཞིག་འདུག དེ་སྔོན་རྒྱལ་འགོང་གདུག་པ་ཅན་ཞིག་བྲག་སོབ་འོག་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང༌། བྱེད་པ་མང་བའི་བླ་ཟུར་དང༌། ཁམས་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང༌། བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབ་འདུག་པ་རྣམས་མི་འཚམ་པ་ཆེན་པོར་གཟིགས་ནས། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དུས་ནས་བཟུང་དགོན་གནས་འདི་ནང་དུ་འཇིག་རྟེན་པའི་ལྷ་སྲུང་སྣ་ཚོགས་བསྟེན་པའི་ཕྱག་སྲོལ་མེད་པས་ཕྱིན་ཆད་དེ་རིགས་གཏན་ནས་བྱས་མི་ཆོག་ཅེས་ཚོགས་སུ་བསྒྲགས། ལྷ་ཐོ་དེ་ཡང་བཤིག་ནས་རྡོ་རྡོ་མལ་དང་ས་ས་མལ་ལ་བསྐྱལ། སྐུ་རྟེན་དེ་ལ་ཡང་ཁོག་ཞུགས་བྱེད་བཅུག་ཐོག་ཕྱིན་ཆད་བབས་ས་མེད་པའི་བཀའ་བསྒྱུར་པས་ཁྲི་རིན་པོ་ཆེས་དེ་ལྟར་གསུང་ཕྱིན་ད་འགྲོ་བ་ལས་འོས་མེད་ཟེར་ནས་བབས་ཕུལ་ཞིང༌། རྒྱལ་འགོང་དེ་སྟག་རྩེ་ཞོལ་དུ་བྲོས། རྗེ་རང་ཉིད་སྐུ་མཚམས་ཐོག་ཅིག་བཞུགས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཆོས་རྒྱལ་གྱི་གཏོར་རྫོང་དེ་ཡང་ཚོགས་ཆེན་དུ་འཛུགས་པ་གནང༌། ཆོས་རྒྱལ་གྱི་བཀའ་ཆད་ཀྱིས་རྒྱལ་འགོང་བསྟེན་མཁན་བླ་ཟུར་དེ་ཡང་འཕྲལ་དུ་དཀྲོངས་ཤིང༌། ཁམས་ཚན་དེ་ལ་ཡང་མི་ཤིས་པ་སྣ་ཚོགས་བྱུང་བས་ཕྱིན་ཆད་དེ་རིགས་བྱེད་འཕྲོ་ཆད་པའི་དགོན་གནས་རྣམ་པར་དག་པའི་རྐྱེན་བཟང་པོར་གྱུར་ཅེས། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་དེའི་ནང་ལ་བཀོད་འདུག
འདི་འདྲའི་རྒྱལ་ཆེན་བསྟེན་གསོལ་བྱུང་བའི་སྐབས་དེར་ཕུར་ལྕོག་ངག་དབང་བྱམས་པ་མི་དགྱེས་པ་ཆེན་པོ་བྱུང་ནས་ཕུར་ལྕོག་ངག་དབང་བྱམས་པས་གདན་ས་ཆེན་པོ་བཞི་དང༌། རྒྱུད་གྲྭ་སྟོད་སྨད་ཆགས་ཚུལ་པད་དཀར་ཕྲེང་བ་ཟེར་བའི་ལོ་རྒྱུས་ཤིག་མཛད་པའི་ཤོག་གྲངས་བཅུ་གསུམ་པའི་ནང་ལ་འདི་འདྲ་ཞིག་བཀོད་འདུག དེ་ལྟར་ན་རྗེ་རང་ཉིད་ཞལ་བཞུགས་སྐབས་རྒྱུད་ནས་བཤད་པའི་ཆོས་སྐྱོང་དམ་ཚིག་ཅན་རྣམས་མ་གཏོགས་འཇིག་རྟེན་པའི་འདྲེ་གདུག་པ་ཅན་ཅུང་ཟད་རེ་ལའང་ཀོ་ལོང་བྱེད་པའི་རྟེན་དགོན་གནས་འདིར་བཙུགས་པ་ཅུང་ཟད་ཀྱང་མེད་ལ། དེ་ཡིས་མཐུས་སློབ་དཔོན་ཐམས་ཅད་ཐུགས་མཐུན་ཞིང་བཤད་སྒྲུབ་འཕེལ་བར་བྱུང༌། འཁྲུངས་ལྷ་རྨ་ཆེན་ཡང་དགོན་པའི་ཕྱི་རོལ་དུ་འཇོག་པར་གནང་བ་ཡིན་ནའང༌། དེང་སང་རྗེས་འཇུག་ཏུ་རློམས་ནས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་བཅོལ་བ་རྣམས་ལ་མི་འདོད་པ་ཐོག་ཏུ་བབས་པ་མང་པོ་བྱུང་བ་ཡིན་ནོ། །དེ་ལྟར་ན་རང་ཅག་རབ་ཏུ་བྱུང་བ་རྣམས་རང་གི་སྲུང་སྡོམ་རྣམ་པར་དག་པ་སྲུང་ན་སྔོན་སངས་རྒྱས་མཐོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱི་འཕྲིན་ལས་བསྒྲུབ་པར་གདོན་མི་ཟའོ་ཞེས་གསུངས་ནས་འཇིག་རྟེན་དྲེགས་པ་བསྟེན་པ་ལ་མི་དགྱེས་པའི་གསུང་ཤུགས་ཆེན་པོ་སྐྱོན་འདུག དགའ་ལྡན་ལ་མོ་དང་འབྲེལ་བ་ཡོད་ཤས་ཆེ། བསེ་ཁྲབ་ལའང་འབྲེལ་བ་ཡོད། འོན་ཀྱང་སྐྱབས་གནས་འདྲེ་ལ་བཅོལ་བ་ཞེས་པའི་འདྲེ་དེ་ཕལ་ཆེར་ཡིན་ས་མ་རེད། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་ལ་མོ་ཚངས་པར་ཞེ་དྲག་རྩི་གནང་གི་འདུག ལྕང་སྐྱས་ཀྱང་ཞེ་དྲག་རྩི་གནང་གི་འདུག དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་ལ་སྐབས་ཤིག་མཚན་ལམ་ལ་ལ་མོ་ཚངས་པ་ཡིན་ཟེར་མཁན་གྱི་ལྷ་གཅིག་གཟིགས་ནས་འདིས་མངོན་སྤྱོད་ཞེ་དྲག་མ་གནང་ན་ཡག་པོ་འདུག་ཅེས་སྙན་སེང་ཞུས་ནས་དེ་ཕྱིན་ཆད་ནས་མངོན་སྤྱོད་དྲག་ལས་རིགས་ཞེ་དྲག་མ་མཛད་པ་ཡིན་ཞེས། རྣམ་ཐར་འདིའི་ནང་ལ་གསལ་གྱི་འདུག དེ་འདྲ་ཡིན་དུས་ལ་མོ་དང་བསེ་ཁྲབ་པ་གཉིས་ལ་ཐུགས་མ་མཉེས་པ་ཕལ་ཆེར་ཡིན་གྱི་མ་རེད། དོལ་རྒྱལ་རང་མ་གཏོགས་འགྲོ་ས་མི་འདུག དེ་མཚུངས་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པད་མོ་འབྱེད་པའི་ཉིན་བྱེད་ཀྱི་ནང༌། སྐབས་དེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དགོངས་པ་རྫོགས་ནས། དེའི་ཡང་སྲིད་པཎ་ཆེན་བསྟན་པའི་ཉི་མ་དགུང་ལོ་གཞོན་པའི་སྐབས་ལ་ཆེད་མངགས་ལྷ་སར་ཕེབས་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཇལ་གནང་རྒྱུ་དང༌། དེ་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་མདུན་ནས་དབང་ལུང་གསན་རྒྱུའི་དོན་ལ་གང་འཚམས་བཞུགས་འདུག དེའི་སྐབས་ལམ་སང་དབང་བསྐུར་ན་འགྲིག་གི་མ་རེད་གསུངས་ཏེ་སྔོན་ལ་ལམ་རིམ་གསུངས། དེ་ནས་རིམ་པས་དབང་བསྐུར་གནང་ནས། མཐའ་མར་མཇལ་འཛོམས་གནང་བའི་སྐབས་སུ་མཆོག་སྤྲུལ་རིན་པོ་ཆེ་ནས་བླ་མ་མཆོག་གི་ཇི་ལྟར་བཀའ་ཕེབས་པ་བཞིན་བསྒྲུབ་ནུས་པའི་ྋསྐྱབས་འཇུག་བརྩེ་བས་གཟིགས་པ་དང༌། རྗེ་བླ་མ་ཁྱེད་ཀྱང་སྤྱིར་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་དང༌། བྱེ་བྲག་ཏུ་བདག་ལ་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་མན་ངག་རྣམས་འདོམས་པའི་ཕྱིར་ཞབས་པད་སྲིད་ཐར་བརྟན་པའི་གསོལ་འདེབས་ཞུ་བར་མཛད།
གཞན་ཡང་པཎ་ཆེན་རིན་པོ་ཆེ་ཞབས་འབྲིང་པ་རྣམས་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བཀའ་སློབ་གནང་རྒྱུར་མཆོག་སྤྲུལ་རིན་པོ་ཆེའི་གསན་སྦྱོང་གི་ཐད་ལ་ཚང་མས་བློ་རྩེ་གཅིག་པའི་སྒོ་ནས་སེམས་འཁུར་ཧུར་ཐག་བྱེད་དགོས། དེ་ལྟར་མ་ཡིན་པར་ཁོང་སངས་རྒྱས་ཡིན་པས་ཐ་མལ་པ་ལྟར་གྱི་དཀའ་སྤྱད་མཛད་མི་དགོས་ཟེར་ནས་སྐྱུར་བཏང་ན་དྲིན་ཆུང་ཡིན། སངས་རྒྱས་ཡིན་ཀྱང་ཐ་མལ་པའི་ཚུལ་བཟུང་ཕྱིན་ཡོན་ཏན་རྣམས་ཀྱང་ཐ་མལ་པ་ལྟར་སློབ་དགོས། མ་སློབ་པའི་མཁས་པ་དང༌། མ་སྒོམ་པའི་གྲུབ་ཐོབ་ཀྱིས་བསྟན་འགྲོའི་དོན་ལྟར་སྣང་ཙམ་ལས་མི་ཡོང་བས་རིན་པོ་ཆེའི་གསན་བཞེས་ཐད་ལ་ཞབས་བསྐུལ་ཞུ་རྒྱུ་ཐམས་ཅད་ཀྱིས་རིག་པ་བསྒྲིམ་དགོས།
དེ་ནས་མཇུག་ཏུ་དེའི་ནང་ནས་ཀྱང་བཀྲ་ཤིས་ལྷུན་པོ་བར་ཆོས་སྐྱོང་གསར་པ་འདིས་ཕུང་ལ་སྦྱོར་གྱི་ཡོད་པས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གང་བསྟེན་པའི་ཆོས་སྐྱོང་དེས་ཆོག དེ་མིན་གྱི་འདྲེ་ངན་གསར་དུ་བསྟེན་ན་མི་ལེགས་པའི་གཞི་ཆེན་པོ་བྱས་འགྲོ་བས་ཁྱེད་ཅག་རྣམས་ཀྱིས་དེ་ལ་ནན་ཏན་བྱེད་དགོས་སོ། །ཞེས་ཐུགས་ཉེ་བའི་བཀའ་སློབ་ཀྱང་མང་དུ་གནང༌། དེ་དུས་བཀྲ་ཤིས་ལྷུན་པོ་ལ་དོལ་རྒྱལ་གྱི་འབྲེལ་བ་ཐོག་མར་འགོ་ཚུགས་པའི་སྐབས་ཡིན་འདུག ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐབས་ནས་བཟུང་ལྷ་མོ་དང༌། བེག་རྩེ་གཙོ་བོ་བསྟེན་གནང་མཛད་ཀྱི་ཡོད། གང་ལྟར་དེའི་ནང་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བསྟེན་པ་གནང་བའི་སྲུང་མ་རྣམས་ལས་འདྲེ་ངན་གང་བྱུང་མང་བྱུང་བསྟེན་ན་མཇུག་འབྲས་ངན་པ་ཐོན་གྱི་རེད་ཅེས་གསུངས་འདུག འདི་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ནང་གསལ་གྱི་འདུག
དོལ་རྒྱལ་ནི་དགེ་ལུགས་ཁེ་ཙང་གནང་མཁན་བླ་མ་སྐྱེས་ཆེན་དམ་པ་མཁས་གྲུབ་ཉིས་ལྡན་ཡོངས་སུ་གྲགས་པ་འདི་ཚོའི་གྲས་ཀྱི་གཟིགས་སྟངས་དེ་འདྲ་ཞིག་ཡོད་པ་རེད། གང་ལྟར་ལོ་སུམ་བརྒྱའི་རིང་ལ་གླེང་གཞི་ཅན་ཁོ་ནའི་ངང་ལ་བསྡད་པ་ཡིན་སྟབས། སྐུ་མདུན་སྐུ་གོང་མའི་སྐབས་ལ་དམ་དྲག་གནང་སྐབས་འབྲས་སྤུངས་སྔགས་པ་གྲྭ་ཚང་ལ་དོལ་རྒྱལ་གྱི་སྐུ་བརྙན་གཅིག་ཡོད་པ་དེ་ཡང་མགོན་ཁང་ནས་མར་བཏོན་པའི་གནས་ཚུལ་ཡོད། སྐབས་དེ་དུས་དོལ་རྒྱལ་དར་སྤེལ་གནང་མཁན་དེ་ྋསྐྱབས་རྗེ་ཁ་བོང་ཁ་ཡིན་པ་རེད། ྋསྐྱབས་རྗེ་ཕ་བོང་ཁ་ལ་སྐུ་མདུན་སྐུ་གོང་མས་བཀའ་ནན་ཁ་ཤས་ཤིག་ཕེབས་ཡོད་པ་རེད། དེ་དག་ནི་ཕལ་ཆེ་བ་དོལ་རྒྱལ་གྱི་སྐོར་རེད། དེ་ནི་རྗེ་ཕ་བོང་ཁ་རང་ཉིད་ཀྱི་རྣམ་ཐར་དྲུང་ཡིག་བློ་བཟང་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བ་སྙེ་མོའི་དཔར་པ་དཔལ་ལྡན་གྱིས་དཔར་དུ་བསྐྲུན་པ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་པའི་ཤོག་གྲངས་བཞི་བརྒྱ་དང་བདུན་ཅུ་དོན་གཅིག་གི་ནང་དེར་བཀའ་ནན་ཕེབས་པར་སྙན་ཞུའི་ཡི་གེ་འདི་འདྲ་ཞིག་འདུག གུས་འབངས་ཕ་བོང་ཁའི་སྐྱེ་མིང་པ་ནས་ཞུ་བ། རྩེ་མཁན་མགྲོན་ཆེན་མོ་བརྒྱུད་བཀའ་སྤྱི་ཕེབས་དགོངས་དོན། སྔ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཞུ་ཤོག་ཕུལ་སོན་བཞིན། དེར་གསལ་རེ་རེ་བཞིན་ཚིག་གི་བརྡ་སྤྲོད་བཀའ་དྲིན་ཆེ་བས་གུས་འབངས་རང་ནོངས་པ་ཁོ་ན་ལས། ཞུ་ཡུས་ཆ་ཙམ་མ་མཆིས་པས་ཕྱིན་ཆད་བཀའ་དོན་ནམ་ཡང་ལྷོད་མེད་སྙིང་དབུས་སུ་བཅངས་ཆོག་པ། ད་ཕན་ཞུ་འཛོལ་ཅི་མཆིས་ལྷ་དགོངས་གསལ་དྭངས་ཞེས་འཁོད་དོན། ད་ལམ་སྨོས་པའི་དོན་ཚན་གསུམ་སྐོར་ད་དུང་ལུང་རིགས་ཀྱི་རྩོད་པ་ཇི་སྙེད་ཅིག་མཆིས་ཀྱང༌། རེ་ཞིག་དེ་ཙམ་དང༌། སྔོན་དུ་སྐྱབས་འགྲོར་བརྩོན་ཁུལ་ཞེས་པ་ཁྱེད་རང་ནས་གཙོ་བོ་སྲུང་མ་ཤུགས་ལྡན་བསྟེན་གསོལ་དང༌། སྔ་ལོ་སོགས་སུ་ཆོས་སྡེ་འབྲས་སྤུངས་སུ་ལམ་རིམ་གྱི་འཁྲིད་བཤད་དང་འབྲེལ་བའི་སློབ་མ་རྣམས་ཤུགས་ལྡན་བསྟེན་གསོལ་ཤས་ཆེར་དར་བས་སྔར་ནས་ཐོག་མའི་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་ནས་དགོན་གནས་དེའི་སྲུང་སྐྱོབ་བཀའ་བསྒོས་གཉེར་དུ་གཏད་པ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནས་འབྲས་སྤུངས་བླ་སྤྱིར་བསྟན་པ་སྔ་སྣུར་དུ་བཏང་ཚུལ་དགོངས་འགལ་སྔ་ཕྱིར་འབྱུང་རྩ་དེར་ཐུག་པ་དང༌། ལྷག་པར་འཇིག་རྟེན་དྲེགས་པར་ཚེ་འདིའི་གྲོགས་སུ་བཅོལ་བས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་མཐོང་བས་མ་རིག་རྨོངས་པས་སྒྲིབ་ནོངས་ལས་ཤེས་བཞིན་དཀར་མིན་གྱིས་ལམ་དུ་རང་ཉིད་ཞུགས་ཤིང༌། གཞན་སྦྱོར་བ་སྙིང་ཁོང་ནས་མིན་ལུགས་འཁོད་པ་དང་ནང་འགལ་དུ་མངོན་པ་ཇི་ཡིན་ཞུ་ལན་འབུལ་དགོས་ཕྱི་ཕེབས་བྱུང་ལགས་ན། གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང༌། ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་བསྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུས་ཆོག་པ༑ གནས་ཆུང་ཆོས་རྒྱལ་ཆེན་པོ་དགོངས་འཁྲུག་གི་གཞི་རྩར་གྱུར་པ་དང༌། སྐྱབས་འགྲོའི་བསླབ་བྱ་དང་ནང་འགལ་བྱུང་བ་སོགས་དེང་ཕན་ཞུ་འཛོལ་ཅི་མཆིས་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་ལྷ་དགོངས་གསལ་དྭངས་བརྩེ་བས་གཟིགས་པ་མཁྱཻན། མཁྱེན། ཞེས་རྣམ་ཐར་ནང་འདི་འདྲ་ཞིག་བཀོད་འདུག དེར་བརྟེན་གླེང་གཞི་ཅན་ཁོ་ནའི་ངང་དུ་གནས་པ་ཧ་ཅང་གསལ་པོ་ཡིན།
དེ་ནས་ངོས་ཀྱིས་ན་ནིང་གསལ་བཤད་བྱས་པའི་དོན་ཚན་གཅིག་ལ་འདི་ཞུ་རྒྱུ་བྱུང༌། དོལ་རྒྱལ་བསྟེན་ན་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པ་གཅིག་ནི་རྟེན་འབྲེལ་འཕྱུགས་པའི་དབང་གིས་དགའ་ལྡན་ཕོ་བྲང་དང་མི་མཐུན་པ་ཡོང་གི་ཡོད་པར་བརྟེན། ཇི་སྲིད་ྋརྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་འགན་འཁྱེར་ནས་བསྡད་པའི་རིང་ལ་ཡག་པོ་ཡོད་པ་མ་རེད། ཅེས་ན་ནིང་བཤད་རྒྱུ་བྱུང༌། དེ་དོན་ཚན་གཅིག་ཡིན། དོན་ཚན་གཉིས་པ་ངོས་ནས་རིས་མིད་ཀྱི་ཆོས་བརྒྱུད་ཁག་ལ་དག་སྣང་བྱེད་རྒྱུ་དང༌། ལྷག་པར་བོད་གངས་ཅན་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་བཞི་པོ་རིས་མེད་ཀྱི་ཐོག་ལ་སོ་སོས་དབང་བསྐུར་མན་ངག་འདྲ་ཞུས། ཉམས་ལེན་འདྲ་བྱས། དེ་འདྲ་ཞིག་བྱེད་ཐུབ་ན་ཡག་པོ་རེད་ཅེས་ངོས་ནས་འབད་རྩོལ་བྱེད་ཀྱི་ཡོད། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་ནམ་རྒྱུན་གྱི་བཤད་སྟངས་བྱས་ན་དགེ་ལུགས་པ་དོལ་རྒྱལ་བསྟེན་མཁན་ཞིག་གིས་རྙིང་མའི་དཔེ་ཆ་ཞིག་ཤག་ལ་བཞག་ཀྱང་དོལ་རྒྱལ་གྱིས་གནོད་ཀྱི་རེད་ཅེས་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཕ་རྒོད་བླ་མའི་ཞལ་ལུང་ནང་གསུངས་པ་ནང་བཞིན་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ལ་དད་པ་དག་སྣང་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་བཤད་པ་འདིའི་འགལ་ཟླ་ཆགས་ཀྱི་ཡོད་དུས་འགྲིགས་ཀྱི་མི་འདུག་ཅེས་དོན་ཚན་གཉིས་པ་འདི་བཤད་ཀྱི་ཡོད། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོའི་ཐོག་ནས་བྱ་བ་བཟོད་མི་ཐུབ་པ་དེ་འདྲ་བྱས་རྐྱེན་གྱིས་ལྷག་པའི་གནས་ཚུལ་གཅིག་ད་ལྟ་ཚེ་ཏན་ཞབས་དྲུང་གི་གསུང་མདོ་སྨད་ནས་དཔར་བརྒྱབ་པ་པོ་ཏི་དེབ་གཟུགས་ཁ་ཤས་ཤིག་འདུག དེའི་ནང་ལ་ཁོ་རང་གི་རྩ་བའི་བླ་མ་ཨ་ལགས་འཇིགས་མེད་དམ་ཆོས་ནི་དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་ཆེན་པོད་གཉིས་མཛད་མཁན་གྱི་མཁས་པ་ཆེན་པོ་ཁོང་གི་རྣམ་ཐར་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་པོ་དེབ་གཟུགས་ཤོག་གྲངས་ ༣༩༤ ནང་འདི་འདྲ་ཞིག་གསལ་གྱི་འདུག སྡེ་དགེ་སྨད་ཤོད་རྫོང་གསར་དགོན་ནས་སྔ་འགྱུར་བསྟན་པའི་གསལ་བྱེད་མཚུངས་མེད་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་མཁས་པའི་དབང་ཕྱུག་ཆོས་ཀྱི་བློ་གྲོས་ཞེས་ཞུ་བས་རྒྱུས་མེད་པར་སྐྱེས་དང་བཅས་ཞུ་ཡིག་ཕུལ་བའི་ནང༌། ཤེས་བྱ་མཐའ་ཡས་ཕ་མཐའ་མི་མངོན་ཡང༌། །མཁྱེན་པའི་ཨཱ་ད་ཡི་ངོགས་སུ་ནི། །ཇི་ལྟ་ཇི་སྙེད་ས་ལེར་གསལ་བ་འདི། །རྗེ་བཙུན་བསྟན་པའི་འཁོར་ལོའི་བྱིན་རླབས་མཐུ། །དེ་ཕྱིར་ཁྱེད་ནི་གྲངས་མེད་གོང་རོལ་ནས།།བྱང་ཆུབ་སྤྱོད་ལ་བསླབས་པའི་དཔའ་ཆེན་ཞིག །སྙིགས་མའི་འགྲོ་ལ་རྗེས་ཆགས་ཟུར་མིག་གཡོས། །དེང་འདིར་དགེ་བའི་ཤེས་སུ་སྟོན་པ་གནང༌། །ཞེས་སོགས་སྐུ་ཡོན་ལ་བསྔགས་པའི་ཚིགས་བཅད་མང་ཙམ་གྱིས་མཐར། རིན་པོ་ཆེའི་རྣམ་ཐར་ཐོས་པས་སེམས་དགའ་སྤྲོ་ཆེན་པོ་ཞིག་བྱུང་བས་སྐྱེ་བ་སྔོན་མ་ནས་འབྲེལ་བ་ཞིག་ཡིན་ཏེ་མཆི། ཉིད་དངོས་མཇལ་སྤྲོ་ཡང་བདག་ནི་ལས་དབང་གི་ན་རྒྱུ་ཆེ། ས་ཐག་རིང་བས་ཅི་བྱར་ཟད་ཀྱང་གསོལ་འདེབས་སྨོན་ལམ་ཞབས་བརྟན་གྱི་འབྲེལ་བ་ཡི་མཁར་རྟག་ཏུ་བཀོད་ཅིང༌། ཞེས་དང༌། དེའི་གཤམ་དུ་སྐུ་ཞབས་ཕ་བོང་ཁ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་རྙིང་གི་གྲུབ་མཐའ་ཆེན་པོ་རྩོད། པདྨ་འབྱུང་གནས་ཀྱི་སྐུ་དང་ཞི་ཁྲོའི་ལྷ་བཤིག་པ། བ་གུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་སོགས་པའི་ལོག་སྤྱོད་མང་པོ་དང༌། གཞན་ཡང་མ་ཎི་སོགས་འཁོར་ལོ་སྐོར་བ་དང་གཤིན་པོར་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང༌། མཆོག་གསུམ་ཀུན་འདུས་རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་པ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིག་བཅོམ་སོགས་རང་མཚང་མང་ཞིང༌། རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། སྤྱི་ལ་ཕན་པའི་སྤྲིངས་ཡིག་ཅིག་མཛད་ནས་པར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་ལ་བསྐྱེས་པར་མཛད་ན་བསྟན་པའི་འཁྲུགས་སེལ་ལ་བཀའ་དྲིན་ཆེ་ཞུ། ཞེས་འཁོད་ཡོད་པ་དེ་ནས་སྐབས་དེར་གནས་ཚུལ་ཇི་ལྟར་བྱུང་ཡོད་པ་གསལ་པོ་ཡིན།
སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་དང༌། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང༌། རྣམ་པ་གཉིས་ཀྱིས་མཚོན་རིགས་ཁ་ཤས་ཀྱི་བསྟེན་པ་གནང་གི་ཡོད། བླ་མ་སྐྱེས་བུ་དམ་པ་རྟོགས་པ་མཐོན་པོར་ཕེབས་པའི་གནས་ཚུལ་ཐ་དད་ཡིན། དེ་མིན་རྟོགས་པ་མཁན་ཚོས་སྟག་མཆོང་སར་ཝ་མཆོང་པ་ལྟ་བུ་བྱས་ན་ཡག་པོ་མེད། ཕན་ལས་གནོད་ཆེ་བའི་གནས་ཚུལ་ཡོང་བས། དེ་ལུགས་ཚང་མར་གཟབ་གཟབ་བྱེད་དགོས་ཞེས་བཤད་རྒྱུ་འདི་ཡིན།
གང་ལྟར་དགེ་སྐྱོན་མཐོང་ནས་གཞན་ལ་མ་བཤད་ན་ང་ནོར་བ་དང་གསལ་བཤད་བྱེད་རྒྱུ་ངའི་འགན་ཡིན། བཤད་ནས་མ་ཉན་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད། སེར་སྐྱ་མང་ཚོགས་དང༌། མཁན་པོ་བླ་མ་རྒན་གྲས་ཚོ་ནས་བཟུང་མང་པོ་ཞིག་གི་དངོས་གནས་ངས་ཞུས་པར་ཡིད་ཆེས་བློ་འགེལ་གནང་ནས་སྤང་བླང་མ་འཛོལ་བ་གནང་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ད་ལྟ་ཐག་གཅོད་བྱེད་ཡག་འདི་ལོ་མང་པོའི་རིང་བརྟག་དཔྱད་བྱས། བསམ་བློ་བཏང༌། དེ་འདྲའི་ཐོག་ནས་རིམ་པས་གནས་ཚུལ་གཞི་ལྕི་རུ་ལྕི་རུ་འགྲོ་བའི་དུས་དང་བསྟུན་ནས་དམ་དུ་དམ་དུ་བཏང་བའི་གནས་ཚུལ་འདི་འདྲ་ཡིན། དེ་ཡང་བསམ་པ་རྣམ་དག་གི་ཐོག་ནས་བོད་སྤྱི་པར་ཕན་པ་ཞིག་བྱུང་ན་བསམ་ནས་བྱས་པ་ལས་ང་ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ་ཟེར་མཁན་ཐེབས་ཆག་ཅིག་གི་དོན་གང་ཡང་མིན། ཁྱེད་རང་ཚོ་ལམ་གང་ལ་འགྲོ་འདོད་དང༌། བྱེད་སྟངས་ག་འདྲ་བྱས་ཀྱང་ང་མི་སྒེར་ལ་ཕན་གནོད་གང་ཡང་མེད། བདག་ཉིད་བདག་གི་མགོན་ཡིན་གསུངས་ཡོད། ངའི་མི་ཚེ་མང་ཆེ་བ་ནི་བསྐྱལ་ཚར། ད་ཆ་ཚེ་རབས་ནས་ཚེ་རབས་བདེ་ནས་བདེ་བ་དང་གཞན་ཕན་གྱི་བསམ་པ་དང་མ་བྲལ་བའི་ཐོག་ནས་ཚེ་མཇུག་བསྐྱལ་ཐུབ་པ་བྱུང་ན་བསམ་པ་ལས་གཞན་གྱི་བསམ་བློ་གང་ཡང་མེད། དེ་འདྲ་ཡིན་དུས་ང་ལ་ཁྱད་པར་གཏན་ནས་མེད། ཡིན་ནའང་བོད་སྤྱི་པའི་དོན་དག་གི་འགན་ཞིག་ང་ལ་ཡོད་སྟབས། བོད་སྤྱི་དོན་ལ་ཤ་ཚ་བྱེད་དུས། ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་པ་ལྟར་ངས་བཤད་དགོས་པ་དེ་འདྲ་ཡིན།
དང་པོ་འགོ་འཛུགས་དུས་ནས་བསམ་པ་རྣམ་དག་བྱས་ཏེ་འགོ་བཙུགས་པ་ཡིན། ད་ཆ་ཡང་བསམ་པ་རྣམ་དག་བྱས་ནས་མཐའ་བསྐྱལ་རྒྱུ་ཡིན། མི་ཁ་ཤས་ཀྱིས་རྙོག་དྲ་བཤད་པ་དང༌། འགའ་ཤས་ཀྱིས་སྡིགས་ས་བསྐུལ་བྱས་ན་ང་བླ་འདར་སྙིང་འཁུམས་ཏེ་སྡོད་ཀྱི་རེད་བསམ་ན་དེ་ནི་ནོར་འཁྲུལ་ཡིན། ཤེས་སོང་ངམ། དེ་ངས་ནམ་ཡང་མཚམས་འཇོག་བྱེད་ཀྱི་མ་རེད། གང་ལྟར་མཐའ་བསྐྱལ་གྱི་ཡིན། དེ་བཞིན་མགོ་གཉིས་མའི་རིགས་དེ་ཚོས་ངའི་ས་ནས་བཀའ་ཆོས་ཞུ་བ་སོགས་བྱས་ན་ཡག་པོ་མི་འདུག ངས་དོལ་རྒྱལ་ད་ལྟ་བར་དམ་སྲི་དང་འདྲེ་རེད་ཟེར་གྱི་མེད། དེ་ནི་རྩོད་པ་ཅན་ཞིག་རེད་ཅེས་དང༌། དོལ་རྒྱལ་ཞེས་བཤད་པ་དེ་འགྲིགས་ཀྱི་མི་འདུག་ཟེར་གྱི་ཡོད། དོལ་རྒྱལ་རྩ་ཆེན་པོ་རེད་ཅེས་ཟེར་མཁན་དེ་དག་དང་ང་བསམ་ཚུལ་དང་ལྟ་བ་མི་མཐུན་པ་ཡོད་པར་བརྟེན་ངའི་ས་ནས་བཀའ་ཆོས་ཞུས་ན་དགོས་པ་གང་ཡང་མེད། དམ་ཉམས་འཚོགས་ཏེ་བསྡད་ན་བླ་མའི་ཚེ་ལ་གནོད་རྒྱུ་ལས་མེད། དེ་འདྲ་ཡིན་དུས་མ་ཡོང་རོགས་ཞེས་ཤོད་ཀྱི་ཡོད། དེ་ཡང་དང་པོ་དབང་ཞུ་བར་མ་ཡོང་རོགས་ཞེས་བཤད་པ་དང༌། བར་སྐབས་ནས་གནས་ཚུལ་གཞི་ལྕི་རུ་ཕྱིན་ཏེ་ཧམ་པ་ཚ་རུ་དང༌། སྤྲང་རྟགས་ཚ་རུ་ཕྱིན་པར་བརྟེན་ངའི་ས་ནས་དགེ་སློང་བསྒྲུབ་རྒྱུ་དང་གཅིག སྤྱིར་བཏང་གི་བཀའ་ཆོས་ཞུ་རྒྱུ་དང་གཉིས། ཁྱེད་རང་ཚོའི་གྲོགས་འཕྲིན་ལས་སྒྲུབ་མཁན་གྱི་སྲུང་མ་ཡིན་ནའང་འདྲ། སྐྱབས་བཅོལ་སའི་བླ་མ་ཡིན་ནའང༌། ཡི་དམ་ཡིན་ནའང་འདྲ་ཟུར་དུ་ཡོད་པ་ཡིན་དུས་ངའི་སར་མ་ཡོང་རོགས་ཞེས་ཤོད་ཀྱི་ཡོད། དེ་ལྟར་བཤད་རྒྱུའི་ཐོབ་ཐང་དང་དབང་ཆ་ང་ལ་ཡོད། ངས་བཤད་རྒྱུའི་གནས་ཚུལ་དེ་འདྲ་ཡིན། ཁྱེད་རང་ཚོ་ཚང་མས་གོ་སོང་ངམ། ཁྱེད་རང་ཚོར་བར་སྐབས་གནས་ཚུལ་མང་པོ་ཞིག་ལྷག་པ་ཡིན་དུས་ངས་གསལ་བཤད་བྱེད་ཀྱི་ཡོད། ཉན་འཇོག་བྱས་ནས་སྤང་བླང་བྱེད་མཁན་ཚོས་དེ་དག་ཆ་ཚང་ཞིག་ཐོས་ན་བློ་བདེ་བ་ཡོང་རྒྱུར་བརྟེན་ཁྱོད་ཚོར་ཕན་ཐོགས་བྱུང་ན་བསམ་ནས་བཤད་པ་ཡིན། གཞན་བཤད་རྒྱུ་གང་ཡང་མེད།
ང་རང་ཚོ་དངོས་གནས་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་བཤད་དུས་དགེ་འདུན་དཀོན་མཆོག་ནི་འཇིག་རྟེན་ལས་འདས་པ་ཡིན་ཅིང༌། དེའི་ཁོངས་འཇིག་རྟེན་དྲེགས་པ་ཚུད་ཀྱི་མེད། གཞན་དག་ཕར་བཞག་རྒྱལ་པོ་སྐུ་ལྔ་ལྟ་བུ་ལ་ཆ་མཚོན་ན། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ནང་དག་མ་དག་གི་གླེང་གཞི་རྩ་བ་ནས་མེད་ཅིང༌། ཚང་མས་སློབ་དཔོན་རིན་པོ་ཆེས་དམ་འདོགས་གནང་བའི་དགོན་སྡེ་སྲུང་མཁན་གྱི་སྲུང་མ་གཙོ་བོའི་གྲས་ལ་རྩི་གི་ཡོད། ཡིན་ནའང་དྲེགས་པ་ཡིན་པས་ང་ཚོས་སྐྱབས་འགྲོའི་ཡུལ་ལ་བཞག་ན་འགྲིག་གི་མེད་ལ་ཆོག་གི་ཡང་མེད། དེ་འདྲ་ཡིན་དུས་རྩོད་པ་ཅན་དང༌། གླེང་གཞི་ཅན་དགེ་ལུགས་པའི་བླ་མ་ཚད་ལྡན་འགས་དམ་སྲི་རེད་གསུངས་པ་དང༌། འགའ་ཤས་ཀྱིས་རྒྱལ་འགོང་རེད་གསུངས་པ། འགའ་ཤས་ཀྱིས་འདྲེ་རེད་གསུངས་པ་དེ་འདྲ་ཞིག་ང་རང་ཚོས་སྐྱབས་གནས་ཀྱི་གྲས་ལ་བརྩིས་ན་ནོར་བ་ཡིན། སྡེ་པ་གཞུང་གི་སྲུང་མ་དམར་ནག་གཉིས་ཞེས་བཤད་དུས་དཔལ་ལྡན་ལྷ་མོ་འཇིག་རྟེན་ལས་འདས་ཀྱང་འཇིག་རྟེན་པའི་ཚུལ་བཟུང་བ་དེ་འདྲ་ཤོད་སྲོལ་ཡོད། ཡིན་ནའང༌། ས་བཅུའི་དབང་ཕྱུག་ཁྲོ་བོ་ཉེར་ཞི་ཡང༌། །ཞེས་གསུངས་ནས་ས་བཅུའི་དབང་ཕྱུག་ལ་རྩི་གི་ཡོད། དེར་བརྟེན་དཔལ་ལྡན་ལྷ་མོ་འཇིག་རྟེན་ལས་འདས་པ་ཡིན། སྲུང་མ་དམར་པོ་གནས་ཆུང་རྡོ་རྗེ་གྲགས་ལྡན་དྲེགས་པའི་ཚུལ་བཟུང་བ་ཡིན་དུས་དགེ་འདུན་དཀོན་མཆོག་གི་གྲས་ལ་ཚུད་ཀྱི་མེད། འཇིག་རྟེན་པའི་གྲས་ལ་བཞག་དགོས་པ་ཡིན། ངོ་བོ་གང་ཞིག་ཡིན་ཡང་ང་རང་ཚོ་ནང་པ་ཡིན་དུས་སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་བ་དང༌། སྐྱབས་ཡུལ་མ་ནོར་བ་ཞིག་བྱེད་དགོས་པ་ཡིན། ཤེས་སོང་ངམ།
ཁྱེད་རང་ཚོ་ཁ་ཤས་ཀྱིས་དོལ་རྒྱལ་བསྟེན་ན་ལམ་འགྲོ་དང༌། དངུལ་ཡོང་གི་རེད་ཟེར་བ་དེ་ནི་ནོར་འཁྲུལ་ཡིན། དངུལ་ཕྲན་བུ་ཡོང་བ་རྒྱུ་མཚན་དུ་བྱས་ནས་རྩ་བ་ཆེན་པོ་རེད་ཅེས་བརྗོད་པ་སངས་རྒྱས་ཀྱི་བསྟན་པའི་གནད་མ་ཤེས་པའི་རྟགས་ཡིན། རིགས་ཁ་ཤས་ཀྱིས་ངས་ད་ལྟ་དམ་དྲག་བྱས་པ་འདིས་ཆོས་དད་རང་མོས་ལ་འགལ་རྐྱེན་བཟོ་གི་འདུག ཆོས་དད་རང་མོས་སྤྲོད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དངོས་གནས་བྱས་ན་དམ་དྲག་བྱེད་པ་དེ་ནི་ཆོས་དད་རང་མོས་སྲུང་སྐྱོབས་བྱེད་ཀྱི་ཡོད། གོང་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བྲིས་ནང་ཡོད་པ་ལྟར་གནས་ཚུལ་དེ་ཁམས་ཁུལ་ཙམ་དུ་མ་ཟད། གཙང་ཁུལ་དང༌། ལྷོ་ཁ་ཁུལ་སོགས་མང་པོ་ཞིག་ལ་གནས་ཚུལ་དེ་བྱུང་འདུག ང་ཚོ་རྒྱ་གར་ལ་སླེབས་ནས་གནས་ཚུལ་མང་པོ་དེ་འདྲ་བྱུང་ཡོད། གོང་གི་གནས་ཚུལ་ཤེས་མཁན་གྱི་མི་ད་ལྟ་གསོན་པོ་བསྡད་ཡོད། དེ་འདྲའི་ལྷ་གཅིག་བསྟེན་པ་ཡིན་ན་དགེ་ལུགས་པ་གཅིག་གིས་གལ་ཏེ་རིས་མེད་ཀྱི་ཆོས་ལུགས་གཞན་དག་རྙིང་མ་དང༌། བཀའ་བརྒྱུད་སོགས་ཉམས་ལེན་བྱས་ན་རྗེ་རིན་པོ་ཆེ་ཐུགས་ཁྲོས་ཀྱི་རེད་ཤོད་ཀྱི་ཡོད། ཐུགས་ཁྲོས་ཀྱི་མ་རེད་ཀྱང་ཤོད་སྟངས་དེ་འདྲ་འཐོན་གྱི་ཡོད། ཡང་ན་ཆོས་ལུགས་གཞན་དག་ལ་འགྲམ་ཆུ་ལྡང་དགོས་མ་རེད་ཟེར། རྗེ་རིན་པོ་ཆེ་ཡི་པོ་ཏི་བཅོ་བརྒྱད་དེ་མདོ་རྒྱུད་གང་ལའང་མ་ལྡང་བ་དང༌། མ་འགྲིགས་པ་རྩ་བ་ནས་མེད་ཅེས་བཤད་ན་དེ་ནི་རྒྱུ་མཚན་ཡང་དག་པ་ཡིན། དེ་མིན་དགེ་ལུགས་པ་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་བྱས་ན་འདྲེས་གནོད་ཀྱི་རེད། ལྷས་གནོད་ཀྱི་རེད་ཅེས་བཤད་ན་དེ་ནི་ཞེད་སྣང་བྱེད་པ་འདི་དགེ་ལུགས་པའི་བསྟན་པ་གཙང་མ་ཡིན་ཞེས་བཤད་ན་བྱབ་ཆུང་དང༌། གད་མོ་ཤོར་བའི་གནས་ཡིན། ངས་དེ་ལ་དག་ཐེར་བྱེད་པ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་དག་ཐེར་བྱེད་ཀྱི་ཡོད་བསམ་གྱི་འདུག མི་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་བྱེད་སྟངས་ཀྱིས་རྐྱེན་པས་དགེ་ལུགས་པའི་བསྟན་པ་ལ་གནོད་ཀྱི་འདུག་མདོག་མདོག་བཤད་ཀྱི་འདུག དེ་འདྲ་མིན་བསམ་གྱི་ཡོད། ངས་འཇམ་མགོན་བླ་མའི་བསྟན་པ་ལ་དངོས་གནས་དག་ཐེར་བྱེད་ཀྱི་ཡོད་བསམ་པ་དྲན་གྱི་འདུག རྗེ་བླ་མའི་བསྟན་པ་ཕྱི་གཙང་ནང་གཙང་གང་ནས་བལྟས་ཀྱང་རྟགས་ཐོན་པ་ཞིག་ཡོད་པ་འདི་གནས་ན་ཡག་པོ་ཡོད། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་སྤུས་དག་པོ་དེ་ལ་སྐྱོན་འདོགས་ས་ཅུང་ཟད་ཙམ་ཡང་མེད། འདས་པའི་ལོ་དྲུག་བརྒྱའི་ནང་བྱུང་ཡོད་པ་མ་རེད་ལ་ད་དུང་ཡང་ཡོང་གི་མ་རེད། འོན་ཀྱང་དགེ་ལུགས་པའི་ལྷ་དེ་གནོད་པ་ཚ་པོ་འདུག་ཅེས་བཤད་ནས་ལྟ་ཕྱོགས་འཛིན་གྱི་འདུག དེ་ལ་ཆོ་གང་ཡང་མི་འདུག ཁྱེད་རང་ཚོས་བསམ་བློ་བཏང་ནས་ལྐུག་པ་ཨུ་ཚུགས་དང༌། གཏི་ཐུག་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་འདྲ་བྱེད་རྒྱུ་མེད། དེ་དག་ཞོར་འཕྲོས་ཡིན། གཞན་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཐུགས་རྗེ་ཆེ།
ཁྱོད་རང་ཚོ་དཀའ་ལས་ཞེ་དྲག་ཁག་ཡོད། ཉི་མ་ཚ་པོ་འདིའི་ནང་ངས་སྐད་ཆ་མང་པོ་བཤད་པ་ཁྱོད་རང་ཚོས་སྡུག་རུས་བྱས་ནས་ཉན་ཡོད། གནམ་བསིལ་ཁུག་པ་དང་གྲོལ་རན་སོང༌། ཁྱོད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད། གཞིས་ཆགས་མི་མང་ནང་ནས་ཁྱོད་རང་ཚོ་དངོས་གནས་ཧ་ཅང་ཡག་པོ་རེད། ང་ཚོའི་བོད་མི་བཙན་བྱོལ་བ་རྣམས་ཧ་ཅང་ཡག་པོ་ཕྱག་འཚལ་བའི་འོས་སུ་གྱུར་པ་རེད་ཅེས་ངས་སྔོན་མ་ནས་བརྗོད་མྱོང༌། ད་ལྟ་ཡང་དེ་བཞིན་ཡིན། བར་སྐབས་དོལ་རྒྱལ་བསྟེན་ཕྱོགས་སྐོར་གྱི་རྙོག་དྲ་བྱུང་བའི་སྐབས་སུ་ཁྱེད་རང་མི་མང་ཚོས་དངོས་གནས་ངས་བཤད་པར་ཡིད་ཆེས་གཙང་མ་བྱས་ནས་ལངས་ཕྱོགས་བརྟན་པོ་བཟུང་བར་བཀའ་དྲིན་ཆེ་ཞེས་བརྗོད་རྒྱུ་ཡིན། གང་ལྟར་ངས་ལམ་སྟོན་བྱས་པ་འདི་ཕལ་ཆེར་ནོར་མེད། ད་དུང་མུ་མཐུད་ལོ་བཅུ་དང༌། ལོ་ཉི་ཤུ། ལོ་བརྒྱ་སྐོར་ཕྱིན་པའི་མཚམས་སུ་ངས་ཐག་གཅོད་བྱས་པ་དེ་ཡང་དག་པ་ཡིན་པ་གསལ་རྒྱུ་ལས། ངས་ཐག་གཅོད་བྱས་པ་དེས་རྐྱེན་པས་ནོར་འཁྲུལ་འདི་བྱུང་འདུག་ཟེར་བ་ཞིག་ཕལ་ཆེར་ཡོང་གི་མ་རེད་བསམ་གྱི་ཡོད་ཅེས་བཀའ་སྩལ།། །།