༄༅། །བོད་དུ་སྡུག་བསྔལ་ཅན་གྱི་གནས་ཚུལ་མ་བརྗོད་གོང་བོད་མི་ཚོ་བདེ་སྐྱིད་ཀྱི་འཚོ་བར་ཇི་ལྟར་སྤྱོད་ཚུལ་བརྗོད་རྒྱུ་ཡིན༌།
བོད་ཐག་ཉེའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཡོད། ཤར་དང་བྱང་ལ་རྒྱ་ནག་དང་སོག་པོ། ཤར་ཏུར་ཀི་སི་ཐན་བཅས་ཡོད། རྒྱ་གར། འབར་མ། བལ་ཡུལ། འབྲས་འབྲུག་བཅས་བོད་ཀྱི་ལྷོ་ཕྱོགས་སུ་ཡོད། ནུབ་ཕྱོགས་སུ་པ་ཀི་སི་ཐན་དང༌། ཨཕ་གྷནི་སི་ཐན། ཨུ་རུ་སུ་བཅས་ཀྱང་ཐག་ཉེ་ཡོད་པ་རེད། དུས་རབས་མང་པོའི་རིང་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོའི་ཁོངས་ནས་མང་པོ་དང་འབྲེལ་བ་ བྱུང་ཞིང༌། ལྷག་པར་རྒྱ་གར་དང་ཆོས་ཀྱི་འབྲེལ་བ་ཆེན་པོ་བྱུང་ཡོད་པ་མ་ཟད།
ངེད་ཅག་གི་ཡི་གེ་འདི་ཡང་ཁུངས་རྒྱ་གར་ནས་བྱུང་བ་སྟེ། ནང་པའི་ཆོས་བོད་དུ་དར་སྐབས་བོད་དུ་ཡི་གེ་མེད་པར་བརྟེན་ཆོས་རྣམས་བོད་མིས་ཤེས་རྟོགས་ཐུབ་པའི་དོན་དུ་བོད་སྐད་ཀྱི་ཡི་གེ་ཞིག་དགོས་པ་བྱུང་སྟེ། རྒྱ་གར་གྱི་ཡི་གེར་དཔེ་བླངས་ཏེ་བཟོས། རྒྱ་ནག་དང༌། སོག་པོ་གཉིས་སུ་ཡང་ཆོས་སྲིད་ཀྱི་འབྲེལ་བ་བྱུང༌། སྔ་དུས་པར་ཤ་དང༌། ཤར་ཏུར་ཀི་སི་ཐན་ལ་ཡང་འབྲེལ་བ་ཤུགས་ཆེ་བྱུང་སྟེ་དུས་ད་ལྟ་ཡང་པར་ཤ་དང་བོད་ཀྱི་ཆས་གོས་རྣམ་པ་འདྲ་བ་ཡང་ཡོད་འདུག ཉེ་བའི་ལོ་རྒྱུས་ནང་དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་རུ་སུ་དང༌། དབྱིན་ཇིར་སྲིད་དོན་གྱི་འབྲེལ་བ་བྱུང༌། ཁྱིམ་མཚེས་རྒྱལ་ཁབ་ཚོར་འབྲེལ་བ་དེ་ལྟར་བྱུང་ན་ཡང༌། བོད་ཀྱི་མི་རིགས་ནི་མི་རིགས་གཞན་དང་མི་འདྲ་བའི་ཐ་དད་ཅིག་རེད། ང་ཚོའི་གཟུགས་དབྱིབས། སྐད་ཡིག། ལུགས་སྲོལ་བཅས་ཁྱིམ་མཚེས་སུ་དང་མི་འདྲ་བའི་ཐ་དད་ཡིན་ཞིང༌། དེ་བཞིན་རིགས་དང༌། གཤིས་ལུགས་ཀྱང་ང་ཚོའི་ཉེ་སྐོར་གྱི་ཨེ་ཤ་ཡའི་མི་རིགས་སུ་དང་ཡང་འབྲེལ་མེད་ཐ་དད་ཅིག་རེད། ཉེ་དུས་བོད་ཀྱི་རྣམ་པ་ཤེས་རྟོགས་ཆེ་ཤོས་ནི། ཆེད་དུ་སུར་ཡང་འབྲེལ་བ་མ་བྱས་པར་གཅིག་པུར་སྡོད་པའི་རྣམ་འགྱུར་འཛིན་པ་དེ་རེད། འཛམ་གླིང་ནང་ལྷ་སར་འགྲོ་བསྐྱོད་མི་ཆོག་པའི་གྲོང་ཁྱེར་ཞེས་མིང་འབོད་ཀྱང་བྱེད་ཀྱི་ཡོད་འདུག། འཛམ་གླིང་དང་འབྲེལ་མེད་ཟུར་སྡོད་བྱེད་པ་ལ་རྒྱུ་མཚན་གཉིས་ཡོད། དང་པོ་ནི། ཚང་མས་ཤེས་གསལ་ལྟར་རང་བྱུང་ཡུལ་གྱི་ཆགས་སྟངས་ཁོ་ན་ཐ་དད་རེད། ལོ་མང་པོའི་གོང་དུས་སུ་རྒྱ་གར་དང༌། བལ་ཡུལ་ས་མཚམས་ནས་ཧི་མཱ་ལ་ཡའི་རི་བརྒྱུད་བརྒལ་ཏེ་ལྷ་ས་བར་འགྲོ་སྐབས་ཟླ་བ་གཉིས་ཙམ་འགོར་གྱི་ཡོད་པ་དང༌། དེ་ཡང་ལོ་རེའི་ནང་དུས་སྐབས་མང་བ་རི་ལམ་འགག་གི་ཡོད་པ་རེད། བོད་དང་རྒྱ་ནག་གི་ས་མཚམས་ངའི་སྐྱེས་ཡུལ་ནས་ལྷ་ས་བར་གོང་ལས་ཀྱང་ས་ཐག་རིང་ཞིང༌། ས་མཚམས་ཀྱི་ས་ཁུལ་དེ་དང༌། རྒྱ་ནག་གི་མཚོ་མཐའ་གྲུ་རྫིང་བབ་ཚུགས་ཁག་གི་བར་ལ་མལ་ལེ་སྟོང་ཕྲག་ལྷག་ཡོད།
དེར་བརྟེན་ཁེ་གཙང་སྡོད་རྒྱུ་དེ་ང་ཚོའི་སེམས་ཀྱི་གཏིང་དུ་གནས་ཡོད། ཕྱི་རྒྱལ་མི་རིགས་གང་ཉུང་མ་གཏོགས་བོད་ནང་མ་བཏང་སྟབས་ད་དུང་ཁེ་གཙང་སྡོད་སྟངས་དེར་ཤུགས་སྣོན་བྱུང་འདུག དེ་ལྟར་མི་གཏོང་བའི་རྒྱུ་མཚན་གཞན་ཞིག་ནི རྒྱ་ནག་སོགས་དང་འཐབ་རྩོད་བྱུང་བའི་ཉམས་མྱོང་ཡོད་པ་དང༌། སོ་སོའི་ཆོས་དང་ཤེས་རིག་གཅེས་སྲུང་གིས་ཞི་བདེའི་ཐོག་སྡོད་པ་ལས་གཞན་གྱི་འདོད་པ་གང་ཡང་ཡོད་པ་མ་རེད། ང་ཚོས་བསམ་པར་འཛམ་གླིང་ནས་ཟུར་ཐོན་ལོགས་སུ་བསྡད་ན་ཞི་བདེ་གཏན་གནས་ཡོང་གི་རེད་བསམ་གྱི་ཡོད་པ་རེད། སྲིད་བྱུས་དེ་ནི་ནོར་འཁྲུལ་ཅན་ཞིག་རེད་ཅེས་ངས་འཕྲལ་དུ་བརྗོད་རྒྱུ་ཡིན། ངའི་རེ་འདོད་ལ། མ་འོངས་པར་བོད་ཀྱི་རྒྱལ་སྒོ་རྒྱ་ཆེར་ཕྱེ་སྟེ་འཛམ་གླིང་གང་ས་ནས་ཕེབས་མཁན་ཚོར་དགའ་བསུ་ཞུ་རྒྱུ་ཡིན།
བོད་ནི་འཛམ་གླིང་ནང་ཆོས་དར་ཤོས་ཀྱི་ཡུལ་ཞིག་ཡིན་ལུགས་བརྗོད་པ་དེ་ངེས་གཏན་ཡིན་མིན་བརྗོད་མི་ཤེས་ཀྱང༌། སྤྱིར་བཏང་བོད་མི་ཚོས་དངོས་པོའི་ལྟ་བ་ལས་ཆོས་ཀྱི་ལྟ་བ་གལ་ཆུང་བར་མི་འཛིན། བོད་ཀྱི་ཁྱད་ཆོས་ཆེ་ཤོས་དགོན་པ་ཧ་ཅང་མང་པོ་ཡོད་སྟབས། དགོན་པའི་གྲངས་འབོར་ངེས་གཏན་བརྗོད་པ་དཀའ། བོད་མིའི་གྲངས་འབོར་ནས་བརྒྱ་ཆ་བཅུ་ཙམ་གྲྭ་བཙུན་ཡིན་གྱི་རེད། དེར་བརྟེན་སྤྱི་ཚོགས་ཀྱི་ནང་རྣམ་པ་མི་འདྲ་བ་གཉིས་བྱུང་ཞིང༌། ཆོས་སྲིད་གཉིས་ཀའི་དབང་ཆ་ཡོད་པ་ཏཱ་ལའི་བླ་མ་གཅིག་པུ་ཡིན། སྲིད་བློན་གཉིས་ཡོད་པའི་གཅིག་སེར་མོ་བ་དང༌། གཅིག་སྐྱ་བོ་རེད། ཁོང་ཚོའི་འོག་གི་ལས་ཁུངས་ཕལ་ཆེ་བར་སེར་སྐྱ་ཟུང་འབྲེལ་ཡོད།
བཀའ་ཤག་ནང་རྣམ་ཀུན་འཐུས་མི་བཞི་ཡོད་པ་ནས་གཅིག་སེར་མོ་བ་དང༌། གསུམ་སྐྱ་བོ་ཡིན། བཀའ་ཤག་གི་འོག་ཏུ་ཡིག་ཚང་དང༌། རྩིས་ཁང་ལས་ཁུངས་གཉིས་ཡོད། ཏཱ་ལའི་བླ་མས་ཐད་ཀར་འགོ་འཁྲིད་བྱེད་པའི་ཡིག་ཚང་ལ་གཙོ་བོ་སེར་མོ་བ་བཞི་ཡོད་ཅིང༌། ཁོང་ཚོས་ཆོས་ཕྱོགས་ཀྱི་ལས་དོན་འགན་འཁུར་བྱེད། རྩིས་ཁང་ངམ། ནོར་སྲིད་ལས་ཁུངས་དེར་སྐྱ་བོ་བཞི་ཡོད། ཁོང་ཚོས་ཆོས་དོན་མིན་པའི་ལས་དོན་རྣམས་བྱེད་ཀྱི་རེད།
སྲིད་གཞུང་ཚང་མར་དགོས་པའི་ལས་ཁུངས། ཕྱི་སྲིད། སོ་ནམ། ཁྲལ་བསྡུ། སྦྲགས་ཏར། སྲུང་སྐྱོབ་བམ། དམག་སྒར་སོགས་ཡོད་ཅིང༌། ལས་ཁུངས་སོ་སོར་འགོ་འཛིན་མི་གཉིས་གསུམ་རེ་ཡོད། ཁྲིམས་དཔོན་གཙོ་བོ་གཉིས་ཡོད། གྲོང་ཁྱེར་སོ་སོའི་ཁྲིམས་ཁང་ནང་ཁྲིམས་དཔོན་གཉིས་རེ་ཡོད།
བོད་ཀྱི་ཚོགས་ཆེན་ལ་ཚོགས་སྟངས་རིགས་གསུམ་ཡོད་ཅིང༌། ཆུང་ཤོས་ནི་མུ་མཐུད་རྒྱུན་ཚོགས་ཡང་ཡང་བྱེད། དེའི་ནང་ཡིག་ཚང་རྩིས་ཁང་གི་དཔོན་རིགས་བརྒྱད་དང༌། དེ་མིན་མཐོ་རིམ་སྐྱ་བོའི་མི་སྣ། ལྷ་སའི་ཉེ་སྐོར་དགོན་ཆེན་གསུམ་གྱི་སྐུ་ཚབ་བཅས་ཁྱོན་མི་གྲངས་ཉི་ཤུ་ཙམ་ཡོད། ཚོགས་འདུ་འདིས་དཀའ་ངལ་རིགས་གོ་བསྡུར་བྱ་རྒྱུ་ཡོད་ཚེ་འཐུས་མི་སུམ་ཅུ་ལྷག་ཙམ་ཡོད་པའི་ཚོགས་འདུ་ཞིག་བསྡུ་སྐོང་བྱེད་ཐུབ། དཔེར་ན། ཏཱ་ལའི་བླ་མའི་ཡང་སྲིད་གཏན་འཁེལ་སོགས་དོན་གལ་ཆེན་པོའི་རིགས་ལ་འཐུས་མི་བཞི་བརྒྱ་ཙམ་ཡོད་པའི་ཚོགས་ཆེན་འཚོགས་དགོས་ཤིང༌། ཚོགས་ཆེན་དེར་གཞུང་གི་དཔོན་རིགས་ལས་བྱེད་ཡོངས་རྫོགས་དང༌། སྔར་སྲོལ་དཔོན་རིགས་མིན་པ་ཚོ་ཡང་ཡོང་གི་རེད།
ང་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་ནི། དགོན་ཁག་ཚོ་ཕུད་པའི་ས་བདག་གྲལ་རིམ་གྱི་ལུགས་ལྟ་བུ་ཡིན་ཞིང༌། གྲོང་གསེབ་པ་དང༌། དཔོན་རིགས་ཚོའི་དབར་ལ་རྒྱུ་ནོར་དབུལ་ཕྱུག་གི་ཁྱད་ཆེན་པོ་ཡོད། དཔོན་རིགས་སུ་འཚུད་པ་ལ་དཀའ་ཚེགས་ཡོད་ཀྱང་ཡོང་མི་སྲིད་པ་མིན། དཔེར་ན། དམག་མི་ཞིག་ནས་བྱས་རྗེས་ཆེན་པོ་ཞིག་བྱུང་ན་དེ་ལ་གོ་མིང་དང༌། ས་རྟེན་སྤྲོད་སྲོལ་ཡོད། དེ་གཉིས་ནི་མི་བརྒྱུད་དུ་བདག་པའི་ལམ་སྲོལ་ཞིག་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་དགོན་ཁག་གི་ལས་སྣེ་དང༌། སེར་མོ་བའི་དཔོན་རིགས་ཚོའི་གོ་གནས་འགྲོ་སྟངས་ནི་དམངས་གཙོ་དང་མཐུན་པ་ཡིན། བུ་ཕྲུག་ཅིག་སྤྱི་ཚོགས་ཀྱི་གྲལ་རིམ་གང་འདྲ་ཞིག་ཡིན་ན་ཡང་དགོན་པར་ཞུགས་ཆོག་ཅིང༌། དེའི་གོ་གནས་འཕར་ཚད་ནི་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་སྟངས་ལ་རག་ལས། བླ་མ་ཆེ་ཁག་ཚོའི་སྐྱེ་སྲིད་འཛིན་སྟངས་དེ་དམངས་གཙོ་ཆ་མཐུན་ལྟ་བུ་ཡིན་ཞིང༌། སྤྲུལ་སྐུ་ཚོ་ཕལ་ཆེར་མི་ཚང་དབུལ་པོའི་ནང་སྐྱེ་བ་དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ལྟ་བུ་ཡིན། དེར་བརྟེན་ང་ལྟ་བུའི་ཁྱིམ་ཚང་དབུལ་པོ་ནས་ཡོང་བའི་རིགས་ཀྱང་ཆོས་ཕྱོགས་ནས་གནས་སྟངས་མཐོན་པོར་བགྲོད་ཐུབ་པ་རེད།
ངས་དངོས་ཡོད་ཀྱི་ལོ་རྒྱུས་ཤོད་སྐབས་མི་འདོད་བཞིན་དུ་འདས་ཚིག་བརྗོད་དགོས་བྱུང་ཞིང༌། དེ་ནི་དེང་དུས་བོད་ནང་བཙན་འཛུལ་དྲག་པོ་ཞིག་བྱུང་ཡོད་སྟབས་དགོན་ཁག་ཚོ་སྔར་བཞིན་གནས་ཡོད་མེད་དང༌། ཇི་ཙམ་རྩ་མེད་བཏང་བ་སོགས་བརྗོད་མི་ཐུབ་པས་ཡིན།
དགོན་ཁག་ནང་ཁོ་རང་ཚོའི་དགོས་མཁོ་བཟོ་མཁན་གྱི་གྲྭ་རིགས་ལག་ཤེས་པ་ཡོད་ཅིང༌། འགའ་ཤས་ནས་ཚོང་འཁོས་ཀྱང་ཕྲན་བུ་བྱེད། དགོན་པ་འགའ་ཤས་ལ་མཆོད་གཞིས་ས་ཆ་ཆེན་པོ་ཡོད་ཅིང༌། འགའ་ཤས་ལ་མ་རྩ་སྦྱོར་འཇགས་བྱེད་མཁན་ཡོད་པ་རྣམས་མ་འཛུགས་ཀྱིས་ཁེ་འབབ་ཡོང་ཐབས་བྱེད། ཁོང་ཚོར་སྒེར་ཁག་ནས་དད་འབུལ་ཞུ་མཁན་མང་པོ་ཡོང༌། འགའ་ཤས་ནས་དངུལ་སྐྱེད་གཏོང་བྱེད་ཅིང༌། རེ་ཟུང་ནས་ངའི་འདོད་བློར་མི་འབབ་པའི་ཁེ་སྐྱེད་ཆེན་པོ་ལེན་མཁན་ཡང་ཡོད། སྤྱིར་བཏང་ཁོང་ཚོའི་དཔལ་འབྱོར་འཚོ་བ་ལྡེང་ངེས་མེད་ཅིང༌། མང་བ་ནི་འཚོ་ཐབས་གཞུང་ལ་བརྟེན་ཡོད་པ་རེད། རྒྱུ་མཚན་དེ་འདྲར་བརྟེན་པོ་ཏཱ་ལའི་མཛོད་དང༌། གཞན་དག་མཛོད་ཁང་ནང་གཞུང་གི་འབྲུ། ཇ་མར། སྣུམ་རིགས་བཅས་གསོག་ཉར་བྱས་ཡོད་ཅིང༌། དེ་ཚོའི་ཡོང་ཁུངས་ནི། རྫོང་གཞིས་ས་ཁུལ་སོ་སོའི་ཐོན་ཁུངས་ཁྲལ་འབབ་རེད། ངས་དམག་མིའི་སྐོར་བརྗོད་ན། ང་ཚོར་དམག་མི་ཡོད་ཀྱང་མང་པོ་མེད། ལས་འགན་གཙོ་བོ་ནི་ས་མཚམས་སྲུང་སྐྱོབ་དང༌། གཞུང་གི་བཀའ་འཁྲོལ་མེད་པའི་མི་རིགས་སྲུང་འགོག་ལྷ་ས་མིན་པའི་གྲོང་ཁྱེར་ཁག་གི་བསྐོར་བྱ་བའི་འགན་འཁུར་བཅས་བྱེད་པ་ཡིན། ལྷ་སའི་ནང་བསྐོར་བྱ་བ་ཟུར་དུ་ཡོད། མཛད་སྒོའི་རིགས་དང༌། ང་ཕོ་བྲང་ནས་ཕན་ཚུན་འགྲོ་སྐབས་ལམ་ཟུར་དུ་གུས་འདུད་རུ་སྒྲིག་བྱེད། དམག་མི་འདི་ཚོའི་ལོ་རྒྱུས་ནི་ཡ་མཚན་ཞིག་ཡོད། ལོ་ལྔ་བཅུ་ཙམ་གྱི་གོང་ང་ཚོ་རྒྱ་ནག་དང༌། རྩོད་རྙོག་བྱུང་སྐབས་རྗེ་སྐུ་གོང་མས་དམག་མི་རྣམས་དེང་དུས་དང་མཐུན་པ་བཟོ་ཆེད་ཕྱི་རྒྱལ་ནས་དགེ་རྒན་འགའ་ཤས་ཡུན་ཐུང་རིང་གླ་གླས་གནང་ཞིང༌། དེ་ཡང་ཕྱི་རྒྱལ་ལུགས་སྲོལ་གང་ཞིག་ལེགས་པ་མ་རྟོགས་སྟབས་ཁག་གཅིག་ལ་ཨུ་རུ་སུ་དང༌། ཁག་གཅིག་ལ་རི་པིན། ཁག་གཅིག་ལ་དབྱིན་ཇི་བཅས་ཀྱི་ལུགས་སྲོལ་སློབ་སྦྱོང་བྱས་པར་དབྱིན་ཇིའི་ལུགས་སྲོལ་དེ་འགྲིགས་ཤོས་བྱུང་སྟབས་བོད་དམག་རྣམས་དབྱིན་ཇིའི་ལུགས་ལྟར་སྒྲིག་འཛུགས་བྱས་པ་རེད། དབྱིན་ཇིའི་དགེ་རྒན་ཚོ་བོད་ནས་ཕྱིན་ཏེ་མི་ཐོག་གཅིག་མ་ཟིན་ཙམ་ཕྱིན་ཡོད་ཀྱང༌། ༡༩༤༩ བར་དམག་རྩེད་ཀྱི་མིང་ཚིག་རྣམས་དབྱིན་སྐད་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་ཅིང༌། བོད་སྐད་ནང་དམག་རྩེད་ཀྱི་མིང་ཚིག་དེ་འདྲ་ཡོད་པ་མ་རེད། གཞས་ཚིག་ནང་ལམ་ཐག་རིང་པོ་ཟེར་བ་དང༌། སྔར་གྱི་དུས། དཀོན་མཆོག་གིས་རྒྱལ་པོ་སྐྱོབས་ཤིག ་ཅེས་པ་སོགས་ཡོད་པ་རེད། བོད་མི་ཚོས་གཞས་ཀྱི་ཚིག་ཙམ་ཤེས་མཁན་ཡོད་ཀྱང་བརྗོད་དོན་རྣམས་བརྗེད་དེ་རྒྱུན་རིང་ཕྱིན་པ་རེད། བོད་དམག་ཚོར་དེང་དུས་དང་མཐུན་པའི་འཕྲུལ་ཆས་མཚོན་ཆ་བེད་སྤྱོད་བྱེད་རྒྱུའི་མཐུན་རྐྱེན་འཛོམས་པོ་མེད་པས། ཕྱི་རྒྱལ་གཞན་གྱིས་བཙན་འཛུལ་བྱས་ཚེ་ང་ཚོའི་ཡུལ་གྲུ་ཆེན་པོ་འདི་ལྟ་བུ་སྲུང་སྐྱོབ་བྱེད་རྒྱུར་དམག་དཔུང་ཆེས་ཆུང་སྐྱོན་ཡོད་པ་རེད། འོན་ཀྱང་དམག་མི་འདི་རྣམས་རྙིང་ཧྲུལ་ཁུངས་མེད་རེད་བསམ་གྱི་མེད། སོ་སོའི་ལས་འགན་བྱིངས་ལེགས་བསྒྲུབས་ཐུབ་པ་མ་ཟད། ཁོང་ཚོ་དཔའ་མཛངས་དང་ལྡན་པ་ཡོད་པ་རེད།
ངའི་བསམ་པར་ཕྱི་རྒྱལ་མི་རིགས་བོད་དུ་འགྲོ་མཁན་ཚོས་ལྷ་སའི་སྐོར་མང་པོ་བྲིས་ཡོད་འདུག་པ་དེ་ཚོའི་ནང༌། ལོ་གཅིག་ནང་མུ་མཐུད་དུ་བྱེད་པའི་མཛད་སྒོའི་རིགས་དང༌། དུས་ཆེན་ཁག འབྱོར་ལྡན་ཁག་གིས་སྤྲོ་སྐྱིད་གཏོང་བ། རྒྱན་གོས་མཆོར་པོ་ཡོད་པ། གླིང་སྐོར་འགྲོ་ཚུལ། དབྱར་དུས་ཆུ་ཁར་གླིང་ག་གཏོང་བ་སོགས་གཞན་དག་མང་པོ་བྲིས་ཡོད་འདུག་སྟབས་བོད་ལ་དོ་སྣང་ཡོད་པ་ཚོས་དེ་ཚོ་བལྟ་ཀློག་བྱེད་རྒྱུར་བརྟེན་ངས་ལྷ་སའི་ནང་མི་ཚེ་སྐྱེལ་སྟངས་སྐོར་མང་པོ་འབྲི་རྒྱུ་མིན། ང་རང་དེ་ཚོའི་ནང་འདྲེས་བསྐྱོད་མི་ཐུབ་སྟབས་ཕྲན་གྱིས་བྲིས་པ་ལས་ཁོང་ཚོས་ཞིབ་ཆ་ཆེ་བ་བྲིས་ཡོད་ཀྱི་རེད། དབྱར་དུས་གླིང་གར་འགྲོ་བ་ནི་ཚང་མས་དགའ་ཤོས་བྱེད་པའི་སྤྲོ་སེང་ཞིག་ཡིན། ངས་མཛད་སྒོའི་རིགས་ནང་འགྲོ་སྐབས་མི་མང་ཚོས་གཙོ་བོར་དོ་སྣང་ང་ལ་བྱེད་ཀྱི་ཡོད་པ་དང༌། དེའི་སྙིང་དོན་ནི་མི་མང་ནས་ཕྲན་ལ་དད་གུས་བྱེད་པ་ཞིག་རེད། དཔེར་ན། པོ་ཏཱ་ལར་ཆོས་ལུགས་ཀྱི་འཆམས་དང༌། ནོར་གླིང་དུ་ཟློས་གར་སོགས་ལྟ་དུས། ཁོང་ཚོས་ང་མ་མཐོང་བ་བྱས་ཏེ་རས་སང་གི་ནང་ནས་བལྟ་ཡི་ཡོད། འོན་ཀྱང་སྤྱིར་བཏང་འགྲུལ་པ་ཚོའི་གནས་ཚུལ་དེར་ཁ་སྣོན་ཞིག་བརྗོད་ན། བོད་མི་ཚོས་ཆོས་སྲིད་ཀྱི་མཛད་སྒོའི་རིགས་དང༌། འཆམས་སོགས་ལྟད་མོའི་རིགས། ཆས་གོས་མཆོར་པོ་བྱེད་པ་བཅས་ལ་དགའ་བོ་བྱེད་པ་ཡིན། དུས་རྒྱུན་དུ་ཀུ་རེ་རྩེད་དགོད་ལ་དགའ་བ་དེ་ནི་ཐུན་མོང་མ་ཡིན་པའི་ཡུལ་གྱི་རྟགས་དང༌། རྣམ་པ་གལ་ཆེ་བ་ཞིག་རེད། ནུབ་ཕྱོགས་པས་གད་མོ་དགོད་ཡུལ་དེ་རང་ཡིན་མིན་མི་ཤེས་ཀྱང༌། རྒྱུན་དུ་གད་མོ་དགོད་པའི་དུས་སྐབས་མང་པོ་ཞིག་ཡོང་གི་རེད། བོད་མི་རྣམས་ནི་རྒྱུན་དུ་སོས་དལ་དགའ་སྐྱིད་ངང་སྡོད་མཁན་ཞིག་ཡིན་ཞིང༌། དུས་སྐབས་ངན་པ་ཚབས་ཆེན་བྱུང་ན་མ་གཏོགས་ཀུ་རེ་རྩེད་མོ་དང༌། དགའ་འཛུམ་གྱི་རྣམ་འགྱུར་རྒྱུན་དུ་ཡོང་གི་རེད།
སྤྱི་ཚོགས་ཀྱི་འཚོ་བ་གྲ་རྒྱས་སུ་སྤྱོད་པ་དེ་གྲོང་ཁྱེར་ལྷ་སར་མ་གཏོགས་མེད་ཅིང༌། གྲོང་ཁྱེར་གྱི་ཕྱི་དང༌། གྲོང་ཚོ་ཆུང་ངུ་ཁག་གི་ནང༌། དགོན་པ་ཚོ་མ་གཏོགས་གྲོང་གསེབ་སོ་ནམ་པ་ཚོ་ཡང་ཁྱིམ་ཚང་སོ་སོར་སྡོད་པ་ཙམ་ལས། དེ་མིན་འཚོ་བ་སྐྱེལ་སྟངས་ནི་སྤྱིར་བཏང་འདྲ་མཚུངས་ཤིག་རང་ཡིན་ཞིང༌། ཕན་ཚུན་འགྲུལ་ཐག་རིང་བར་འགྲིམ་འགྲུལ་བྱེད་དགོས་རིགས་ལ་ཡིག་སྐྱེལ་སྦྲགས་བང་དང༌། རྟ་ཤད་ཙམ་ལས་ཡོད་པ་མ་རེད།
བོད་ཁུལ་རི་མཐོའི་གནམ་གཤིས་རྩུབ་པོ་དང༌། ས་ཆ་སྐམ་ཤས་ཆེ་བ། མི་འབོར་ཆུང་ཞིང༌། འཚོ་བ་སྟབས་བདེར་སྤྱོད་པ་ཞིག་ཡིན། བོད་མཐའ་ཕན་ཚུན་གྱི་མི་མང་བ་ལྷ་སར་འགྲོ་མྱོང་མེད་ཅིང༌། ལྷ་སར་འགྲོ་མྱོང་བའི་མི་དང་མ་འཕྲད་པ་ཡང་ཡོད་ཀྱི་རེད། ལོ་ལྟར་སོ་ནམ་བྱེད་ཅིང༌། གཡག་ལུག་རྟ་ཕྱུགས་འཚོ་སྐྱོང་བྱེད་བཞིན་ཡོད་པ་ཙམ་ལས། རང་ཡུལ་མིན་པའི་འཛམ་གླིང་ནང་གི་གནས་ཚུལ་གང་ཡང་མཐོང་ཐོས་ཡོད་པ་མ་རེད། འདི་གྲས་ནི་བོད་ཙམ་མ་ཡིན་པར་འཛམ་གླིང་གི་ལུང་ཁུག་ཚང་མའི་ནང་ཡོད་པ་རེད། བོད་མི་རྣམས་སྤྱིར་བཏང་བྱམས་སེམས་ཞི་དུལ་ཅན་ཡིན་ཡང་ཚང་མ་དེ་འདྲ་ཡིན་ཚུལ་ཁ་འཁྱེར་བྱེད་རྒྱུ་མིན་ཞིང༌། སྡིག་སྤྱོད་པ་དང༌། ཁྲིམས་འགལ་བཙོན་པ་ཡང་ཡོད། དཔེ་གཅིག་བརྗོད་ན། ང་ཚོར་འབྲོག་པ་མང་པོ་ཡོད། ཁོང་ཚོ་ཕལ་ཆེར་ཞི་དུལ་ཅན་ཡིན་ཡང༌། ཁོང་ཚོའི་ནང་རྐུན་ཇག་གི་རིགས་ཀྱང་ཡོད། དེར་བརྟེན་ཁོང་ཚོའི་ཉེ་སྐོར་གཞིས་ཆགས་པ་ནས་གོ་མཚོན་བདག་ཉར་བྱེད་ཅིང༌། ཕན་ཚུན་ལམ་གཞུགས་སྐབས་སྲུང་སྐྱོབ་ཆེད་འགྲུལ་རོགས་མང་པོ་བསྡེབས་ཏེ་འགྲོ་ཡི་རེད། ངའི་སྐྱེས་ཡུལ་སོགས་བྱང་ཤར་ས་ཁུལ་གནས་པའི་ཁམས་རིགས་རྣམས་ཁྲིམས་མཐུན་དུ་སྤྱོད་མཁན་ཡིན་ན་ཡང༌། ཁོང་ཚོས་དངོས་པོ་གཞན་དག་ལས་མེ་མདའ་ལ་རྩ་ཆེར་འཛིན་ཅིང༌། དེ་ནི་སྐྱེས་པའི་རང་དབང་གི་རྟགས་མཚན་ལྟ་བུ་ཡང་ཡིན།
ལུང་ཁུག་དང༌། མི་གཤིས་གྱོང་པོའི་རིགས་ལའང་ཆོས་དད་ཤིན་ཏུ་ཆེན་པོ་ཡོད། འབྲོག་པའི་སྡོད་གུར་ཆུང་ངུ་ཞིག་གི་ནང་དུ་ཡང་རྟེན་དྲུང་དུ་མར་མེ་སྤོར་བ་སོགས་ཆོས་ཀྱི་རྟགས་མཚན་མཐོང་གི་རེད།
ངས་སློབ་གཉེར་བྱེད་སྐབས་བོད་ཀྱི་སྤྱི་ཚོགས་གནས་ཚུལ་མ་གཏོགས་གཞན་དག་གི་སྤྱི་ཚོགས་འགྲོ་ལུགས་སློབ་སྦྱོང་ཕྲན་བུ་ཙམ་ལས་བྱས་མེད་ཅིང༌། སྤྱིར་བཏང་བོད་མིའི་བསམ་པར། བོད་ཀྱི་སྤྱི་ཚོགས་འགྲོ་སྟངས་དེ་ནི་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་པ་ལས། གཞུང་གཞན་དག་གི་འགྲོ་ལུགས་ལ་བསམ་གཞིགས་གང་ཡང་མི་བྱེད། ང་ལོ་ན་སོན་མཚམས་ཆོས་ཁོ་ནའི་ཐོག་ནས་ལྟ་དུས་ནོར་འཁྲུལ་ཇི་འདྲ་ཡོད་པ་རྣམས་མཐོང་གི་འདུག རྒྱུ་ནོར་དབུལ་ཕྱུགས་མ་སྙོམས་པ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་དང་མི་མཐུན་པ་ཞིག་ཡིན་ཞིང༌། ངས་བོད་ཀྱི་སྲིད་དབང་འཛིན་རྒྱུན་ལོ་ཉུང་ངུ་ཞིག་ནང་དེ་སྐོར་བསྒྱུར་བཅོས་འགའ་ཤས་བཏང་བ་ཡིན། སེར་སྐྱ་མི་གྲངས་ལྔ་བཅུ་སྐོར་ཡོད་པའི་བསྒྱུར་བཅོས་ཚོགས་པ་ཞིག་དང༌། རྒྱུན་ལས་ཚོགས་པ་ཆུང་བ་ཞིག་བཙུགས་ཏེ་ཚོགས་པ་ཆུང་བ་དེས་གང་དང་གང་ལ་བསྒྱུར་བཅོས་བྱེད་དགོས་པ་བརྟག་ཞིབ་དང༌། བསྒྱུར་བཅོས་བྱེད་ཕྱོགས་ཀྱི་འཆར་གཞི་བཀོད་དེ་ཚོགས་ཆེན་དེ་བརྒྱུད་ཕྲན་ལ་འབུལ་རྒྱུའི་ལས་དོན་བྱས་པ་རེད།
བསྒྱུར་བཅོས་སྟབས་བདེ་ཤོས་ནི་ཁྲལ་རིགས་ནང་ཡོད་ཅིང༌། རྫོང་གཞིས་ཁག་ནས་ཁྲལ་བསྡུ་རྒྱུའི་ཚད་གཞི་གཞུང་ནས་གཏན་འབེབས་བྱས་པ་ཡིན་ན་ཡང༌། རྫོང་དཔོན་ཚོས་སོ་སོ་སྒེར་གྱི་འགྲོ་གྲོན་གླ་ཕོགས་ཀྱི་ཁྲལ་འཕར་གང་མང་བསྡུ་ལེན་བྱེད་ལམ་ཞིག་སྔ་དུས་ནས་ཡོད་པ་རེད། ལམ་སྲོལ་དེ་དག་རྒྱུན་འཇགས་སུ་ཕྱིན་ཏེ་མི་མང་ནས་ཀྱང་སྤྲོད་རྐྱང་བྱེད་ཀྱི་ཡོད་འདུག ང་རང་ལོ་ན་ཆུང་དུས་ནས་གནས་ཚུལ་དེ་མཐོང་བྱུང་ཞིང༌། བཀའ་ཤག་དང༌། བསྒྱུར་བཅོས་ཚོགས་པར་གོ་བསྡུར་བྱས་ཏེ་ལུགས་སྲོལ་དེ་དག་བསྒྱུར་བཅོས་ཀྱིས་མི་སེར་ནས་ཁྲལ་འབབ་དགོས་ངེས་བླངས་པ་རྣམས་གཞུང་མཛོད་རང་དུ་འབབ་རྒྱུ་དང༌། རྫོང་དཔོན་སོ་སོར་གླ་ཕོགས་འགྲིགས་ངེས་ཟུར་དུ་སྤྲད་པ་ཡིན། དེ་ལ་རྫོང་དཔོན་བརྐམ་ཆགས་ཅན་འགའ་ཤས་མ་གཏོགས་ཚང་མས་དགའ་མོས་བྱུང་འདུག
ང་ཚོས་ས་ཞིང་འཛིན་སྐྱོང་བྱེད་ཕྱོགས་ལ་ད་དུང་བསྒྱུར་བཅོས་མང་ཙམ་བྱེད་དགོས། བོད་ཀྱི་ས་ཆ་ཚང་མ་གཞུང་གི་ཡིན་ཞིང༌། སོ་ནམ་པ་ཕལ་ཆེ་བར་ས་ཞིང་རྣམས་གཞུང་ནས་ཐད་ཀར་བོགས་གཏོང་བྱས་པ་ལྟ་བུ་ཞིག་རེད། འགའ་ཤས་ནི་ས་ཞིང་གི་ཐོན་སྐྱེད་ཆེ་ཆུང་ལ་དཔགས་པའི་ལག་འདོན་ཁྲལ་བོགས་སྒྲུབ་དགོས། དེ་དག་ནི་གཞུང་འབབ་དངོས་གཞི་ཡིན་ཞིང༌། གཞུང་ནས་དགོན་ཁག་ཚོས་ཆོས་ཕོགས་དང༌། དམག་ཕོགས། ལས་བྱེད་པའི་ཕོགས་སོགས་སུ་གཏོང་གི་རེད། ཡང་འགའ་ཤས་ནས་རྐང་འགྲོའི་ཁྲལ་རིགས་བསྒྲུབས་ཏེ་གཞུང་གི་མི་སྣ་འགྲིམ་འགྲུལ་ལ་གླ་མེད་རྟ་ཁལ་གཏོང་དགོས་ཤིང༌། སྐབས་འགར་དགོན་ཁག་ཚོར་ཡང་གཏོང་དགོས། འགྲིམ་འགྲུལ་གླ་མེད་ཀྱི་ལུགས་སྲོལ་དེ་འཁྲི་འཁེལ་ཆེན་པོ་ཡོད་པར་བརྟེན་རྗེ་སྐུ་གོང་མ་སྐུ་ཕྲེང་བཅུ་གསུམ་པས་རྟ་ཁལ་རིགས་ལ་གླ་ཆ་སྒྲིག་བཅད་སྤྲོད་དགོས་པའི་རྒྱས་དཔྱད་གནང་ཡང༌། ཡུལ་དུས་གླ་ཆ་རིམ་འཕར་གྱིས་སྒྲིག་བཅད་གླ་ཆས་འགྲིགས་མིན་ཐོག རྟ་ཁལ་བསྐུལ་རྒྱུའི་ཐོབ་ཐང་ཡང་མི་མང་པོར་ཡོད་པར་བརྟེན་ཕྲན་ནས་བཀའ་ཤག་གི་ལག་འཁྱེར་དམིགས་བསལ་ཅན་མེད་པར་གང་བྱུང་བསྐུལ་འདེད་མི་ཆོག་པ་བཟོས་ཤིང༌། གླ་ཆ་ཡང་བསྐྱར་དུ་སྤར་བ་ཡིན།
གྲོང་གསེབ་པ་ཚོས་ས་ཆ་གཡར་འཛིན་བྱས་ལུགས་ཟེར་བ་དེའི་གོ་དོན་ནོར་མི་རུང༌། ས་ཆ་རྣམས་གཞུང་གི་ཡིན་ལུགས་བརྗོད་པ་དེ་ནི་བསམ་ཚུལ་ཙམ་ཞིག་ཡིན། སོ་ནམ་པ་ཚོའི་ས་ཞིང་རྣམས་ནི་ཁོང་ཚོའི་མི་རབས་ནས་མི་རབས་སུ་རྒྱུན་འཇགས་ཡོད་པའི་ཕ་གཞིས་ཡིན་ཞིང༌། ཁོང་ཚོས་ས་ཞིང་རྣམས་བོགས་གཏོང་དང༌། གཡར་གཏོང༌། ཉོ་ཚོང་བཅས་བྱེད་ཐུབ། འོན་ཀྱང་ཉོ་ཚོང་བྱེད་པ་ནི་ཆེས་ཉུང་ངུ་ཡིན། ཁོང་ཚོའི་ས་ཞིང་ཡོངས་རྫོགས་ས་འཛིན་གསར་པར་ཆ་ཚང་སྤྲོད་ཐུབ་དགོས་པ་ནི་ཁོང་ཚོའི་ལས་འགན་དང་པོ་ཡིན། སོ་ནམ་པ་ཚོས་ཁྲལ་བོགས་སྒྲུབ་འབོར་དང༌། ལས་རྩོལ་བྱེད་དགོས་པ་ནི་ཉུང་ངུ་ཞིག་ལས་མེད་ཅིང༌། གལ་ཏེ་དེ་དག་འཛིན་བཞིན་བསྒྲུབ་མ་ཐུབ་ན་ས་ཞིང་འཛིན་སྐྱོང་གི་ཐོབ་ཐང་ཕྱིར་ལེན་བྱེད་ཐུབ། འོན་ཀྱང༌། གནས་ཚུལ་ངོ་མར་ས་ཞིང་རྣམས་སྒེར་བདག་ལྟ་བུའི་ཐོབ་ཐང་ཡོད། གཞུང་ཁྲལ་ནི་འབྲུ་རིགས་ཐོག་ནས་སྤྲོད་དགོས། དེ་ནི་ས་ཁྲལ་ལས། ཁང་གླ་དང༌། ས་ཆ་གཡར་གླ་ལྟ་བུ་མིན།
རྒྱུན་དུ་སོ་ནམ་པ་ཚོར་དཀའ་ངལ་བྱུང་སྐབས་གཞུང་ནས་བུན་གཏོང་བྱེད་བཞིན་ཡོད་ཅིང༌། ངས་ཤེས་རྟོགས་ལ་བུ་ལོན་གྱི་སྐྱིན་ཚབ་དང༌། སྐྱེད་འབབ་དུས་ཐོག་ལེན་ཐབས་བྱས་མི་འདུག ་བུ་ལོན་བཏང་འབོར་ཤིན་ཏུ་ཆེན་པོར་གྱུར་སྟབས་སོ་ནམ་པ་ཚོས་སྤྲོད་འཇལ་མི་ཐུབ་པ་བྱུང་འདུག ལེགས་བཅོས་ཚོགས་པས་བརྟག་དཔྱད་ཞིབ་ནན་བྱས་ཏེ་དེ་རྣམས་རིགས་གསུམ་དུ་བགོས་ཤིང༌། སྐྱེད་འབབ་རིམ་གསོག་དང༌། མ་རྩ་བཅས་གཏན་ནས་སྤྲོད་འཇལ་མི་ཐུབ་པ་རྣམས་ངོ་བསྐྱེད་རྩ་ཡངས་ཀྱིས་སྤྲོད་འཇལ་མ་དགོས་པ་དང༌། ཡང་འགའ་ཤས་ཀྱི་ལོ་རེའི་ཡོང་འབབ་ནས་སྐྱེད་ཀ་སྤྲོད་འཇལ་མི་ཐུབ་ཅིང༌། ངོ་བོ་རིམ་སྤྲོད་ཐུབ་པའི་རིགས་ལ་སྐྱེད་འབབ་ཆག་ཡངས་ཀྱིས་ངོ་བོ་རྣམས་བསྡེབས་སྤྲོད་མ་དགོས་པར་ལོ་དུས་རིམ་སྤྲོད་བྱ་རྒྱུ། འགའ་ཤས་གཞུང་བུན་བླངས་ཏེ་འཁོས་འབྱོར་བཟང་པོར་གྱུར་ཡོད་པ་རྣམས་ཀྱི་ངོ་སྐྱེད་རྣམས་ལོ་དུས་རིམ་སྤྲོད་བྱ་རྒྱུ་བཅས་བཟོས་པར་སོ་ནམ་པ་ཚང་མས་དགའ་མོས་བྱུང་འདུག ཐོག་མར་ཁོང་ཚོ་བུན་འབོར་ཆེ་བས་བློ་གཡེང་བྱུང་ཡང༌། རྗེས་སུ་བུ་ལོན་གྱི་གནས་ཚུལ་རྣམས་ཤེས་ནས་དགའ་བོ་དང༌། བློ་བདེ་བོ་བྱུང་ཡོད་པ་རེད།
བསྒྱུར་བཅོས་གལ་གནད་ཆེ་ཤོས་ནི་སྒེར་གྱིས་འཛིན་སྐྱོང་བྱེད་པའི་གཞིས་ཁག་ཆེན་པོ་རྣམས་ཡིན། དེ་རྣམས་ལོ་མང་པོའི་སྔོན་ནས་སྒེར་ཁག་ཚོར་སྤྲད་དེ་ཁོང་ཚོའི་ཕ་གཞིས་སུ་གྱུར་པ་རེད། དེའི་ཁྲལ་དོད་ལྟ་བུར་ཁྱིམ་ཚང་དེའི་བུ་ཞིག་ནས་གཞུང་ཞབས་གྲས་སུ་ཡོང་དགོས་ཤིང༌། འགའ་ཤས་ནས་གཞུང་ལ་གླ་བོགས་སྤྲོད་སྲོལ་ཡོད། གཞིས་ཀའི་ཡོང་འབབ་ཁ་ལྷག་རྣམས་གཞུང་ཞབས་དེའི་གླ་ཕོགས་ལྟ་བུ་ཡིན། དེ་ནི་གཞུང་ཞབས་སྐྱ་བོ་ཚོ་བསྡུ་འཛོམས་བྱེད་ཚུལ་དེ་རེད། སྒེར་ཁག་དེ་ཚོའི་ཁོངས་སོ་ནམ་པ་མང་པོ་ཡོད་པ་དེ་ཚོ་ནི་གཞུང་གི་ཐད་ཀའི་ལྟ་རྟོག་འོག་ཏུ་མེད། ཁོང་ཚོ་ལ་སྒེར་ཁག་གི་ལུགས་སྲོལ་ལྟར་གྱི་དབང་ཚད་ཅིག་ཡོད་ཅིང༌། ངོ་མ་ཕལ་ཆེར་ལྷ་སར་སྡོད་དགོས་པར་བརྟེན་དབང་ཆ་དེ་དག་ཁོང་ཚོའི་གཉེར་ཕྱག་ཚོར་སྤྲོད་ཀྱི་ཡོད་པ་རེད། ལེགས་བཅོས་ཚོགས་པ་དང༌། བཀའ་ཤག་ནས་སྔར་གྱི་ལུགས་སྲོལ་དེ་ལ་བརྟག་ཞིབ་ནན་ཏན་བྱས་པའི་བསམ་ཚུལ་འབྱོར་བྱུང༌། གཞིས་ཁག་ཆེན་པོ་ཕལ་ཆེར་གཞུང་འཛིན་བྱེད་རྒྱུ་དང༌། སྒེར་པའི་ནང་མི་ཚོར་རིན་སྐྱིན་སྤྲོད་རྒྱུ། གཞུང་ཞབས་མི་འགྲོར་དངུལ་ཕོགས་སྤྲོད་རྒྱུ། ས་ཞིང་དེ་རྣམས་སོ་ནམ་པ་ཚོར་བགོ་རྒྱུ་བཅས་བྱས་ཤིང༌། དེ་ལྟར་བྱས་ན་སོ་ནམ་པ་ཚོ་གཞུང་གི་ཐད་ཀའི་ལྟ་རྟོག་འོག་གནས་སྟངས་འདྲ་མཚུངས་ཡོང་རྒྱུ་མ་ཟད། ཁྲིམས་ལུགས་ཀྱང་ཆ་སྙོམས་ཡོང་གི་རེད།
དེ་ལྟ་བུའི་བསྒྱུར་བཅོས་ཤིག་དགོན་ཁག་ཚོར་སྤྲད་ཡོད་པའི་གཞིས་ཀ་ཆེན་པོ་ཚོར་ཡང་གཏོང་དགོས་ཀྱང༌། སྔོན་ལ་སྒེར་ཁག་ཚོར་ལག་ལེན་བྱེད་རྒྱུ་བྱས་པ་རེད། འོན་ཀྱང་ང་ཚོའི་བསྒྱུར་བཅོས་དེའི་གོམ་རིམ་དུ་མ་སླེབ་གོང་རྒྱ་མིས་ང་ཚོར་དབང་བསྒྱུར་བྱས་པར་བརྟེན། ཁོང་ཚོས་མོས་མཐུན་མ་བྱས་བར་ང་ཚོས་ཕན་ནུས་ཡོད་པའི་བསྒྱུར་བཅོས་དེ་རིགས་བྱེད་མི་ཐུབ། ཁོང་ཚོས་གུང་བྲན་གྱི་བཅོས་བསྒྱུར་བྱེད་སྟངས་ཀྱི་བསམ་ཚུལ་བཟུང་བ་དེ་ལ་བོད་ཀྱི་སོ་ནམ་པ་ཚོའི་འདོད་བློར་མ་བབ་པ་རེད། གལ་ཏེ་ང་ཚོའི་གཞུང་གི་བསམ་ཚུལ་ལྟར་གྱི་བཅོས་བསྒྱུར་བྱས་ཡོད་ན་རྒྱ་མིའི་བྱེད་སྟངས་དེར་ད་དུང་མི་དགའ་བ་ཆེ་རུ་འགྲོ་རྒྱུ་རེད། དེར་བརྟེན་བཅོས་བསྒྱུར་དེ་སྐོར་ང་ཚོས་བསྐུལ་མ་ཇི་ལྟར་བྱས་ཀྱང་རྒྱ་མིས་ལན་བཟང་ངན་གང་ཡང་མ་སྤྲད་པའི་མཐར་གནས་ཚུལ་སྡུག་པོ་གཞན་དག་བྱུང་སྟེ་གནས་སྐབས་མཚམས་འཇོག་བྱ་དགོས་བྱུང་སོང༌།
དེར་བརྟེན་ང་ཚོས་སྔར་གྱི་གནས་སྟངས་ནས་དེང་དུས་ཀྱི་སྤྱི་ཚོགས་སུ་བསྒྱུར་རྒྱུའི་འགོ་འཛུགས་ཤིག་བྱས་ཀྱང༌། ལྡོག་ཏུ་མེད་པའི་གནས་ཚུལ་གྱིས་འགོག་རྐྱེན་བྱུང་ཞིང༌། བོད་མི་ཕལ་བ་ཚོར་ད་དུང་ཡར་རྒྱས་ཀྱི་བྱེད་ཐབས་མང་པོ་བསྡད་ཡོད་པ་དེ་སྐོར་ང་དང༌། ངའི་གཞུང་གིས་མ་འོངས་པར་ཁོང་ཚོའི་འཚོ་ཐབས་ཡར་རྒྱས་གཏོང་བའི་རེ་འདུན་ཇི་ཡོད་ལེའུ་གཞན་ཞིག་ནང་བརྗོད་རྒྱུ་ཡིན། ང་ཚོས་ལུགས་སྲོལ་ནང་བྱེད་སྟངས་ནོར་འཁྲུལ་ཅན་ཡོད་པ་དང༌། གནམ་གཤིས་མཐུན་རྐྱེན་ཞན་ཡང༌། བོད་ནི་ཡུལ་ལུང་སྐྱིད་པའི་གྲས་ཤིག་ཡིན་པར་ཡིད་ཆེས་ཡོད། ང་ཚོས་ལུགས་སྲོལ་འདིས་བཙན་གནོན་བྱེད་པའི་དུས་སྐབས་ཡོང་སྲིད་ན་ཡང༌། སྤྱིར་བཏང་བོད་མིའི་རང་གཤིས་ནི་བཙན་གནོན་བྱེད་མཁན་ཞིག་གཏན་ནས་མ་ཡིན། སྔར་གྱི་ས་བདག་ལུགས་སྲོལ་ལས་བྱུང་བའི་བཙན་གནོན་བྱེད་སྟངས་ནི་ཆེས་ཉུང་ངུ་ལས་མེད། དུས་རབས་མང་པོའི་རིང་གྲལ་རིམ་ཚང་མས་ཆོས་ཀྱི་ཉམས་ལེན་བྱེད་པ་དེས་མ་རབས་ངན་སྤྱོད་ལ་འགོག་རྐྱེན་དང༌། སེམས་རྒྱུད་ཞི་དུལ་བག་ཡོད་དུ་བསྒྱུར་ཡོད་པ་རེད།
ཆོས་ལུགས་གཞན་དག་ཚོས། ལས་ཀྱི་དབང་གིས་སྐྱེ་བ་ལེན་པ་དང༌། སྐྱིད་སྡུག་ལ་ཡིད་ཆེས་བྱེད་སྟངས་དེ་ཧ་ཅང་ཐལ་དྲགས་པ་རེད། ཅེས་ཟེར་བ་ནི་ཡོངས་རྫོགས་བདེན་པ་མིན། བོད་མི་སོ་ནམ་པ་དབུལ་པོ་ཞིག་ནས་རང་གི་དཔོན་ཁུངས་འབྱོར་ལྡན་དེ་ལ་ཕྲག་དོག་མི་བྱེད་ཅིང༌། དེ་ནི་གཉིས་ཀར་ཚེ་སྔ་མའི་འབྲས་བུ་སྨིན་པར་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱུ་འབྲས་ཀྱི་རྣམ་གཞག་ནང་ཚེ་འདིར་རང་གི་གནས་ཚུལ་ཇེ་ལེགས་སུ་གཏོང་བ་ལ་འགོག་རྐྱེན་གང་ཡང་མེད་ཅིང༌། ང་ཚོའི་ཆོས་ཀྱིས་སྐྱེ་བ་གཞན་གྱི་གནས་ཚུལ་ཡང་ཇེ་ལེགས་སུ་གཏོང་ཐུབ་པ་ཡིན། སྦྱིན་གྲོགས་དངོས་འབྲེལ་ལ་ཕན་ཡོན་གཉིས་ཡོད། སྦྱིན་གྲོགས་བྱེད་ཡུལ་ལ་ཚེ་འདིར་ཕན་ཞིང༌། སྦྱིན་གྲོགས་བྱེད་མཁན་ལ་ཚེ་འདིའམ་སྐྱེ་བ་གཞན་དུ་ཕན་པ་ཡིན། སྤྱི་ཚོགས་ཀྱི་གནས་སྟངས་སམ། མཐོང་ཚུལ་དེ་ལ་བོད་མི་ཚོས་རྩོད་མེད་དུ་ཁས་ལེན་བྱེད་ཀྱི་རེད།
བོད་ཀྱི་ལུགས་སྲོལ་དེ་ས་བདག་རིང་ལུགས་འདྲ་བོ་ཡོད་ཀྱང༌། ས་བདག་རིང་ལུགས་གཞན་དག་དང་ཀུན་ཏུ་མཚུངས་པ་མིན། དེ་དག་གི་སྤྱི་བོར་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཞིག་ཡོད་པ་དེ་ལ་ལོ་བརྒྱ་ཕྲག་མང་པོའི་གོང་ནས་མི་མང་ཚང་མས་ཡིད་ཆེས་གུས་བརྩི་བྱེད་ཀྱི་ཡོད་པ་དང༌། གཞུང་གི་དཔོན་རིགས་རྣམས་ཀྱི་གོང་མཐར་གཏུགས་ན་ཡིད་ཆེས་བློ་འགེལ་བྱེད་ས་ཞིག་ཡོད་པར་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དངོས་དོན་དུ་ཏཱ་ལའི་བླ་མའི་བཞེད་སྲོལ་དང༌། སློབ་སྦྱོང༌། ཆོས་ཀྱི་ནུས་ཤུགས་བཅས་ཀྱིས་གཞན་ལ་དབང་ཤེད་མནར་གཅོད་བྱེད་པ་ཡོང་མི་སྲིད་པ་ཡིན།
དེར་བརྟེན་ཚང་མ་སྐྱིད་པོ་ཡོད་པ་རེད། འདོད་པ་བྱས་ན་འདོད་པ་ལ་རྫོགས་མཐའ་མེད་ཅིང༌། བདེ་སྐྱིད་ནི་གཙོ་བོར་ཡིད་ཀྱི་བདེ་བ་ལས་འབྱུང༌། བོད་མི་མང་པོར་འཇིག་རྟེན་གྱི་བྱ་གཞག་ལ་དཀའ་ངལ་ཡོད་ཀྱང༌། ཁོང་ཚོ་འདོད་ཆེན་གྱི་རིགས་མ་ཡིན་སྟབས་ང་ཚོ་རིའི་སྟེང་གནས་ཚུལ་སྟབས་བདེ་དང༌། འཁོས་ཆུང་དུ་གནས་མཁན་ཚོ་ཡང༌། གཅིག་བྱས་ན་འཛམ་གླིང་གྲོང་ཁྱེར་གཞན་དག་ལས་ཡིད་ཀྱི་བདེ་བ་མང་བ་ཡོད་ཀྱི་རེད།། །།