༢༠༢༤ ཟླ་བ་ ༢ ཚེས་ ༢༩
ལོ་ལྟར་ཆོ་འཕྲུལ་ཟླ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོན་གཉེར་ཅན་རྣམས་ལ་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་བཞིན་པ་ལྟར། ཕྱི་ཟླ་ ༢ ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༩ ཉིན་བར་བསླབ་སྡོམ་འབོགས་སྩོལ་གནང་ཡོད།
༢༠༢༤ ཟླ་བ་ ༢ ཚེས་ ༢༤
བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། མ་ཎི་ཡི་གེ་དྲུག་མའི་བཟླས་ལུང་། སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
༢༠༢༤ ཟླ་བ་ ༢ ཚེས་ ༡༤
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
༢༠༢༤ ཟླ་བ་ ༢ ཚེས་ ༡༠
ང་ཚོར་སེམས་པ་བཟང་པོ་བྱེད་པ་དང་། ཐ་ན་འབུ་སྲིན་ཚུན་ཆད་ལ་སྲོད་གཅོད་མ་བྱེད་ཅེས་པའི་གོམས་གཤིས་བཟང་པོ་ཡོད་པ་དེ་མུ་མཐུད་ནས་རྒྱུན་འཛིན་ཐུབ་པ་ཞིག་དང་། ཆོས་དད་ཡོད་མེད་ཅི་ལྟར་ཡང་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་སེམས་པ་བཟང་པོ་བྱེད་པའི་གོམས་གཤིས་རྒྱ་བསྐྱེད་པ་ཞིག་ཚང་མས་སེམས་ལ་ཞོག
༢༠༢༤ ཟླ་བ་ ༡ ཚེས་ ༡༨
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་བ་དང་། བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ།
༢༠༢༤ ཟླ་བ་ ༡ ཚེས་ ༣
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
༢༠༢༤ ཟླ་བ་ ༡ ཚེས་ ༡
༸གོང་ས་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མིའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།