༄༅། །ང་སློབ་གཉེར་བྱེད་སྐབས། ༡༩༤༨ ལོར་ཡུལ་ནང་རྒྱ་མི་གུང་བྲན་གྱི་སོ་པ་ཡོད་པ་གཞུང་ནས་ཤེས་ཐོས་བྱུང༌། ཁོང་ཚོ་ནི་ང་ཚོའི་དམག་ཤུགས་ཆེ་ཆུང་དང༌། ཕྱི་རྒྱལ་ནས་དྲག་པོའི་རོགས་རམ་ཡོད་མེད་བལྟ་བའི་ཆེད་ཡོང་བ་རེད།
ཁོང་ཚོས་ཤེས་དགོས་པ་རྣམས་རྙེད་རྟོགས་ལ་དཀའ་ངལ་བྱུང་ཡོད་ཀྱི་མ་རེད། ངས་ཤེས་རྟོགས་ལ་དྲག་པོའི་རོགས་རམ་ལེན་རྒྱུ་ལྟ་ཅི། སྐབས་དེར་བོད་ནང་ཕྱི་རྒྱལ་མི་རིགས་དྲུག་ལས་མེད། ཡེ་ཤུའི་ཆོས་སྤེལ་མཁན་གཅིག་དང། ང་ཚོའི་གཞུང་ནས་རླུང་འཕྲིན་ལས་ཀ་སྤྲད་པ་གཉིས་བཅས་ཁོང་གསུམ་དབྱིན་ཇི་དང༌། གཞན་གསུམ་གྱི་ནང་ནས་གཉིས་ནི་ཨོ་སེ་ཀྲི་རི་ཡན་ཡིན། གཅིག་ནི་རུ་སུ་དཀར་པོ་རེད། ཁོང་གསུམ་རྒྱ་གར་གྱི་དབྱིན་ཇིའི་བཙོན་ཁང་ནས་བྲོས་བྱོལ་དུ་ཡོང་བ་རེད། ཁོང་ཚོ་ཚང་མས་དྲག་པོའི་ལས་དོན་གང་ཡང་བྱས་ཡོད་པ་མིན།
ང་ཚོའི་འགོ་དམག་ཡོངས་རྫོགས་བསྡོམས་ན་བརྒྱད་སྟོང་ལྔ་བརྒྱ་ཙམ་ལས་མེད། མེ་མདའ་རིང་མདའ་ནི་ཚང་མར་ལྡེང་ལྷག་ཙམ་ཡོད། མོ་ཀྲར་ཆེ་ཆུང་ ༢༥༠། མི་ཤིན་གྷན་དང༌། འཁོར་ལོ་ཅན་སོགས་ ༢༠༠ སྐོར། རིགས་མི་འདྲ་བ་གཞན་དག་ལྔ་བཅུ་སྐོར་བྱས་པ་འགའ་ཤས་ཡོད། དམག་མིའི་ལས་དོན་ནི་ངས་གོང་བརྗོད་ལྟར་བཀའ་འཁྲོལ་མེད་པའི་མི་སྣ་འགོག་སྲུང་དང༌། བསྐོར་བྱ་བའི་དོན་དུ་རེད། དེང་དུས་ཀྱི་དམག་འཁྲུག་རྒྱག་ཐུབ་པ་གང་ཡང་མེད། ཉེན་ཁའི་རྟགས་མཚན་དང་པོའི་རྗེས་རིང་མིན་བོད་ཀྱི་ཤར་ཕྱོགས་ས་ཁུལ་ནས་གནས་ཚུལ་གལ་ཆེ་ཉེན་ཁ་ཅན་འབྱོར་གྱི་ཡོད་པ་རེད། བོད་ཤར་ཕྱོགས་སྤྱི་ཁྱབ་ལྷ་ཀླུ་ས་མཚམས་ཀྱི་ཉེ་སྐོར་ཆབ་མདོར་ཡོད། ཁོང་དང་མཉམ་དུ་རླུང་འཕྲིན་ལས་བྱེད་དབྱིན་ཇི་གཅིག་ཡོད་ཅིང༌། མི་གཞན་དག་ལྷ་སར་ཡོད་པ་རེད། རྒྱ་མྀའི་དམག་དཔུང་ཆེན་པོ་ཤར་ཕྱོགས་ས་ཁུལ་དུ་གསོག་འབྱོར་ཡོད་པའི་གནས་ཚུལ་གསང་ཏར་རླུང་འཕྲིན་ནས་བརྗོད་ཀྱི་ཡོད་པ་དང༌། ཁོང་ཚོས་ང་ཚོར་རྒོལ་འཛིངས་བྱེད་རྒྱུའི་འཇིགས་སྣང་སྟོན་པ་གསལ་པོ་མཐོང་གི་ཡོད་པ་རེད།
ཛ་དྲག་གི་གསར་འགྱུར་དེ་བཀའ་ཤག་ཏུ་འབྱོར་ཏེ་ཚོགས་ཆེན་ཚོགས་འདུ་ཞིག་ཚོགས་འདུག སྐབས་དེར་བོད་ཤར་ཕྱོགས་སུ་དེ་སྔའི་དུས་རབས་མང་པོའི་ནང་བྱུང་མ་མྱོང་བའི་ཉེན་ཁ་ཆེན་པོ་ཞིག་ལྷགས་པ་དང༌། རྒྱ་ནག་དམར་ཤོག་གིས་རྒྱ་ནག་དབང་སྟེ་ཡུལ་དེར་མི་རབས་མང་པོར་མ་བྱུང་བའི་ཤུགས་དང་ཆིག་བསྒྲིལ་བྱུང་ཞིང༌། དེར་བརྟེན་ང་ཚོར་བྱུང་བའི་ཉེན་ཁ་དེ་ནུས་ཤུགས་ཆེ་བ་མ་ཟད། རྣམ་པ་མི་འདྲ་བ་ཞིག་ཀྱང་རེད། སྔ་དུས་ང་ཚོ་ཡུལ་ཕན་ཚུན་ལ་རྒྱུན་དུ་ཆོས་ཀྱི་མཐུན་འབྲེལ་ཡོད་ན་ཡང༌། ད་ཆ་ང་ཚོ་དྲག་པོའི་དབང་ཤུགས་འོག་ཏུ་ཚུད་ཉེན་ཡོད་པས་མ་ཚད། དངོས་གཙོར་ལྟ་བའི་དབང་ཤུགས་འོག་ཏུའང་ཚུད་ཉེན་ཡོད་པ་རེད། ང་ཚོ་བོད་མིས་ཤེས་ཚོད་ལྟར་བྱས་ན་གནས་ཚུལ་དེ་ལ་ནམ་ཡང་འདོད་བབས་ཡོད་པ་མིན། ཚོགས་ཆེན་ནས་བོད་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་མིར་དངོས་སུ་འཐབ་འཛིངས་བྱེད་དགོས་ན། མི་འབོར་དང༌། གོ་ལག་གང་ས་ནས་ལྡེངས་ཐབས་མེད་པར་བརྟེན་རྒྱ་དམར་བཀག་འགོག་ཕྱིས་སྐྱོན་མེད་པ་ཡོང་ཆེད་རྒྱལ་ཁབ་གཞན་དག་ལ་ཛ་དྲག་གི་སྙན་ཞུ་འབུལ་རྒྱུར་མོས་ཐག་བཅད་དེ། དབྱིན་ཇི་དང༌། ཨ་རི། རྒྱ་གར། བལ་ཡུལ་བཅས་པར་རོགས་རམ་ཞུ་བསྐུལ་ཆེད་སྐུ་ཚབ་ཚོགས་ཁག་བཞི་བསྐོས་ཐོག སྐུ་ཚབ་ཚོ་ལྷ་ས་ནས་མ་ཐོན་གོང་རྒྱལ་ཁབ་དེ་ཚོའི་གཞུང་ལ་ང་ཚོའི་རང་དབང་རང་བཙན་ལ་ཉེན་ཁ་ཡོད་པ་དང༌། སྐུ་ཚབ་གཏོང་འདོད་ཡོད་པའི་སྐོར་ཏར་བཏང་བ་ལ་བློ་ཕམ་འོས་པའི་ཏར་ལན་འབྱོར་འདུག དབྱིན་གཞུང་ནས་རྒྱ་གར་ལ་རང་བཙན་སྤྲད་ཟིན་པར་བརྟེན་བོད་ཀྱི་ས་ཆའི་ཆགས་བབས་དང་བཅས་རོགས་རམ་བྱེད་ཐབས་དཀའ་ཡང༌། བོད་མི་ཚོར་སེམས་གསོ་གཏིང་ཟབ་ཡོད་ཚུལ་བརྗོད་ཅིང༌། ཨ་རི་གཞུང་ནས་ཀྱང་ལན་འདེབས་ཕྱོགས་མཐུན་བྱས་ཏེ་ང་ཚོའི་སྐུ་ཚབ་དང་ལེན་བྱས་མི་འདུག། རྒྱ་གར་གཞུང་ནས་ང་ཚོར་སློབ་སྟོན་བྱས་གསལ་དུ། རྒྱ་གར་གཞུང་ནས་དྲག་པོའི་རོགས་རམ་བྱེད་མི་ཐུབ་པ་གསལ་པོར་བརྗོད་པ་དང༌། མཚོན་ཆ་བཟུང་སྟེ་འགོག་ཐབས་མ་ཡིན་པར་ ༡༩༡༤ སིམ་ལའི་ཆིངས་དོན་རྩ་འཛིན་གྱིས་ཞི་གྲོས་བྱས་ན་ལེགས་ཚུལ་བརྗོད་སྟབས་དྲག་པོའི་ཆ་ནས་ང་ཚོ་གཅིག་པུར་གནས་པ་ཤེས་རྟོགས་བྱུང༌།
༡༩༥༠ ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང༌། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང༌། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་འཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང༌། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད།
དུས་ཡུན་ཐུང་ངུ་ཞིག་རིང་ས་ཁུལ་འགའ་ཤས་སུ་བོད་དམག་ལ་ཁམས་རིགས་དྭང་བླངས་པས་རོགས་རམ་གྱིས་རྒྱ་མིར་འཐབ་འཛིངས་བྱས་པར་རྒྱལ་ཁ་ཕྲན་བུ་ཐོབ་ན་ཡང༌། དམག་མི་མང་ཉུང་ཤོར་ཏེ་ཕམ་ཉེས་དབང་མེད་དུ་བྱུང༌། སྤྱི་ཁྱབ་གསར་རྙིང་བརྗེས་པ་དེས་ཀྱང་སྲིད་བྱུས་འཁྲུགས་ཟིང་དུ་གྱུར་པ་མ་ཟད། ང་ཕོད་ཀྱི་ལས་ཁང་ཆབ་མདོ་ནས་ནུབ་ཕྱོགས་སུ་སྤོས་ཤིང༌། ཆབ་མདོའི་གོ་མཛོད་མེར་བསྲེགས་བྱས་འདུག
སྐབས་དེར་ཁོང་ཚོ་ཕྱིར་བྲོས་བྱས་པ་དེར་ཕལ་ཆེར་དགེ་མཚན་བྱུང་མེད་ཅིང༌། ནང་ཁུལ་གྱི་འབྲེལ་བ་ཆད་པ་དང༌། རྒྱ་དམག་རྣམས་ང་ཕོད་ཀྱི་ཉེ་སྐོར་དུ་འགྲིམས་འགྲུལ་མྱུར་བདེར་ཕྱིན་ཏེ་ང་ཕོད་དང༌། བོད་དམག་མང་པོ་མགོ་སྒུར་བྱ་དགོས་བྱུང༌།
རྒྱ་མིས་ཆབ་མདོའི་རླུང་འཕྲིན་ཁང་དང༌། གཏོང་མི་དགེ་རྒན་དབྱིན་ཇིའི་མི་དེ་འཛིན་བཟུང་བྱས་པར་བརྟེན་དུས་ཡུན་གང་འཚམས་རིང་གནས་ཚུལ་གང་ཡང་འབྱོར་མ་ཐུབ། དེ་རྗེས་རྒྱ་མིའི་དམག་དཔོན་གྱི་བློ་མོས་ཐོག་ང་ཕོད་ནས་དཔོན་རིགས་གཉིས་ལྷ་སར་བཏང་འབྱོར་བྱུང་དོན་དུ། ང་ཕོད་བཙོན་པ་ཡིན་ལུགས་དང༌། ཞི་མོལ་བྱེད་པའི་དབང་ཆ་དགོས་ཚུལ། རྒྱ་མིའི་དམག་དཔོན་ནས་ད་ལྟའི་ས་གནས་ལས་བརྒལ་བའི་དབང་འཛིན་མི་བྱེད་པའི་ཁས་ལེན་བྱུང་ཚུལ་བཅས་ཡོད་པ་རེད།
བོད་ཤར་ཕྱོགས་སུ་གནས་ཚུལ་ཛ་དྲག་ཅན་ཤིན་ཏུ་སྡུག་པོ་དེ་ལྟར་ཡོང་སྐབས་ལྷ་སར་བོད་གཞུང་ནས་ལྷ་དང༌། བླ་མ་ཆེ་ཁག་ཚོར་སློབ་སྟོན་ཞུས་ཏེ། ཁོང་ཚོའི་བསླབ་བྱའི་ལམ་སྟོན་གྱིས་བཀའ་ཤག་ནས་བོད་ཀྱི་འགན་དབང་ཕྲན་ནས་འཛིན་དགོས་བརྗོད་བྱུང༌། ལྷ་བླའི་ལུང་བསྐུལ་དེ་ལྟར་བྱས་ན་ཡང༌། སྐབས་དེར་ང་ལོ་བཅུ་དྲུག་ལས་མ་སོན་ཞིང༌། ཆོས་ཀྱི་སློབ་གཉེར་བྱ་རྒྱུ་མང་པོ་བསྡད་ཡོད་པ་མ་ཟད། འཛམ་གླིང་གི་གནས་ཚུལ་ཤེས་རྒྱ་ཆུང་ཞིང༌། སྲིད་དོན་གྱི་ཉམས་མྱོང་གང་ཡང་མེད། དེར་བརྟེན་ངས་ཐོག་མར་བཀའ་ཤག་ལ་རྒྱལ་དབང་གོང་མས་ལུགས་གཉིས་འགན་བཞེས་དགུང་ལོ་བཅོ་བརྒྱད་ཙམ་ལ་བཞེས་པར་བརྟེན་ད་ལྟ་ལོ་ན་ཆུང་བས་འགན་འཁུར་མི་ཐུབ་ཚུལ་བརྗོད་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་སོ་སོའི་དབར་རྒྱལ་ཚབ་ཀྱི་དུས་ཡུན་རིང་པོར་ང་ཚོའི་གཞུང་གི་ཆབ་སྲིད་ཉམས་དམས་སུ་ཕྱིན་ཡོད་པ་དང༌། ཕྲན་ལོ་ན་ཆུང་སྐབས་ང་ཚོའི་གཞུང་ནང་མི་མཐུན་པའི་གནས་ཚུལ་བྱུང་ཞིང༌། ཆབ་སྲིད་སྐྱོང་སྟངས་ཀྱང་ཉམས་རྒུད་གྱུར་ཏེ་མི་ཕལ་ཆེ་བས་འགན་དབང་ལ་གཡོལ་ཐབས་བྱེད་པའི་དུས་ཤིག་ཏུ་སླེབས་ཡོད། ད་ཆ་བཙན་འཛུལ་གྱི་ཉེན་ཁའི་འོག་ང་ཚོའི་ཆིག་བསྒྲིལ་དགོས་མཁོ་སྔར་ལས་ཆེ་བ་བྱུང་བ་དང༌། ཡུལ་མི་ཚང་མས་མོས་བཀུར་བྱེད་ཡུལ་ནི་ཕྲན་ཙམ་ཡིན། ཕྲན་ནས་ཐེ་ཚོམ་བྱས་པར་བརྟེན་ཚོགས་ཆེན་ཚོགས་ཤིང༌། བཀའ་ཤག་གི་རེ་འདུན་ལ་ཚོགས་ཆེན་ནས་རྒྱབ་གནོན་བྱས་པར་བརྟེན་ང་ཚོའི་རྒྱལ་རབས་ནང་གི་གནས་ཚུལ་ཉེན་འགན་ཅན་དེ་འདྲའི་སྐབས་རང་གི་འགན་འཁུར་དང་དུ་མ་བླངས་པར་འཇོག་ཐབས་མ་བྱུང་ཞིང༌། ཕྲན་ལོ་ན་ཆུང་ངུ་ཡིན་ཀྱང༌། ཆུང་ངུའི་དུས་སྐབས་དེ་རྒྱབ་བསྐྱུར་ཐོག རང་ངོས་ནས་གང་ཐུབ་ཀྱིས་རང་གི་ལུང་པའི་འགོ་འཁྲིད་ཐོག ནུས་ཤུགས་ཅན་གྱི་རྒྱ་དམར་གྱི་ཁ་ཡ་བྱེད་པའི་འགན་ཁུར་དེ་བློ་གཡེང་དང་བཅས་ལེན་དགོས་བྱུང༌། ལུགས་སྲོལ་ལྟར་གྱི་མཛད་སྒོ་སོགས་བྱས་ཏེ་དབང་ཆ་ཚང་མ་བླངས། ཕྲན་གྱི་མིང་ཐོག་ནས་དྲིལ་བསྒྲགས་ཀྱིས་བོད་ནང་བཙོན་པ་ཡོད་ཚད་གློད་བཀྲོལ་རང་དབང་དུ་བཏང་བ་ཡིན། སྐབས་འདིར་ཕྲན་གྱི་གཅེན་པོ་རྒན་ཤོས་ཤར་ཕྱོགས་ནས་ལྷ་སར་འབྱོར། ཁོང་ནི་ང་ཚོ་སྐྱེས་པའི་གྲོང་གསེབ་ཉེ་སྐོར་སྐུ་འབུམ་དགོན་པའི་མཁན་པོ་གནང་དུ་ཕེབས། རྒྱ་མིའི་དབང་འོག་ཁོང་མཁན་པོ་གནང་སའི་ས་ཁུལ་དེར་ཅང་ཀེ་ཤའི་གཞུང་གི་སྤྱི་ཁྱབ་རྨ་སྤུ་ཧྥང་གི་དབང་ཆ་ཤོར་བ་དང༌། གཞུང་གསར་པ་རྒྱ་དམར་གྱི་དཔུང་དམག་འབྱོར་བ་གཅེན་པོས་གཟིགས་ཡོད་པ་རེད། ཁོང་ནས་ཟིང་འཁྲུག་དང༌། བཙན་གནོན་དངངས་སྐྲག་ཅན་གྱི་གནས་ཚུལ་ལོ་གཅིག་གཟིགས་པ་དེའི་ནང་རྒྱ་དམར་ཚོས་བརྗོད་གསལ་དུ། ང་ཚོས་མི་མང་སྐྱོང་བ་དང༌། ཆོས་དད་རང་དབང་སྤྲོད་ཆེད་ཡོང་ཚུལ་བརྗོད་བཞིན་དུ་ཆོས་ཀྱི་དབང་ཆ་འཕྲོགས་པ་དང༌། རང་ཉིད་སྲུང་སྐྱོབ་དམ་བཙན་འོག་ཏུ་བཞག་སྟེ་དམར་པོའི་ལྟ་སྤྱོད་སློབ་སྦྱོང་མུ་མཐུད་དུ་གནང་དགོས་བྱུང༌། མཐར་རྒྱ་མིས་ཁོང་ལ་བརྗོད་རིགས་སུ། བོད་རྒྱ་ནག་གི་ཆ་ཤས་ལ་བརྟེན་ང་ཚོས་བོད་ཡོངས་རྫོགས་བླངས་ཏེ་བོད་གུང་བྲན་རིང་ལུགས་སུ་བསྒྱུར་རྒྱུ་ཡིན་ལུགས་བརྗོད་ཅིང༌། དེ་ནས་ཁོང་ལྷ་སར་རྒྱ་དམར་གྱི་སྐུ་ཚབ་ལྟ་བུར་བཏང་སྟེ་ང་དང༌། ངའི་གཞུང་རྒྱ་དམར་གྱི་དབང་འོག་ཏུ་ཞུགས་རྒྱུའི་འབོད་བསྐུལ་བྱེད་དགོས་མངགས་འདུག གལ་སྲིད་ཁོང་ནས་ལས་དོན་དེ་འགྲུབ་ན་བོད་ཀྱི་གོ་མིང་མཐོ་བ་ཞིག་སྤྲོད་རྒྱུའི་ཁས་ལེན་བྱས་འདུག་པར་ཁོང་གིས་དེ་ལྟར་ཡོང་མིན་བརྗོད་ཀྱང༌། དེ་ལ་མཐའ་བཀག་བྱས་ན་སྲོག་ཉེན་ཡོད་པར་མཐོང་བ་མ་ཟད། རྒྱ་མིའི་འཆར་དོན་རྣམས་ཕྲན་ལ་བརྗོད་དགོས་པ་ཁོང་གི་ལས་འགན་ཡིན་པ་ཡང་དྲན་ཏེ་དེ་ལ་མོས་མཐུན་བྱེད་ཁུལ་བྱས་འདུག དེས་རྒྱ་མིའི་མིག་འོག་ནས་ཐར་ཏེ་ལྷ་སར་འབྱོར་རྗེས་རྒྱ་མིའི་ཉེན་ཁ་ཇི་ཡོད་ང་ཚོར་ཞིབ་གསལ་གསུང་གི་འདུག སྐབས་དེར་བོད་དོན་འདི་དག་བཀའ་ཤག་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུས་འབྲས་སྒུག་སྡོད་རིང་ངའི་བསམ་པར། ཐོག་མའི་ལས་དོན་ནི་རྒྱ་གར་གྱི་སློབ་སྟོན་ལྟར་ཞི་མོལ་འགྲིགས་ཐབས་བྱ་རྒྱུ་དང༌། རྒྱ་མི་ནས་གནོད་འགལ་ཇི་ཆེར་མ་བཏང་གོང་ཞི་འཕྲོས་ཡོང་ཐབས་བྱས་ན་སྙམ་སྟེ། ཆབ་མདོའི་དམག་དཔོན་བརྒྱུད་རྒྱ་ནག་གཞུང་ལ་ཡི་གེ་བཏང་བའི་ནང༌། ང་ལོ་ན་མ་སོན་བར་བོད་དང༌། རྒྱ་ནག་དབར་ལ་འབྲེལ་ལམ་སྡུག་པོ་བྱུང་ཡང༌། ད་ཆ་ཕྲན་རང་ནས་ལས་འགན་བླངས་པར་བརྟེན་རང་རེའི་དབར་སྔར་གྱི་མཛའ་གྲོགས་འབྲེལ་ལམ་བཟང་པོ་བསྐྱར་གསོ་བྱེད་འདོད་ཡོད་ལུགས་དང༌། བོད་དམག་འཛིན་བཟུང་བྱས་པ་རྣམས་ཕྱིར་སློག་དགོས་པ། རྒྱ་དམག་བོད་སར་བཙན་འཛུལ་བྱས་པ་རྣམས་ཕྱིར་འཐེན་དགོས་ལུགས་བརྗོད་པ་ཡིན།
སྐབས་དེར་གནས་ཚུལ་ཉེན་འགན་ཅན་དེར་མི་མང་གི་བསམ་ཚུལ་ཇི་ཡོད་ཤེས་རྟོགས་ཆེད་བཀའ་ཤག་ནས་ཚོགས་ཆེན་ཞིག་བསྡུ་འགུགས་བྱས་ཤིང༌། ཚོགས་འདུའི་བརྗོད་དོན་ལ་རྒྱ་ནག་བཅིངས་བཀྲོལ་དམག་ནས་ནམ་ཞིག་ལྷ་སར་བཙན་འཛུལ་བྱེད་རྒྱུར་བརྟེན་ངའི་ལུས་སྲོག་ལ་ཉེན་འགན་མི་འབྱུང་ཆེད་གྲོ་མོར་འགྲོ་བསྐྱོད་དགོས་པའི་རེ་འདུན་བཏོན་བྱུང༌། སྐབས་དེར་རང་ངོས་ནས་མི་མང་ལ་རོགས་རམ་གང་ཐུབ་བྱས་ཏེ་སྡོད་འདོད་ལས། འགྲོ་རྒྱུར་འདོད་པ་མེད་སྟབས་རེ་འདུན་དེ་ལ་འདོད་བབས་མ་བྱུང་ན་ཡང༌། བཀའ་ཤག་ནས་བརྗོད་ནན་ཆེ་བར་བརྟེན་མཐར་ཐུག་ཁོང་ཚོའི་རེ་འདོད་ལ་ཉན་འཇོག་བྱས་པ་ཡིན། བསམ་ཚུལ་མི་འདྲ་བ་ཡང་ཡང་ཡོང་གི་ཡོད་པ། དཔེར་ན། ངའི་རང་བཞིན་གྱི་བསམ་ཚུལ་ལ་ངེད་རང་ན་གཞོན་གཟུགས་ཐང་ཞིག་ཡིན་གཤིས། མི་མང་ལ་དཀའ་ཉེན་ཇི་ལྟར་བྱུང་རུང་རང་གི་བགོ་སྐལ་མཉམ་དུ་མྱོང་འདོད་ཡོད་ཀྱང༌། བོད་མི་ཚོས་ཏཱ་ལའི་བླ་མའི་སྐུ་སྲོག་ནི་ཤིན་ཏུ་རྩ་ཆེར་འཛིན་ཞིང༌། ངས་རང་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་པ་ལས་ཆེས་ལྷག་པ་མི་མང་ནས་བདག་གཅེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངས་འགྲོ་རྒྱུའི་གྲ་སྒྲིག་བྱས་ཤིང༌། མ་ཐོན་གོང་སྲིད་བློན་གཉིས་བསྐོས་པའི་གཅིག་སེར་མོ་བ་བློ་བཟང་བཀྲ་ཤིས་དང༌། གཅིག་ནི་ལོ་མང་གཞུང་དོན་བྱས་པའི་ཉམས་མྱོང་ཅན་ཀླུ་ཁང་པ་ཡིན། ཁོང་གཉིས་ལ་དབང་ཆ་ཚང་མ་སྤྲད་དེ་འགན་འཁུར་མཉམ་དུ་ལེན་བཅུག་ཐོག ་དོན་གལ་ཤིན་ཏུ་ཆེན་པོའི་རིགས་མ་གཏོགས་ངོས་ལ་དྲི་བསྡུར་མ་དགོས་ཞེས་མངགས་པ་ཡིན། ལོ་བཞི་བཅུའི་གོང་རྒྱ་མིས་བཙན་འཛུལ་སྐབས་ཏཱ་ལའི་བླ་མ་ཇི་ཕེབས་ལྟར་གནས་ཚུལ་ཐབས་རྡུགས་བྱུང་ན་ངོས་རྒྱ་གར་དུ་འགྲོ་དགོས་ཡོང་རྒྱུར། ངེད་ཀྱི་མཛོད་སྦུག་ནས་གསེར་དངུལ་ཕྲན་བུ་གཏོང་དགོས་ཞེས་བཀའ་བློན་ཚོས་བསམ་ཚུལ་ལྟར་གསེར་ཕྱེ་ལེབ་དང༌། དངུལ་ས་ཕག་གང་འཚམས་ལྷ་ས་ནས་འབྲས་ལྗོངས་སུ་བཏང་སྟེ་ལོ་དགུའི་རིང་བཞག་པ་དེས་མཐར་ང་ཚོར་དགོས་མཁོ་ཆེན་པོ་བྱུང༌། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བོད་དོན་སྐོར་གོ་བསྡུར་མི་བྱེད་པའི་གནས་ཚུལ་སྡུག་པོ་ཞིག་གོ་ཐོས་བྱུང་བས་ང་ཚོ་བློ་ཕམ་གྱི་གནས་སུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་བདེན་པའི་གནས་ཡུལ་ལྟ་བུར་ཡིད་ཆེས་བྱེད་བཞིན་ཡོད་ཀྱང༌། དབྱིན་ཇིའི་བརྗོད་རྗེས་སུ་འབྲངས་ཏེ་བོད་དོན་བདག་མེད་བཞག་པ་ནི་ཧ་ལས་པའི་བྱ་བཞག་ཡིན། དབྱིན་ཇི་དང་ང་ཚོ་སྔར་ནས་འབྲེལ་བ་ཡུན་རིང་བྱུང་ཞིང༌། དབྱིན་གཞུང་གི་ལས་བྱེད་ཤེས་ཡོན་ཅན་མང་པོའི་ས་ནས་ང་ཚོར་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད། ང་ཚོ་དབང་ཆ་ཚང་མ་ཡོད་པར་ཆ་འཇོག་དང༌། ཆིངས་ཡིག་མཉམ་འཇོག་བྱེད་མཁན་ཡང་དབྱིན་ཇི་ཡིན། ད་ཆ་དབྱིན་ཇིའི་སྐུ་ཚབ་ནས་རྒྱལ་སྤྱིའི་ནང་ང་ཚོའི་གནས་སྟངས་ལ་དྭོགས་འཆར་གྱིས་བོད་ནང་རྒྱ་མི་མེད་པར་ལོ་སུམ་ཅུ་སོ་བརྒྱད་ཙམ་ཕྱིན་ཀྱང༌། ད་དུང་རྒྱ་མིའི་ཁོངས་གཏོགས་མིན་ནམ་སྙམ་པ་ལྟ་བུའི་བརྗོད་ཚུལ་སྟོན་པ་དང༌། དེ་བཞིན་རྒྱ་གར་སྐུ་ཚབ་ཀྱི་རྣམ་འགྱུར་ཡང་བློ་ཕམ་འོས་པ་ཞིག་རེད། རྒྱ་གར་གྱི་བརྗོད་དོན་ལ་རྒྱ་ནག་དང༌། བོད་དབར་ཞི་འགྲིགས་ངེས་པར་ཡོང་རྒྱུ་དང༌། ནང་གི་རང་དབང་ཡང་བརྟན་པོ་བཟོ་ཐུབ། དེའི་ཐབས་ལམ་བཟང་ཤོས་ནི་རྒྱལ་ཚོགས་ཚོགས་ཆེན་ནང་གོ་བསྡུར་བྱེད་རྒྱུ་འཐེན་དགོས་ཚུལ་བརྗོད་འདུག
གོང་དུ་བརྗོད་གསལ་སུས་ཀྱང་དྲག་པོའི་རོགས་རམ་མི་བྱེད་པའི་གསར་འགྱུར་དེ་ལས་ཀྱང་ད་ལྟའི་གནས་ཚུལ་དེ་ལ་བློ་ཕམ་ཆེ་བ་བྱུང་ཞིང༌། ང་ཚོའི་གྲོགས་པོ་ཚོས་བདེན་རྒྱབ་ཞུ་འབོད་བྱེད་རྒྱུར་ཡང་རོགས་རམ་མ་བྱས་པར་ང་ཚོ་རྒྱ་ནག་བཅིངས་བཀྲོལ་དམག་མིའི་མདུན་དུ་བསྐྱུར་འཇོག་བྱས་པ་རེད། ད་ཆ་ལོ་རྒྱུས་ལ་བལྟས་ན་ང་ཚོ་དཀའ་ངལ་འདི་ལྟ་བུར་ཚུད་པ་ལ་ང་ཚོ་རང་གི་སྲིད་བྱུས་ཀྱིས་གྲོགས་རམ་ཇི་བྱས་ཀྱང་གསལ་པོ་མཐོང་ཐུབ། ༡༩༡༢ ལོ་ང་ཚོར་རང་དབང་རང་བཙན་གཙང་མ་ཐོབ་པའི་སྐབས་སུ་རང་ཉིད་གཅིག་པུར་སྡོད་རྒྱུ་དེར་འདོད་ཁེངས་བྱུང་སྟེ། ང་ཚོ་རང་དབང་རང་བཙན་ཡིན་པ་དེ་ཕྱི་རྒྱལ་ལ་ཁྲིམས་མཐུན་ཁུངས་སྐྱེལ་དགོས་ཀྱི་ཡོད་པའི་བསམ་བློ་འཁོར་བ་མ་བྱུང༌། ང་ཚོར་གནས་ཚུལ་སྡུག་པོ་འདི་ལྟར་མ་བྱུང་གོང་ང་ཚོ་རྒྱལ་ཁབ་ལྷན་ཚོགས་སམ། མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་འཐུས་བརྗོད་པའམ། ཡང་ན། རྒྱལ་ཁབ་ཆེ་ཁག་འགའ་ཤས་ལ་ང་ཚོའི་ཕྱི་འབྲེལ་སྐུ་ཚབ་བཏང་ཡོད་ན། ང་ཚོར་དབང་ཆ་ཚང་མ་ཡོད་པ་འདི་དག་ཚང་མས་ཁས་ལེན་རྩོད་མེད་དུ་བྱེད་རྒྱུ་ཡིན་པ་ལ་ཡིད་ཆེས་གཙང་མ་ཡོད་པ་མ་ཟད། བོད་ཀྱི་བདེན་དོན་གསལ་པོ་འདི་དག་སྔར་དུས་གནས་ཚུལ་ཐ་དད་སྐབས་བཞག་པའི་ཆིངས་ཡིག་རྙིང་པ་ཚོར་དྲན་འཁྲུལ་གོ་བསྡུར་བྱེད་པའི་སྒྲིབ་གཡོག་འདི་འདྲར་ཚུད་མི་ཐུབ། འཛམ་གླིང་འདི་དག་ཆེས་ཆུང་ངུར་གྱུར་ཏེ་མི་རིགས་སུ་ཞིག་ཡིན་ཡང་གཞན་ལ་འཚེ་གནོད་མེད་པར་སྔར་བཞིན་རང་ཉིད་གཅིག་པུར་སྡོད་ཐབས་མེད་པའི་སློབ་སྦྱོང་དང་ཉམས་མྱོང་ང་ཚོར་དཀའ་སྦྱོང་ཆེན་པོའི་ངང་བྱུང་བ་རེད།
ད་ཆ་ཕན་ཚུན་ཞི་མོལ་ཐོག་ནས་འགྲིགས་ཐབས་ལས་བྱེད་ཐབས་གཞན་མེད་པར་བརྟེན་ང་ཕོད་ལ་ཁོང་གི་ཞུ་མོས་ལྟར་ང་ཚོས་དབང་ཆ་སྤྲོད་གཏན་འཁེལ་ཏེ། ང་ཕོད་ནས་ལྷ་སར་བཏང་བའི་དཔོན་རིགས་གཅིག་ལ་ང་དང༌། ངའི་བཀའ་ཤག་གི་ཕྱིར་ལན་བསྐུར་བའི་ནང༌། རྒྱ་དམག་ད་ལྟ་ཡོད་ས་ལས་ལྷག་ཡོང་རྒྱུ་མེད་པ་གཞི་རྩར་བཟུང་སྟེ་འཕྲོས་མོལ་བྱ་དགོས་མངགས་ཡོད། ང་ཚོའི་བསམ་ཚོད་ལ་ལྷ་སའམ། རྒྱ་ནག་གི་དམག་མི་ཡོད་ས་ཆབ་མདོར་འཕྲོས་མོལ་བྱ་རྒྱུ་ཡིན་ཡང༌། རྒྱ་གར་ནང་ཡོད་པའི་རྒྱ་མིའི་སྐུ་ཚབ་ནས་འཕྲོས་མོལ་བྱེད་པར་པེ་ཅིང་དུ་འགྲོ་དགོས་བརྗོད་སྟབས། ང་ཕོད་ཀྱི་རོགས་སུ་མི་སྣ་བཞི་བསྐོ་བཞག་བྱས་ཤིང༌། ཁོང་ཚོ་པེ་ཅིང་དུ་ ༡༩༥༡ གི་ལོ་འགོར་འབྱོར་པ་རེད།
དུས་ཡུན་རིང་པོའི་རྗེས་ཁོང་ཚོ་ལྷ་སར་ཕྱིར་ལོག་ཟིན་ནས་མ་གཏོགས་ང་ཚོས་ཁོང་ཚོས་ཇི་བྱས་ཞིབ་གསལ་ཤེས་རྟོགས་མ་བྱུང་ཞིང༌། སྐབས་དེར་ཁོང་ཚོས་སྙན་སེང་ཞུ་གསལ། ཁོང་ཚོ་འབྱོར་གདོང་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ནས་སྣེ་ལེན་གསོལ་སྟོན་བཤམས་པ་དང༌། དེའི་སར་རྒྱ་མིའི་སྐུ་ཚབ་ཚོ་ངོ་སྤྲོད་བྱས་ལུགས། ཚོགས་འདུ་ཐོག་མར་ཚོགས་ཉིན་རྒྱ་མིའི་སྐུ་ཚབ་གཙོ་བོ་ནས་དོན་ཚན་བཅུ་འཁོད་པའི་གྲོས་མཐུན་ཟིན་བྲིས་ཤིག་སྟོན་པ་ལ་ཉིན་མང་གོ་བསྡུར་བྱས་ཤིང༌། ང་ཚོའི་སྐུ་ཚབ་ཚོས་བོད་རང་བཙན་ཡིན་ལུགས་བརྗོད་དེ་ཁུངས་སྐྱེལ་མང་པོ་བྱས་ཡོད་ཀྱང༌། རྒྱ་མིས་དོ་སྣང་ཙམ་ཡང་མ་བྱས་པར་མཐའ་མར་རྒྱ་མིས་བཟོ་བཅོས་ཀྱིས་གྲོས་མཐུན་ཟིན་བྲིས་དོན་ཚན་བཅུ་བདུན་ཡོད་པ་ཞིག་བཏོན་ཏེ་དེ་ལྷག་བྱེད་ཐབས་མེད་པའི་རྣམ་འགྱུར་བསྟན་ཅིང༌། དེ་ལ་ང་ཚོའི་སྐུ་ཚབ་ཚོས་བསམ་འཆར་འདོན་པ་དང༌། བཟོ་བཅོས་བྱེད་མ་བཅུག་པའི་ཐོག ཁོང་ཚོར་དམའ་འབེབས་དང༌། ཚིག་རྩུབ་བརྗོད། ཁོང་ཚོའི་ལུས་སྲོག་ལའང་འཇིགས་སྣང་བསྐུལ། བོད་མི་མང་ཐོག་ཏུ་ཡང་དྲག་ཤུལ་ཆེ་རུ་གཏོང་རྒྱུའི་རྣམ་འགྱུར་བསྟན་ཏེ་ང་དང༌། བོད་གཞུང་ལ་དྲི་སྐོར་བྱེད་དུ་བཅུག་མི་འདུག
བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གཞི་རྩར་བཟུང་སྟེ་བཞག་པའི་གྲོས་མཐུན་དེ་ནི་བདེན་འབྲེལ་ནམ་ཡང་མིན། ཁོང་ཚོ་གཞན་གྱི་དབང་འཛིན་འོག་མ་ཚུད་ན་ང་དང༌། ངའི་གཞུང་ལ་དྲི་བསྡུར་མ་བྱས་པར་ཁས་ལེན་འདི་ལྟར་བྱེད་མི་སྲིད། ང་ཕོད་ནི་རྒྱ་མིའི་བཙོན་པ་བྱས་ཏེ་ཡུན་རིང་སོང་ཞིང༌། སྐུ་ཚབ་གཞན་ཚོ་ཡང་བཙོན་པ་དང་ཆ་མཐུན་ཡིན། ཁོང་ཚོར་སློབ་སྟོན་བྱེད་མཁན་མ་བྱུང་སྟབས་མཐར་དབང་མེད་དུ་གྲོས་མཐུན་དེར་མིང་ཡིག་བཀོད་འདུག ཡིག་ཆ་ཁུངས་གཏན་ཡོང་ཆེད་དམ་ཕྲུག་རྒྱག་དགོས་པར་ཁོང་ཚོས་ཀ་ཀོར་བརྗོད་སྟབས་རྒྱ་མིས་པི་ཅིང་དུ་བོད་ཀྱི་རྟགས་ཐེལ་འདྲ་བརྫུས་བཟོས་ཏེ་ང་ཚོའི་སྐུ་ཚབ་ཚོར་ཡིག་ཆའི་ཐོག་ཕབ་བཅུག་པ་རེད།
ང་དང༌། ངའི་གཞུང་ལ་གྲོས་མཐུན་མིང་རྟགས་བཀོད་ཚུལ་མ་བརྗོད་ཀྱང༌། པི་ཅིང་རླུང་འཕྲིན་ནང་ང་ཕོད་ཀྱིས་དྲིལ་བསྒྲགས་བྱས་པ་ཞིག་ནས་ང་ཚོར་ཐོག་མར་གོ་ཐོས་ཤེས་རྟོགས་བྱུང་སྟེ་ཧ་ལས་བྱུང༌། གྲོས་མཐུན་དེའི་ནང་རྒྱ་མི་གུང་བྲན་གྱི་དྲིལ་བསྒྲགས་མང་པོ་བཅུག་པ་དང༌། དོན་གནད་འགའ་ཤས་རྩ་བ་ནས་མི་བདེན་པ་དང༌། འགའ་ཤས་ཆ་ཚང་བདེན་འབྲེལ་མིན་པ་བཀོད་ཡོད་པ་མ་ཟད། དོན་ཚན་དེ་ཚོའི་ནང་ང་ཚོའི་བསམ་ཚུལ་ལས་སྡུག་པ་དང༌། བཙན་གནོན་ཆེ་བ་འདུག
གྲོས་མཐུན་དེའི་གླེང་གཞིའི་ནང༌། ལོ་བརྒྱ་ཕྲག་ལྷག་ཙམ་ནང་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་རྒྱ་ནག་དང་བོད་ནང་འཛུལ་ཏེ་མགོ་གཡོག་དང༌། དཀྲུགས་ཤིང་བྱས་པའི་འབྲས་བུར་བོད་མི་མང་ཚེ་གཡོག་དང༌། སྡུག་བསྔལ་དུ་ཚུད་ལུགས་ཁུངས་མེད་ཀྱི་བརྗོད་ཚིག་བཀོད་ཡོད་པ་དང༌། རྒྱ་ནག་གཞུང་ནས་བཅིངས་བཀྲོལ་དམག་བོད་དུ་བཏང་ལུགས། དེའི་རྒྱུ་མཚན་ནི་བཙན་རྒྱལ་རིང་ལུགས་པའི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་ཆེད་དང༌། བོད་མི་མང་བཙན་དབང་ལས་གྲོལ་ཏེ་རྒྱ་ནག་མི་མང་ཁྱིམ་ཚང་ཆེན་པོའི་ནང་ལོག་ཆེད་བཅས་ཡིན་ཚུལ་བརྗོད་ཅིང༌།
དོན་གནད་འདི་ནི་གྲོས་མཐུན་གྱི་དོན་ཚན་དང་པོའི་ནང་དུ་ཡང་བཀོད་འདུག ་གྲོས་མཐུན་ནང༌། བོད་མི་མང་ཆིག་སྒྲིལ་གྱིས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་བོད་མི་རྣམས་རང་གི་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས་ཞེས་བྲིས་འདུག་ཕྱི་ལོ་ ༡༩༡༢ ལོ་བོད་ནས་རྒྱ་མིའི་དམག་མི་མཐར་སྐྲོད་བཏང་བ་ནས་བཟུངས་བོད་ནང་ཕྱི་རྒྱལ་གྱི་བཙན་ཤུགས་རྩ་བ་ནས་མེད་སྟབས་གནས་ཚུལ་དེ་ཀློག་དུས་ང་ཚོ་བློ་ཕམ་ཆེན་པོ་བྱུང༌། དོན་ཚན་གཉིས་པའི་ནང་བོད་ས་གནས་སྲིད་གཞུང་ནས་བཅིངས་བཀྲོལ་དམག་བོད་དུ་ཡོང་རྒྱུར་རོགས་རམ་བྱས་ཏེ་ཡུལ་གྱི་སྲུང་སྐྱོབ་སྲ་བརྟན་དུ་གཏོང་དགོས། ཞེས་འཁོད་པ་འདི་དག་ནི་ང་ཚོས་ང་ཕོད་ལ་སྤྲད་པའི་དབང་ཚད་ལས་བརྒལ་བ་ཞིག་རེད། དོན་ཚན་བརྒྱད་པར། བོད་དམག་རྣམས་རྒྱ་མིའི་དམག་ཏུ་བསྒྱུར་རྒྱུ། དོན་ཚན་བཅུ་བཞི་པའི་ནང༌། བོད་ཀྱི་ཕྱི་འབྲེལ་དབང་ཆ་རྣམས་འཕྲོག་ཡོད་པ་རེད།
བོད་མི་སུས་ཀྱང་ཁས་ལེན་བྱེད་ཐབས་མེད་པའི་དོན་ཚན་འདི་དག་གི་བར་ལ་རྒྱ་མིས་ཁས་ལེན་བྱས་པ་མང་པོ་བྲིས་ཡོད་པ། དཔེར་ན། བོད་ཀྱི་ད་ལྟའི་ཆབ་སྲིད་སྐྱོང་སྟངས་བསྒྱུར་བཅོས་མི་བྱེད་པ་དང༌། ཏཱ་ལའི་བླ་མའི་གོ་གནས། ལས་དོན། དབང་ཆར་བསྒྱུར་བཅོས་མི་བྱེད་པ། ཆོས་དད་རང་མོས། དགོན་ཁག་ལ་སྲུང་སྐྱོབ། ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག་བྱེད་རྒྱུ། སོ་ནམ་ཡར་རྒྱས་དང༌། མི་མང་གི་འཚོ་ཐབས་ཇེ་ལེགས་སུ་གཏོང་རྒྱུ། མི་མང་ལ་བཙན་ཤེད་ཀྱིས་བཅོས་བསྒྱུར་མི་བྱེད་པ་བཅས་བཀོད་ཡོད་ཀྱང༌། རང་གི་ལུང་པ་དང༌། རྒྱལ་ཁབ་རྩ་བརླག་འགྲོ་རྒྱུར་བརྟེན་ཁས་ལེན་དེ་ཚོར་དགའ་སྤྲོ་སྐྱེ་འོས་པ་མ་ཡིན་ཡང༌། ང་ཚོར་མཛའ་གྲོགས་མེད་སྟབས་བློ་ཕམ་ཇི་བྱུང་སྡུག་གོམ་བྱས་ནས་ཁོང་ཚོའི་རེ་འདོད་མ་བསྒྲུབ་མཐུ་མེད་ལས། བྱ་ཐབས་གང་ཡང་མེད་ཅིང་ཁོང་ཚོས་བཀོད་པའི་གྲོས་མཐུན་གྱི་འཇམ་མཁས་ཚོར་སོར་གནས་ཡོང་བའི་རེ་བ་བྱེད་རྒྱུ་ཙམ་ཞིག་ཡིན། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་རིང་མིན་ང་ཚོའི་སྐུ་ཚབ་ཚོས་རླུང་འཕྲིན་བཏང་འབྱོར་དུ། རྒྱ་མིའི་དམག་དཔོན་ཀྲང་ཅིན་ཨུར་ལྷ་སའི་སྐུ་ཚབ་བསྐོས་ཚུལ་གསལ་ཞིང༌། ཁོང་བོད་ཤར་བརྒྱུད་ནས་མིན་པར་རྒྱ་གར་བརྒྱུད་ཡོང་གི་ཡོད་པ་རེད། སྐབས་དེར་ཕྲན་བོད་ཀྱི་ས་མཚམས་ནང་གྲོ་མོར་ཡོད་ཅིང༌། གྲོ་མོ་རྒྱ་གར་དང་བོད་ཀྱི་གཞུང་ལམ་ཁར་ཡོད་སྟབས་ཁོང་བོད་སར་གོམས་པ་སྤོས་འཕྲལ་ཕྲན་ནས་ཐུག་འཕྲད་བྱེད་དགོས་པ་གསལ་པོ་ཡོད། སྔར་རྒྱ་མིའི་དམག་དཔོན་ནམ། དམག་དཔོན་གཞན་དག་མཐོང་མྱོང་མེད་ཀྱང་དམིགས་བསལ་མཐོང་འདོད་གང་ཡང་མེད། ཁོང་གིས་མཛའ་བརྩེ་དང་དྲག་ཤུལ་གྱི་རྣམ་འགྱུར་ཇི་འདྲ་ཞིག་སྟོན་རྒྱུ་ཡིན་པ་ཡང་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད། གྲོས་མཐུན་དེར་མིང་རྟགས་བཀོད་རྗེས་ངའི་ཞབས་འབྲིང་འགའ་ཤས་ཀྱི་བསམ་ཚུལ་ལ་བརྟན་པོའི་ཆེད་དུ་ཕྱིས་སྐྱོན་མེད་པར་རྒྱ་གར་དུ་ཕྱིན་ན་ལེགས་པར་མཐོང་ཞིང༌། དེ་སྐོར་ཕན་ཚུན་གོ་བསྡུར་གླེང་རྩོད་མང་པོ་བྱས་མཐར་དམག་དཔོན་དེ་མ་འབྱོར་བར་སྒུག་སྡོད་ཀྱིས་ཁོང་གི་རྣམ་འགྱུར་ལ་བརྟག་དཔྱད་བྱེད་རྒྱུ་བྱས། གྲོ་མོར་ཁོང་ལ་ངའི་ཞབས་འབྲིང་འགའ་ཤས་ནས་སྣེ་ལེན་བྱས་ཤིང༌། ཕྲན་དེའི་ཉེ་སྐོར་དགོན་པ་ཞིག་ཏུ་བསྡད་ཡོད་པ་དགོན་པའི་རྩེའི་གཟིམ་ཆུང་ཞིག་ཏུ་ཁོང་ལ་མཇལ་འཕྲད་བྱེད་རྒྱུ་བྱས། ཁོང་ནས་ཕྲན་དང་འདྲ་མཉམ་གྱི་ཐོག་ནས་འཕྲད་རྒྱུའི་འདོད་པ་བྱས་སྟབས་བོད་ལུགས་ལ་གདན་མཐོ་དམན་སོགས་ཀྱི་དཀའ་ངལ་ཡོད་པ་སེལ་ཆེད་ཚང་མར་སྡོད་སྟེགས་གོ་སྒྲིགས་བྱས་པ་རེད། སྐབས་དེར་ཁོང་ཇི་འདྲ་ཞིག་ཡོད་མེད་ངས་ཕྲ་མ་ནས་བལྟས་པར། དེ་དུས་བསམ་ཚུལ་ཇི་བྱུང་དྲན་པོ་མི་འདུག་ཀྱང༌། ང་ཚོའི་དཔོན་རིགས་གྱོན་ཆས་དམར་སེར་གྱོན་པ་ཚོའི་ཁྲོད་དུ་རྒྱ་གོས་འུང་མདོག་དང༌། ཀེབ་ཞྭ་ཉི་སྒྲིབ་ཅན་གྱོན་པའི་མི་ཕལ་བ་གནད་མེད་ལྟ་བུ་གསུམ་འདུག མི་ཕལ་བ་ནི་བོད་མི་རྣམས་དེ་ལྟར་བཟོ་རྒྱུ་ཡིན་པ་དང༌། གནད་མེད་ནི་བསམ་ཚུལ་ཙམ་ཞིག་རེད། འོན་ཀྱང༌། ཁོང་ཚོ་དགོན་ནང་ཕྲན་གྱི་སྡོད་སར་འབྱོར་སྐབས། དམག་དཔོན་དེ་མཛའ་བརྩེའི་རྣམ་འགྱུར་ཅན་མི་ཆེན་པོའི་ཉམས་དང་རྣམ་འགྱུར་མེད་པ་ཞིག་འདུག མི་གཞན་གཉིས་ནི་ཁོང་གི་རོགས་དང་སྐད་བསྒྱུར་རེད། ཁོང་གིས་མའོ་ཙེ་ཏུང་གི་ཡི་གེ་ཞིག་སྤྲད་བྱུང་བའི་ནང་གྲོས་མཐུན་གྱི་བརྗོད་ཚིག་ལྟར་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་རྒྱུ་སོགས་འཁོད་འདུག་ཅིང༌། བརྗོད་ཚིག་དེ་ལ་དེ་དུས་ནས་མི་འདོད་པ་ཞིག་ཡོད། སྐད་སྒྱུར་དེ་བརྒྱུད་ནས་ཀྱང་དེ་དག་ཡང་བསྐྱར་ཟེར་གྱི་འདུག་ཁོང་ལ་མགྲོན་ཇ་བཏང༌། ང་ཚོའི་སེམས་ཀྱི་གནས་ཚུལ་མ་ཤེས་པར་བལྟ་མཁན་ཡོད་ན་མཇལ་འཕྲད་དེ་མཛའ་མཐུན་ཆེ་མདོག་ཁ་པོ་ཞིག་མཐོང་གི་རེད། ཁོང་ལྷ་སར་འབྱོར་སྐབས་གྲ་འགྲིགས་པོ་རང་བྱུང་མི་འདུག ཁོང་ལ་སྐུ་མགྲོན་ལྟ་བུའི་སྣེ་ལེན་གང་ཟབ་ཞུ་དགོས་ཕྲན་ནས་བཀའ་ཤག་ཏུ་མངགས་པ་ལྟར་འོས་བབས་ཀྱི་མཛད་སྒོ་གྲ་སྒྲིག་བྱས་ཏེ་བཀའ་ཤག་ནས་ཕེབས་བསུ་ཞུ་མཁན་བཀའ་བློན་གཉིས་ནོར་གླིང་བརྒལ་ཏེ་ཕྱིན་ཐོག ཕྱི་ཉིན་སྲིད་བློན་དང༌། བཀའ་ཤག་ནས་ཁོང་ལ་གསོལ་སྟོན་ཕུལ་འདུག་ཀྱང༌། གྲ་སྒྲིག་དེ་ཚོས་ཁོང་འདོད་ཁེངས་མ་བྱུང་བར་རྒྱལ་ཁབ་ཆེན་པོ་ཞིག་གི་སྐུ་ཚབ་ལ་འོས་པའི་གྲ་སྒྲིག་མ་བྱུང་ཞེས་བརྗོད་པ་རེད། དེར་བརྟེན་ང་ཚོས་ཐོག་མའི་མཐོང་སྣང་ལྟར་གྱི་གནས་ཚུལ་དེ་མེད་པ་ཤེས་རྟོགས་བྱུང༌། གནས་ཚུལ་དེ་འདྲའི་མུར་ཕྲན་ལྷ་སར་ཕྱིར་ལོག་བྱས་ཏེ། རྒྱ་དམར་གྱི་དྲག་པོའི་དམག་ཤུགས་རྣམས་ཀྱང་མཐོང་བ་རེད། དམག་དཔོན་ཀྲང་ཅིན་ཨུ་འབྱོར་ཏེ་ཟླ་བ་གཉིས་རྗེས་རྒྱ་མིའི་དཔོན་དམག་སུམ་སྟོང་ཙམ་ལྷ་སར་འབྱོར། དེ་རྗེས་དམག་འབོར་གོང་ཙམ་ཞིག་འབྱོར་ཞིང༌། དམག་དཔོན་ནི་ཀྲང་གོ་ཧ་དང༌། ཐན་ཀོན་སན་རེད། སྐབས་དེར་ལྷ་ས་བའི་མི་ཕལ་པ་རྣམས་ནས་དམིགས་བསལ་དོ་སྣང་དེ་ཙམ་མ་བྱས་ཤིང༌། རང་གི་རྒྱལ་ཁབ་ལ་ཉམས་དམས་བྱུང་དུས་མི་ཕལ་པ་ཚོའི་སྤྱོད་ཚུལ་འདི་འདྲ་ཞིག་ཡིན་གྱི་རེད་བསམ་པ་བྱུང༌། ཟ་ཆས་དང༌། སྡོད་ས་དགོས་ཚུལ་བརྗོད་ནས་མ་གཏོགས་ཐོག་མའི་ཆར་རྒྱ་མིའི་དཔོན་རིགས་དང༌། ང་ཚོའི་གཞུང་དབར་འབྲེལ་བ་བྱེད་ཀྱི་ཡོད་པ་མ་རེད། ཁོང་ཚོས་དེ་ལྟར་དགོས་ཚུལ་བརྗོད་པ་དེས་གྲོང་ཁྱེར་ནང་དཀའ་ངལ་ཆེན་པོ་བྱུང༌།
དེ་ནས་རྒྱ་མིས་ས་ཁང་གཡར་ལེན་དང༌། སྤུས་ཉོས་བྱས། ནོར་གླིང་བརྒལ་ཙམ་གྱི་གཙང་པོའི་འཁྲིས་སུ་དབྱར་དུས་སྤྲོ་སྐྱིད་གཏོང་ཡུལ་ལྷ་ས་བ་ཚང་མས་དགའ་བོ་བྱེད་པའི་ས་ཆ་ཡག་པོ་ཞིག་ཡོད་པ་དེར་རྒྱ་མིའི་སྡོད་སྒར་ཆེན་པོ་ཞིག་བཟོས། ཁོང་ཚོས་འབྲུ་ཀྲོན་སྟོང་ཕྲག་གཉིས་གཡར་དགོས་བརྗོད་པའི་ཁྱོན་འབོར་དེ་ཙམ་གཞུང་ནས་འབྲེལ་མཚུངས་ནས་གཡར་གཏོང་མ་ཐུབ་སྟབས་དགོན་ཁག་དང༌། སྒེར་འབྲུའི་རིགས་ནས་གཡར་ལེན་བྱས། ཟ་ཆས་རིགས་འདྲ་མིན་གཞན་དག་མང་པོ་དགོས་ལུགས་བརྗོད་དེ་གྲོང་ཁྱེར་ནང་གི་མཐུན་རྐྱེན་ལ་དཀའ་ངལ་བཟོས་ཤིང༌། རིན་གོང་རིམ་འཕར་དུ་ཕྱིན་པ་རེད། དེ་རྗེས་དམག་དཔོན་གཞན་ཞིག་དང༌། མི་གྲངས་སྟོང་ཕྲག་བརྒྱད་ནས། བཅུ་ཙམ་བར་འབྱོར་ཏེ་ཁོང་ཚོས་སྡོད་སྒར་ཁག་གཅིག་ཟིན། ཁོང་ཚོར་བཟའ་བཅའ་དགོས་ཚུལ་གྱི་འཁུར་ལྗིད་འོག་ང་ཚོའི་སྟབས་བདེའི་དཔལ་འབྱོར་ཉམས་རྒུད་དུ་སོང༌། རྒྱ་མི་ཚོས་གང་ཡང་འཁྱེར་མེད་ཅིང༌། དགོས་མཁོ་རྣམས་ང་ཚོའི་ཕྲན་ཡོད་ཀྱི་ཐོག་ནས་ལེན་ཤག་བྱས་པར་བརྟེན་གློ་བུར་དུ་འབྲུ་རིགས་བཟའ་བཅའ་རྣམས་ཀྱི་རིན་གོང་ལྡབ་བཅུ་དང༌། མར་གོང་ལྡབ་དགུ་ཙམ། དངོས་རིགས་གཞན་ལ་རིན་གོང་ལྡབ་གཉིས་གསུམ་ཙམ་འཕར་སྟབས་ལྷ་སའི་མི་ཚོར་སྔོན་མེད་མུ་གེའི་ཉེ་འགྲམ་དུ་སོན་པའི་བསམ་བློ་ཐོག་མ་དེ་འཁོར་ཞིང༌། རྒྱ་མི་ལ་མི་དགའ་བའི་རྣམ་འགྱུར་སྡུག་ཏུ་ཕྱིན་ནས། བུ་ཕྲུག་ཚོས་སྐད་ཅོར་དང༌། རྒྱ་དམག་ལ་རྡོ་འཕེན་པ་སོགས་བྱས། མི་རྒན་པ་ཚོས་ཀྱང་བཟོད་སྒོམ་དཀའ་བའི་རྟགས་མཚན་སྟོན་གྱི་ཡོད་འདུག བཀའ་ཤག་ཏུ་བདེ་སྡུག་ཞུ་འབོད་བྱེད་མཁན་མང་པོ་བྱུང་ཡང༌། བྱེད་ཐབས་གང་ཡང་ཡོད་པ་མ་རེད། རྒྱ་དམག་རྣམས་བཅའ་སྡོད་བྱས་ཏེ། ཁོང་ཚོས་ང་ཚོའི་བསམ་འཆར་དང་ལེན་དང༌། གཞུང་ལ་རོགས་རམ་བྱེད་རྒྱུ་ལྟ་ཅི། ཁོང་ཚོའི་དགོས་མཁོ་ཉིན་བཞིན་ཇེ་མང་དུ་སོང༌། འབྲུ་ཀྲོན་ཉིས་སྟོང་དགོས་ཚུལ་བརྗོད་པ་ཡང་ང་ཚོས་ཐབས་འཚོལ་བྱེད་དགོས་པ་བྱུང་བའི་མིང་ལ་བུ་ལོན་བཏགས་ཤིང༌། ཚབ་སྐྱིན་བོད་དུ་བཟོ་གྲྭ་བཙུགས་ཏེ་སྤྲོད་རྒྱུ་ཡིན་ཚུལ་དམག་དཔོན་ཚོས་བརྗོད་ཀྱང༌། དེ་དག་ལག་ལེན་བྱས་ཡོད་པ་མ་རེད།
བོད་ནང་གནས་ཚུལ་སྡུག་པོ་ནས་ཇེ་སྡུག་ཏུ་འགྲོ་མུར་ལྷ་སའི་ནང་རྒྱ་མིའི་དཔོན་རིགས་མང་པོ་འབྱོར་ཞིང༌། ཀྲང་ཅིན་ཨུ་ནས་ཚོགས་འདུ་ཡུན་རིང་ཚོགས་བཅུག་པའི་ནང༌། བཀའ་བློན་ཚོ་འབོད་འགུགས་བྱས་ཤིང༌། མི་མང་ལ་ངེས་པར་དགོས་ཁོ་གལ་ཆེའི་རིགས་དང༌། བཙན་འཛུལ་མཁན་གྱི་རེ་འདུན་བསྒྲུབ་རྒྱུ་ཉེ་སྙོམས་བྱེད་རྒྱུའི་ལས་འགན་དེ་སྲིད་བློན་ཀླུ་ཁང་པར་བབས་པ་རེད། ཁོང་ནས་བརྗོད་དོན། བོད་མི་རྣམས་སྙོམ་ཆུང་ཆོས་བྱེད་པ་ཡིན་སྟབས་ཡུལ་གྱི་ཐོན་སྐྱེད་རང་ཉིད་ལྡེངས་ཙམ་ལས་མེད། ཁ་ལྷག་ཕྲན་བུ་ཡོད་རིགས་ནས་རྒྱ་དམག་རྣམས་ལ་ཟླ་བ་རེ་ཟུང་ལས་མི་ལྡེངས། གློ་བུར་དུ་ཐོན་སྐྱེད་མང་པོ་བཟོ་མི་ཐུབ། ལྷ་སར་དམག་ཤུགས་ཆེན་པོ་འདི་འདྲ་ཉར་དགོས་པའི་རྒྱུ་མཚན་མེད། ཁྱེད་ཚོས་ཡུལ་གྱི་སྲུང་སྐྱོབ་བྱེད་དགོས་ན་དཔུང་དམག་རྣམས་ས་མཚམས་སུ་གཏོང་དགོས། གྲོང་ཁྱེར་ནང་དཔོན་རིགས་འགའ་ཤས་དང༌། སྐུ་སྲུང་གང་འཚམས་བསྡད་ན་འགྲིགས་ཞེས་བསམ་ཚུལ་རྣམས་ཞུམ་མེད་གསལ་པོར་བརྗོད་འདུག
རྒྱ་མིས་ཐོག་མའི་ཆར་ལན་འདེབས་མཁས་པོ་བྱས་ཏེ་དམག་དཔོན་ཀྲང་ཅིང་ཨུས་བརྗོད་གསལ། ང་ཚོའི་གཞུང་ནས་གྲོས་མཐུན་ལ་མིང་རྟགས་བཀོད་གསལ་ལྟར་རྒྱ་དམག་བོད་དུ་འཇོག་དགོས་ཤིང༌། སྡོད་ས་དང༌། ཟ་ཆས་སྤྲོད་དགོས། ཁོང་ཚོ་ནི་བོད་ཀྱི་ཐོན་སྐྱེད་ཡར་རྒྱས་དང༌། བཙན་རྒྱལ་རིང་ལུགས་ཀྱི་བཙན་ཤུགས་འོག་ནས་སྲུང་སྐྱོབ་བྱེད་ཆེད་ཡོང་བ་ཡིན། བོད་དོན་རྣམས་རང་མགོ་ཐོན་པ་དང༌། ས་མཚམས་ཀྱི་སྲུང་སྐྱོབ་བོད་མིས་བྱེད་ཐུབ་ན་རྒྱ་དམག་རྣམས་རྒྱ་ནག་ཏུ་ཕྱིར་ལོག་ཕྱིན་པས་ཆོག་ཅེས་དང༌། ཁྱོད་ཚོ་ཁྱེད་རང་ཚོའི་རྐང་པའི་སྟེང་ལངས་ཐུབ་ན་ང་ཚོར་སྡོད་གྲོགས་བརྗོད་ཀྱང་སྡོད་ཀྱི་མ་རེད་ཅེས་སོགས་བརྗོད་འདུག
ཀླུ་ཁང་པས་བརྗོད་གསལ། ས་ཚོའི་ས་མཚམས་སུ་ཉེན་ཁ་བཟོ་མཁན་རྒྱ་མི་མ་གཏོགས་མེད། ང་ཚོ་རང་མགོ་ཐོན་ནས་ལོ་བརྒྱ་ཕྲག་མང་པོ་ཕྱིན་སོང༌། ཞེས་དང༌། ཡང་ཚོགས་འདུ་གཞན་ཞིག་ལ་ཁོང་ནས་དམག་དཔོན་དེར་བརྗོད་གསལ། ཁྱོད་ཚོ་བོད་དུ་རོགས་རམ་ཆེད་ཡོང་ཚུལ་བརྗོད་མུས་ཀྱང༌། ད་ཕན་རོགས་རམ་གང་ཡང་བྱས་མ་སོང་བ་མ་ཟད། རྒྱ་མི་བོད་དུ་ཡོད་པ་ཙམ་གྱིས་ང་ཚོར་དཀའ་ངལ་ཡོང་གི་འདུག རྒྱ་མིས་ལས་ཀ་ཇི་བྱས་ལ་མི་མང་ནས་ཁོང་ཁྲོ་དང༌། འདོད་པར་མི་འབབ་པ་ཤུགས་ཆེར་འགྲོ་བཞིན་འདུག ཡང་ཁོང་ནས། སྤྱིར་བཏང་གནད་གལ་མེད་ཀྱང༌། ང་ཚོར་གནོད་འགལ་ཆེ་བ་ཞིག་གྲོང་ཁྱེར་ལྷ་སའི་ཉེ་སྐོར་སེམས་ཅན་གྱི་རུས་པ་མེར་བསྲེགས་གཏོང་བ་འདིས་བོད་མིའི་ཆོས་དད་ལ་གནོད་ཅིང༌། འདི་ལ་མི་དགའ་བ་བྱེད་ཀྱི་འདུག་ཅེས་བརྗོད་འདུག
དེར་ཀྲང་ཅིང་ཨུས། མི་མང་ནས་དགའ་བོ་མི་བྱེད་པའི་རྒྱུ་རྐྱེན་ལ་གོ་བསྡུར་མ་བྱས་པར་དགའ་བོ་མི་བྱེད་མཁན་ང་ཚོའི་གཞུང་ནས་བཀག་འགོག་བྱེད་དགོས་ཞེས་དང༌། མི་མང་ཚོས་ཁྲོམ་དཀྱིལ་དུ་རྒྱ་མིར་མི་དགའ་བའི་གླུ་གཞས་ལེན་ཚུལ། ད་དུང་ཁོང་ནས་བོད་མི་ཚོས་རྒྱ་མིར་མཐུན་ལམ་ལེགས་པོ་བྱེད་དགོས་སྐོར་གྱི་ཡིག་ཟིན་ཞིག་ཀླུ་ཁང་པར་སྤྲད་དེ་འདི་བཞིན་དྲིལ་བསྒྲགས་བྱ་དགོས་བརྗོད་པར། ཀླུ་ཁང་པས་ཡིག་ཟིན་དེ་ཀློག་སྐབས་ཁྲོམ་དཀྱིལ་དུ་གླུ་གཞས་བཏང་མི་ཆོག་ཅེས་འཁོད་ཡོད་སྟབས་ཁོང་ནས་དེ་ལ་བཟོ་བཅོས་འབྲེལ་ཆགས་པོ་ཞིག་བྱས་འདུག་ཀྱང༌། ངའི་བསམ་པར་དེ་ལ་རྒྱ་མི་ཁོང་ཁྲོ་ཞི་ཐབས་བྱུང་ཡོད་ཀྱི་མ་རེད།
ཚོགས་འདུ་ཐེངས་མང་དེ་ལྟར་ཚོགས་སྐབས་རྒྱ་མིའི་བརྗོད་ནན་ཇེ་ཆེར་ཕྱིན་ཞིང༌། རྒྱ་རིགས་རྣམས་བོད་དུ་རོགས་རམ་ཆེད་ཡོང་ཚུལ་གོ་རྟོགས་གསལ་པོར་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང༌། མི་མང་ནི་རྒྱ་མིར་རྣམ་འགྱུར་བྱ་སྤྱོད་ཉིན་རེ་ནས་ཇེ་སྡུག་ཏུ་གྱུར། མི་མང་ནས་རྒྱ་མིའི་འགོ་འཁྲིད་ལ་སྐྱོན་བརྗོད་བྱེད་ཆེད་ཚོགས་འདུ་ཚོགས་པ་དེ་དག་བཀག་འགོག་བྱེད་དགོས་ཞེས་རྒྱ་མིས་བཀའ་ཤག་ཏུ་ཡང་ཡང་བརྗོད་པ་ལྟར་བཀའ་ཤག་ནས་བཀག་འགོག་བྱས་ཀྱང༌། མི་མང་ནས་ང་ཚོ་ལྟོགས་ངལ་ཆེ་བས་རྒྱ་མི་ཕྱིར་ལོག་འགྲོ་དགོས་ཟེར་བ་སོགས་བྲིས་ཏེ་ཁྲོམ་ནང་ཡི་གེ་སྦྱར་འགྲེམས་བྱས་པ་རེད། དེར་མ་ཟད། ཚོགས་འདུ་ཚོགས་མི་ཆོག་པ་བཟོས་ཡོད་ཀྱང༌། ཁོང་ཚོས་ཚོགས་འདུ་ཆེན་པོ་ཞིག་ཚོགས་ཏེ་ཚིག་ཐོ་བཏོན་པའི་ནང༌། མི་མང་ལ་དཀའ་ངལ་ཡོད་ཚུལ་དང༌། ལྷ་སའི་གནས་ཚུལ་ཛ་དྲག་ཆེ་ཚུལ། ལྷ་སར་རྒྱ་མི་དཔོན་རིགས་འགའ་ཤས་ལས་དམག་མི་རྣམས་ཕྱིར་འཐེན་དགོས་ལུགས་སོགས་བྲིས་ཏེ་ངོ་བཤུས་གཅིག་རྒྱ་མིའི་དམག་དཔོན་ཚོ་དང༌། གཅིག་བཀའ་ཤག་ལ་སྤྲད་འདུག ་རྒྱ་མིས་ཟེར་ན། དེ་ནི་བཙན་རྒྱལ་རིང་ལུགས་པས་འགུལ་སྐྱོད་བྱས་ལུགས་དང༌། ལྷ་སར་རྙོག་ཁྲ་བཟོ་མཁན་ཆེད་མངགས་ཡོད་ལུགས་བརྗོད་ཅིང༌། སྐབས་ཤིག་ཀྲང་ཅིང་ཨུ་ཁོང་ཁྲོ་དང་བཅས་བཀའ་ཤག་ཏུ་ཡོང་སྟེ་བརྗོད་གསལ། པི་ཅིང་དུ་མིང་རྟགས་བཀོད་པའི་གྲོས་མཐུན་བརྡལ་བཤིགས་གཏོང་མཁན་གྱི་འགོ་འཁྲིད་ནི་སྲིད་བློན་གཉིས་ཡིན་ཚུལ་བརྗོད་འདུག
སྐྱོ་ཤས་ཅན་གྱི་གནས་ཚུལ་ཡོང་སྟངས་འདི་ཚོ་བཙན་འཛུལ་བྱུང་བའི་ཉམས་མྱོང་ཅན་གྱི་ཡུལ་ཁག་ནས་ཤེས་རྟོགས་ཡོང་གི་རེད། བཙན་གནོན་བྱེད་མཁན་ཚོ་རོགས་རམ་བྱེད་མཁན་ཡིན་ཚུལ་གྱིས་ཡོང་གི་ཡོད་ཀྱང༌། དེའི་བསམ་ཚུལ་ཇི་ཡིན་སུས་ཀྱང་བརྗོད་པ་དཀའ། བཙན་གནོན་བྱེད་ཡུལ་མི་མང་ལ་རོགས་རམ་མི་དགོས་པ་ཤེས་ནས་ཡ་མཚན་དུ་གྱུར། རྒྱ་མིས་མི་མང་གི་འདོད་པ་མེད་པའི་རྣམ་འགྱུར་མཐོང་སྟེ་ཕྱིར་ལོག་མ་བྱས་ཤིང༌། མི་མང་གི་རེ་འདོད་ཀྱང་མ་བསྒྲུབ་པར་བཙན་གནོན་བྱེད་ཀྱི་ཡོད་པ་རེད། ཁ་གཡོག་རང་ལ་བྱུང་བ་དེ་གཞན་ལ་འགེལ་ས་འཚོལ་ཞིང༌། བོད་ནང་བསྙོན་དཀྲི་བྱེད་པའི་ཐོག་མ་ནི་ཁོང་རང་ཚོའི་བསམ་ཡུལ་དུ་གྱུར་པའི་བཙན་རྒྱལ་རིང་ལུགས་པ་དང༌། ངའི་སྲིད་བློན་ཀླུ་ཁང་པ་ཡིན། འོན་ཀྱང༌། བྱེད་སྟངས་དེ་ལ་རྗེས་འབྲས་བཟང་པོ་འབྱུང་བ་དཀའ། མི་མང་མི་དགའ་བའི་རྣམ་འགྱུར་དེ་བཙན་ཤུགས་ཀྱིས་དུས་ཡུན་ཐུང་ངུ་ལས་གནོན་མི་ཐུབ། བཙན་ཤུགས་ཇི་ཙམ་བྱས་པ་དེ་ཙམ་གྱིས་མི་དགའ་བའི་གནས་ཚུལ་ཇེ་ཆེར་འགྲོ་བ་དེ་ཚང་མས་གསལ་པོར་ཤེས་ཀྱི་ཡོད་ཀྱང་རྒྱ་དམར་ནས་ད་ལྟ་ཤེས་རྒྱུར་བསྡད་ཡོད་པ་རེད།
གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས། རྣམ་ཀུན་ཕྱི་མི་སུ་ཡང་ངའི་རྩར་ཡོང་དུས་བཀའ་ཤག་དང། ལས་ཁུངས་གཞན་དག་བརྒྱུད་དགོས་ན་ཡང༌། རྒྱ་མིས་དེ་ལྟར་མིན་པར་ཐད་ཀར་ཡོང་གི་ཡོད་པ་དང༌། ཐོག་མའི་ཆར་ང་དང་ཐུག་འཕྲད་སྐབས་སྲིད་བློན་གཉིས་ནས་ཕྲན་ལ་སློབ་སྟོན་བྱེད་ཀྱི་ཡོད་ཀྱང༌། སྐབས་ཤིག་སྲིད་བློན་བློ་བཟང་བཀྲ་ཤིས་ཀྱི་བརྗོད་ཕྱོགས་གཅིག་ལ་ཀྲང་ཅིང་ཨུ་ཁོང་ཁྲོ་ཆེན་པོ་ལངས་སོང༌། ང་རང་ལོ་ཚོད་དེ་འདྲར་མི་རྒན་ཞིག་བྱ་སྤྱོད་དེ་ལྟ་བུ་མཐོང་སྟེ་ཧ་ལས་བྱུང༌། ངེད་ལོ་ན་ཆུང་ཡང་ཁོང་ཁྲོ་ཞི་འཇགས་བྱེད་དུ་བཅུག། དེ་ནས་ཕྲན་གཅིག་པུ་ཐུག་འཕྲད་བྱེད་དགོས་པའི་འགོ་འཛུགས་བྱས། ཁོང་ཚོ་ངའི་རྩར་ནམ་ཡོང་སྐབས་སྲུང་དམག་མཉམ་འཁྲིད་ཀྱིས་སྡོད་ཁང་སྒོ་འགག་ཏུ་འཇོག་གི་འདུག དེ་དག་སྤྱོད་ཚུལ་ངན་པ་ཙམ་ལས་མིན་ཡང་གནས་ལུགས་ཤེས་མཁན་བོད་མི་ཚོ་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
རྒྱ་མི་དང༌། ཀླུ་ཁང་པ་མཐའ་མའི་གླེང་རྩོད་ཡོང་ས་ནི་བོད་ཀྱི་དཀའ་ངལ་སྐོར་མ་ཡིན་པ་ཞིག་ཐོག་བྱུང་འདུག ཀྲང་ཅིང་ཨུ་ནས་དམིགས་བསལ་གྱི་ཚོགས་འདུ་ཆེན་པོ་ཞིག་བསྡུ་བསྐོང་ཐོག ངའི་སྲིད་བློན་དང༌། བཀའ་བློན་རྣམས་འབོད་འགུགས་དང་འབྲེལ། རྒྱ་མིའི་ཞི་དྲག་དཔོན་རིགས་མཐོ་རིམ་རྣམས་ཀྱང་བོད་འགུགས་བྱས་པའི་སར་དམག་དཔོན་དེས་བརྗོད་གསལ། བོད་དམག་རྣམས་བཅིངས་བཀྲོལ་དམག་ལ་བསྒྱུར་བའི་དུས་སུ་བབས་ལུགས་དང༌། དེའི་བྱེད་ཐབས་སུ། བོད་དམག་གཞོན་ནུ་འདེམས་བསྒྲུགས་ཀྱིས་ལྷ་སར་རྒྱ་མིའི་དམག་སྒར་ནང་སློབ་སྦྱོང་དུ་གཏོང་དགོས། དེ་ནས་ཁོང་ཚོ་སོ་སོའི་དམག་སྒར་དུ་ཕྱིན་ཏེ་བྱིངས་ལ་སློབ་སྦྱོང་བྱེད་ཐུབ་ལུགས་བརྗོད་པ་རེད།
དེ་ལ་ཀླུ་ཁང་པས་སྔར་ལས་ཤུགས་ཆེས་བརྗོད་དོན། བསམ་འཆར་དེ་ནི་དགོས་དོན་མེད་ལ་ཁས་ལེན་ཐུབ་པའང་མ་རེད་ཅེས་དང༌། ཁོང་ནས། རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཚུལ་རྒྱ་མི་ཚོས་བརྗོད་པ་དེ་དག་ང་ཚོའི་མི་མང་ནས་ཁས་ལེན་བྱས་པ་མེད། གྲོས་མཐུན་ནང་གི་དོན་ཚན་རྣམས་ལ་ནི་རྒྱ་དམར་རང་ཉིད་ནས་ཡང་ཡང་འགལ་འདས་བྱས། བོད་ཤར་ཕྱོགས་ད་དུང་རྒྱ་མིའི་དམག་འོག་ཏུ་ཡོད། ས་ཆ་དེ་རྣམས་བོད་གཞུང་ལ་སྤྲོད་དགོས་ཀྱང་སྤྲད་ཡོད་པ་མ་རེད། བོད་ལ་རྒོལ་འཛིངས་བྱས་པ་ནི་བདེན་འབྲེལ་ཞིག་མ་ཡིན། ཞི་བའི་གྲོས་མོལ་བྱེད་སྐབས་རྒྱ་མིའི་དཔུང་དམག་དངོས་སུ་ས་ཐོག་ཏུ་བཙན་འཛུལ་བྱས་པ་རེད། བོད་དམག་རྒྱ་དམག་ཏུ་བསྒྱུར་རྒྱུའི་ཐད་བཅོས་བསྒྱུར་སྐོར་བོད་མིར་བཙན་ཤེད་མི་བྱེད་པ་གྲོས་མཐུན་ནང་གསལ་ཡོད། བཅོས་བསྒྱུར་དེ་ལ་བོད་མིས་དགའ་མོས་མི་བྱེད་ཅེས་བརྗོད་ཅིང༌། སྲིད་བློན་ཁོང་རང་ལ་འདོད་བབས་མ་བྱུང་བ་རེད།
རྒྱ་མིའི་དམག་དཔོན་ཚོས་བརྗོད་གསལ། དོན་གནད་དེ་དག་གལ་ཆེན་པོ་མིན། བོད་གཞུང་ནས་དགག་བྱ་བྱེད་པའི་རྒྱུ་མཚན་མཐོང་གི་མི་འདུག་ཅེས་དང༌། ཡང་ཁོང་ཚོས་བསམ་འཆར་བཏོན་གསལ། བོད་ཀྱི་རྒྱལ་དར་དེ་རྣམས་བོད་ཀྱི་དམག་སྒར་ཁག་ནས་ཕབ་སྟེ་རྒྱ་མིའི་དར་ཆ་འཛུགས་དགོས་ཚུལ་བརྗོད་པར། ཀླུ་ཁང་པས། རྒྱ་མིའི་དར་ཆ་བཙུགས་ན་བོད་དམག་གིས་ཕབ་ཀྱི་རེད། དེ་ལྟར་བྱུང་ན་ངོ་ཚ་བོ་ཡོང་གི་རེད། ཅེས་དང༌། དར་ཆའི་སྐོར་རྩོད་གླེང་སྐབས་ཀླུ་ཁང་པས། བོད་དུ་རྒྱ་མིས་བཙན་འཛུལ་བྱས་ཟིན་པར་བརྟེན་འབྲེལ་ལམ་བཟང་པོ་བྱེད་དགོས་ཚུལ་བརྗོད་པ་དེར་སྙིང་པོ་མེད་པ་ཞིག་རེད། མི་ཞིག་གི་མགོ་ལ་བརྡུངས་ཏེ་ཀ་ལི་བཅག་ནས་ཁྲག་མ་བསྐམ་པར་ཡོད་མུས་སུ་དེ་དང་ལམ་སེང་གྲོགས་པོ་ཡོང་ཐབས་མེད་པ་ལྟར་རེད་ཅེས་བརྗོད་པ་དེར་རྒྱ་མི་ཁོང་ཁྲོ་ཆེན་པོ་ལངས་ཤིང༌། ཉིན་གསུམ་ཙམ་རྗེས་ཚོགས་འདུ་འཚོགས་རྒྱུ་བྱས་ཏེ་དེ་ཉིན་ཚོགས་འདུ་གྲོལ་འདུག
འཐུས་མི་ཚོ་ཡང་བསྐྱར་ཚོགས་འཛོམས་སྐབས། དམག་དཔོན་ཕན་མིང་ནས་ཀླུ་ཁང་པར་བརྗོད་གསལ། ཁྱེད་ནས་ཁར་སང་གསུངས་པའི་བཀའ་མོལ་ནང་ནོར་འཁྲུལ་བྱུང་མི་འདུག་གམ། ཞེས་དགོངས་སེལ་ཞུ་རེས་དྲིས་པར། ཀླུ་ཁང་པས་སྔོན་མ་ལྟར་ལས་བསྒྱུར་བཅོས་མ་བཏང་བའི་ཐོག་བརྗོད་གསལ། གནས་ཚུལ་དྲང་པོར་བརྗོད་རྒྱུ་ནི་ང་རང་གི་ལས་འགན་ཡིན། བོད་ཤར་ཕྱོགས་སུ་རྒྱ་མིས་བཙན་གནོན་བྱས་ཚུལ་གླེང་གྲགས་བྱུང་བ་དེས་བོད་མིའི་བློ་བག་མི་ཕེབས་པར་ཕྱིན་པ་རེད། གལ་ཏེ་དམག་མིའི་སྐོར་རྒྱ་མིའི་བསམ་འཆར་རྣམས་བླངས་ན་དམག་མི་ཙམ་མིན་པར་མི་མང་ནས་ཀྱང་རྣམ་འགྱུར་ངན་པ་བསྟན་གྱི་རེད་ཅེས་བརྗོད་འདུག
དེ་ལ་དམག་དཔོན་ཕན་མིང༌། ཁོང་ཁྲོ་བཟོད་སྒོམ་མ་ཐུབ་པར་ཀླུ་ཁང་པས་ལོག་ཏུ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་དབང་ཤུགས་དང་འབྲེལ་བ་བྱས་ཚུལ་བརྗོད་ཅིང༌། སྐད་ཅོར་ཆེན་པོའི་ངང་ཀླུ་ཁང་པ་ལས་འཁུར་ཕྱིར་འཐེན་དགོས་ཚུལ་ཏཱ་ལའི་བླ་མར་ཞུ་རྒྱུ་ཡིན་ཞེས་བརྗོད་པར་ཀླུ་ཁང་པས། ཏཱ་ལའི་བླ་མས་ངས་ནོར་འཁྲུལ་བྱས་པ་གཟིགས་ཡོད་ན་ལས་འཁུར་ལས་ལྷག་པ་སྲོག་ཀྱང་གཏོང་གི་ཡིན། དེ་མིན་རྒྱ་མིས་ང་ཚོར་བཀའ་གནང་དགོས་དོན་མེད། རྒྱ་མིའི་བཀའ་ལ་མི་ཉན་ཐག་ཆོད་ཡིན་ཞེས་གསུངས་པར། དེར་ཀྲང་ཅང་ཨུས་བར་འཚངས་ཀྱིས་བརྗོད་དོན། ད་ལྟ་ཕན་མིང་ནས་བརྗོད་དོན་ལ་ཕྲན་བུ་ནོར་འཁྲུལ་བྱུང་ཡོད་སྟབས་དོན་གནད་དེ་ཚོར་བདག་སྤྲོད་མ་གནང་ཞེས་བརྗོད་འདུག ་ཚོགས་འདུ་དེར་གྲོས་མཐུན་གང་ཡང་མ་བྱུང་བར་གྲོལ་བ་རེད། ཀྲང་ཅིང་ཨུས་སྐབས་དེར་དོན་གལ་ཆུང་དུ་བཏང་ཡང༌། དེ་རྗེས་ཕྲན་ལ་སྙན་ཞུ་ཞིག་བཏང་འབྱོར་ནང༌། ཀླུ་ཁང་པར་བོད་དང་རྒྱ་ནག་མཐུན་འབྲེལ་བྱེད་འདོད་མི་འདུག་ན་ཁོང་གི་ལས་འཁུར་ཕྱིར་འཐེན་དགོས་ལུགས་བྲིས་འདུག་ཅིང༌། དེ་སྐོར་བཀའ་ཤག་ཏུའང་བརྗོད་འདུག བཀའ་ཤག་ནས་སྲིད་བློན་གཉིས་ཀ་དགོངས་པ་ཞུ་བཅུག་ན་ལེགས་ཚུལ་བསམ་འཆར་སྤྲད་བྱུང་ཞིང༌། གནས་ཚུལ་དེ་རྩེ་མཐར་ཐུག་སྟབས་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་བྱེད་དགོས་པ་བྱུང༌། ཀླུ་ཁང་པས་སྙིང་སྟོབས་ཆེན་པོས་རྒྱ་མིར་ལན་འདེབས་བྱས་པ་དེར་ཕྲན་བརྩི་མཐོངས་ཆེན་པོ་ཡོད་ཀྱང༌། ཡང་ན་ཀླུ་ཁང་པ་མུ་མཐུད་ལས་ཀ་བྱེད་འཇུག་རྒྱུ་དང༌། ཡང་ན་རྒྱ་མིའི་ངག་བཞིན་ཕྱིར་འཐེན་བྱེད་རྒྱུ་དེ་གཉིས་རེད།
དེ་ལ་གནད་དོན་གཉིས་ཡོད། དང་པོ་ཀླུ་ཁང་པའི་ལུས་སྲོག་གི་ཉེན་ཁ་དང༌། གཉིས་པ་མ་འོངས་པའི་བོད་ཀྱི་གནད་དོན་དེ་རེད། ཀླུ་ཁང་པའི་ལུས་སྲོག་ནི་ཁོ་རང་གིས་ཉེན་ཁའི་ནང་བཅུག་ཟིན་པ་དང༌། ངས་ལས་འཁུར་མུ་མཐུད་ཀྱིས་བཞག་ཀྱང་རྒྱ་མིས་ཐབས་སྣ་ཚོགས་ཤིག་བྱེད་རྒྱུ་ཡིན་པ་གསལ་པོ་མཐོང་གི་ཡོད་པ་རེད།
དོན་གནད་དེ་ཚོའི་སྐོར་དུས་ཡུན་རིང་པོའི་སྔོན་ནས་རྒྱུ་མཚན་བྱུང་ཡོད་ཅིང༌། ཕྲན་ནས་རྒྱལ་སྤྱིའི་སྲིད་དོན་གྱི་སློབ་སྦྱོང་ནི་བྱས་མེད། ཆོས་ཀྱི་སློབ་སྦྱོང་གིས་དོན་གནད་འདི་ཚོར་བེད་སྤྱོད་བྱེད་ཐབས་དཀའ་ཡང༌། ཆོས་ཀྱི་སློབ་གཉེར་ནི་ལམ་སྟོན་ངེས་གཏན་ཞིག་ཡིན་པར་སྔར་ནས་ཡིད་ཆེས་ཡོད་པ་ལྟར་ད་དུང་ཡང་ཡོད།
ངའི་བསམ་པར། ང་ཚོས་མུ་མཐུད་རྒྱ་མིར་ངོ་རྒོལ་དང༌། ཁོང་ཁྲོ་བསླངས་ན། འཁོན་འཁྲུག་རྒྱུན་མི་འཆད་པ་ལས་དོན་ཕན་ཡོང་རྒྱུ་མེད། འཁོན་འཁྲུག་བྱུང་ན་མཚོན་ཆ་དང༌། སྒྲིགས་འཛུགས་མེད་པའི་མི་མང་ཐོག་གྱོང་གུན་ཡོང་གི་རེད། ང་ཚོར་རེ་ལམ་གཅིག་ཡོད་པ་ནི་གྲོས་མཐུན་ནང་ཁས་ལེན་བྱས་པའི་དོན་ཚན་སྡུག་ཤོས་ཀྱི་ལེགས་ངོ་ཆེ་བ་རྣམས་ལ་སོར་གནས་ཡོང་བ་བྱེད་གྲོགས་ཞེས་རེ་སྒུག་བྱ་རྒྱུ་ཙམ་རེད། ང་ཚོས་ལོ་མང་རིང་འཚེ་མེད་ཞི་བའི་ཐབས་ལམ་དུ་བཟོད་སྲན་ཆེན་པོས་ངང་སྒུག་བྱས་ན་ནམ་ཞིག་རང་དབང་ཅུང་ཟད་ཙམ་ཡོང་བའི་རེ་བ་ཞིག་ཡོད་པ་རེད། དེ་ལ་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་མི་དང་མཉམ་དུ་ལས་དོན་བྱེད་དགོས། དེ་ལྟར་མ་བྱུང་ན་ཞི་བའི་རྒོལ་གླེང་བྱེད་དགོས། དྲག་པོའི་ངོ་རྒོལ་ལག་ལེན་བྱེད་མི་ཐུབ་པ་མ་ཟད། ཆོས་ཕྱོགས་དང་ཡང་མི་མཐུན་པ་ཞིག་རེད། ཞི་བའི་ཐབས་ལམ་ནི་སངས་རྒྱས་ཀྱི་ཆོས་དང་ཡང་མཐུན་པ་ཞིག་ཡིན་ཞིང༌། དེ་ལ་ཕྲན་རང་ཡིད་ཆེས་གཏིང་ཟབ་ཡོད་པ་མ་ཟད། ངོས་རང་བོད་ཀྱི་ཆོས་ལུགས་ཁག་གི་འགོ་འཁྲིད་ཡིན་སྟབས་དེ་ལ་བརྩི་འཇོག་མ་བྱས་མཐུ་མེད་ཡིན། ང་ཚོར་དམའ་འབེབས་དང༌། མི་ལོ་སྟོང་ཕྲག་སྔོན་གྱི་ཕ་མེས་ནས་བྱུང་བའི་ལུགས་སྲོལ་རྩ་ཆེར་འཛིན་པ་རྣམས་རེ་ཞིག་བོར་བརླག་ལྟ་བུར་གྱུར་ཀྱང་བཟོད་སྒོམ་བྱེད་དགོས་པར་མཐོང༌།
ངས་བློ་ཕམ་ངང་བཀའ་ཤག་གི་བསམ་འཆར་ལྟར་སྲིད་བློན་གཉིས་ལས་འཁུར་དགོངས་ཞུ་བྱ་དགོས་བརྗོད་ཅིང༌། སྲིད་བློན་གཉིས་ངའི་སར་འཕྲད་འབྱོར་སྐབས་ཁ་བཏགས་དང༌། འདྲ་པར། དངོས་སྐྱེས་བཅས་སྤྲད་པ་ཡིན། ངའི་གནས་སྟངས་ཇི་ཡོད་ནི་ཁོང་གཉིས་ཀྱིས་ཤེས་ཀྱི་ཡོད་ཤག་རེད་སྙམ་ཞིང༌། རྒྱ་མིའི་བསྙད་འདོགས་བྱེད་ཡུལ་དུ་གྱུར་ཚེ་སྲིད་བློན་བསོས་ཏེ་དོན་ཕན་མེད་སྟབས་སྲིད་བློན་གསར་པ་བསྐོ་གཞག་མ་བྱས་པར་འགན་འཁུར་ངས་འཁུར་ན་ལེགས་པར་བསམ་བྱུང༌། གང་ཡིན་ཞེ་ན། བོད་མིའི་མཐོང་སྣང་ལེགས་པ་ཡོང་གི་རེད། དེ་རྗེས་ཀླུ་ཁང་པ་རྒྱ་གར་དུ་ཕེབས་ཏེ་སྲིད་བློན་གནང་ཡང༌། དགུང་ན་མཐོ་བས་དེང་སྐབས་དགོངས་ཞུས་ལས་མེད་དུ་བཞུགས་ཡོད་ཅིང༌། ད་དུང་ཕྲན་ལ་སློབ་སྟོན་གནང་བཞིན་ཡོད། བློ་ཕམ་ངང་བརྗོད་རྒྱུར། ༡༩༥༩ ལོ་ཕྲན་བོད་ནས་ཡོང་རྗེས་སྲིད་བློན་བློ་བཟང་བཀྲ་ཤིས་རྒྱ་མིས་བཙོན་འཇུག་གིས་ཕྱིར་བྲོས་ཐུབ་མི་འདུག དོན་གནད་དེ་ཐག་ཆོད་བྱུང་སྟབས་རྒྱ་མི་དགའ་མོས་བྱུང་སྟེ་ང་ཚོར་རྣམ་འགྱུར་སྟོན་སྟངས་ཕྲན་བུ་དྲག་ཏུ་ཕྱིན་སོང༌། རྒྱ་མིས་བཀའ་ཤག་ཏུ་བསམ་འཆར་བརྗོད་གསལ་དུ། བོད་ཀྱི་གཞུང་ཞབས་དང༌། གྲྭ་རིགས། ཚོང་པ། དེ་མིན་གཞན་དག་གི་འཐུས་མི་ཚོགས་པ་ཞིག་རྒྱ་ནག་ཏུ་བཏང་སྟེ་ཆོས་དད་རང་དབང་ཇི་ཡོད་ལ་ལྟ་སྐོར་བྱེད་འཇུག་དགོས་ཟེར་བ་ལྟར་ང་ཚོས་ཁས་ལེན་གྱིས་མི་འགྲོ་འདེམས་གཏོང་བྱས། ཁོང་ཚོ་རྒྱ་ནག་ཏུ་ལྟ་སྐོར་ནས་ཕྱིར་ལོག་རྗེས་ྋསྙན་ཞུ་ཞིག་བཏོན་པ་དེ་དག་རྒྱ་མིའི་འགྲོ་འཁྲིད་ཚོས་བྲིས་པ་ཚང་མས་ཤེས་གསལ་རེད།
དེ་རྗེས་ཕྲན་རྒྱ་ནག་ཏུ་ལྟ་སྐོར་དུ་མགྲོན་འབོད་བྱས་བྱུང༌། སྐབས་དེར་ང་ཚོའི་གཞུང་དང༌། བོད་ནང་ཡོད་པའི་རྒྱ་མིའི་འགོ་འཁྲིད་ཚོ་འབྲེལ་བ་ཕྲན་བུ་ལེགས་སུ་ཕྱིན་ཡོད་ཀྱང༌། བློ་ཕམ་ཞིག་ལ་བོད་མི་མང་གི་ཡར་རྒྱས་སྐོར་ལས་དོན་གང་ཡང་བྱས་ཡོད་པ་མ་རེད། རྒྱ་ནག་གི་འགོ་འཁྲིད་མཐོ་ཤོས་དང་ངོས་རང་ཐུག་འཕྲད་ཀྱིས་གྲོས་མཐུན་ནང་ཁོང་ཚོས་ཁས་ལེན་ཇི་བྱས་རྣམས་ལག་ལེན་བསྟར་དགོས་བརྗོད་ན་སྙམ་སྟེ་རྒྱ་ནག་ཏུ་འགྲོ་རྒྱུར་གཏན་འཁེལ་བྱས་པ་ཡིན།། །།