སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་ཁོམ་ནམ་ཡོད་ལ་མང་ཚོགས་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་གནང་བཞིན་ཡོད། མཇལ་ཁའི་སྐབས་དད་ལྡན་མཇལ་བ་རྣམས་ཀྱིས་བང་རིམ་བཞིན་༸གོང་ས་མཆོག་གི་ཞལ་མཇལ་དང་ཕྱག་དབང་ཐོབ་པར་མ་ཟད། སྐུ་པར་ལྷན་སྒྲོན་གྱི་གོ་སྐབས་ཀྱང་གནང་གི་ཡོད། དད་ལྡན་མཇལ་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་ཚེ་གློག་འཕྲིན་ཁ་བྱང་ [email protected] བརྒྱུད་ནས་འབྲེལ་བ་ཞུ་བ་དང་། དེ་མིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྣེ་ལེན་ལས་བྱེད་བརྒྱུད་ནས་རང་ཉིད་ཀྱི་འདྲ་པར་ཞིག་དང་རྒྱབ་ལྗོངས་གནས་ཚུལ་མདོར་བསྡུས། མཇལ་ཁའི་ཆེད་འདི་གར་འབྱོར་དུས་དང་སྡོད་ཡུན་ཇི་ཙམ་ཡོད་མེད་ཁ་གསལ་བྲིས་ཏེ་ཞུ་ཡིག་འབུལ་དགོས། སྤྱིར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཇལ་ཁའི་གོ་སྐབས་གང་ཐུབ་གནང་བཞིན་ཡོད་མོད། གོ་སྒྲིག་གི་དུས་ཡུན་ཐུང་བའི་རྐྱེན་གྱིས་མཇལ་ཁའི་གོ་སྐབས་མ་ཐོབ་པ་ཡང་ཡོད་སྲིད་པས། ཇི་ཙམ་སྙན་ཞུ་སྔ་ཙམ་ཕུལ་ཐུབ་པ་དེའི་ཚོད་ཀྱིས་མཇལ་ཁ་འཐོབ་རྒྱུའི་རེ་བ་ཡང་ཆེ་བ་ཡོད།