༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ བོོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་དང་། དགའ་མགུ་སྤྲོ་གསུམ་དང་དད་གུས་མོས་གསུམ་གྱི་སྒོ་ནས་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་མཛད་དེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་སེར་སྐྱ་ཕོ་མོ་གྲངས་ལས་འདས་པས་ཡུན་རིང་རེ་སྒུག་བྱས་པའི་༸སྐུའི་གོ་སྟོན་དངོས་གཞིར་ཞོགས་པ་ཆུ་ཚོད་ ༤།༠༠ ཡས་མས་ནས་སེར་སྐྱ་མི་མང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་མགོ་ཚུགས་པ་དང་། ཆུ་ཚོད་ ༧།༠༠ ཙམ་ལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། བོན་གྱི་སྐྱབས་མགོན་སོགས་མཁན་བླ་སྤྲུལ་རྣམ་པ་དང་། ཡབ་གཞིས་སྐུ་འཁོར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་བཅས་དམིགས་བསལ་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་ཅིང་། ཆུ་ཚོད་ ༨།༠༠ ཙམ་ལ་བསྟན་བདག་བླ་ཆེན་རྣམ་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱལ་ཁབ་འདྲ་མིན་གྱི་གནས་བརྟན་སྡེ་པའི་སྐུ་ཚབ་རྣམ་པ། ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད།
སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་ལ་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུངས་རིགས་མཆོག ཚོགས་གཞོན་ཡེ་ཤེས་སྒྲོལ་མ་མཆོག བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ལྷ་མོ་དོན་གྲུབ་བཅས་ཀྱིས་ཕོ་བྲང་རྒྱལ་སྒོ་རུ་སྤོས་སྣེས་མདུན་བསུ་དང་བཅས། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་གོ་སྟོན་མཛད་སྒོའི་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་གསོལ་འདེབས་སྙན་ཞུ་༸སྙན་སྒྲོན་ཞུས་པ་དང་། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་ཞུས་པའི་གསེར་གྱི་མཚོན་རྟགས་རིན་པོ་ཆེ་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་ཕྱག་ཏུ་ཕུལ་ཞིང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་བོད་གངས་ཅན་གྱི་བསྟན་བདག་བླ་ཆེན་རྣམ་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ། རྒྱལ་ཁབ་འདྲ་མིན་གྱི་གནས་བརྟན་སྡེ་པའི་སྐུ་ཚབ་རྣམ་པ། ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ། ཐའེ་ལན་ཌི། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ་དང་། ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པར་ཕུལ་ཞིང་། ཁོང་རྣམ་པས་བོད་ཀྱི་སེར་སྐྱ་མི་མང་དམ་ལྡན་ལྷ་དང་བཅས་པའི་རིས་མེད་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཚབ་ཞུས་ཏེ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་བོར་སྒོ་གསུམ་གུས་པ་ཆེན་པོས་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོར་མངའ་གསོལ་གྱི་གསེར་གྱི་མཚོན་རྟགས་འབུལ་བཞེས་དང་འབྲེལ་བཀྲ་ཤིས་པའི་ཚིག་དང་དུང་། རྒྱ་གླིང་། རོལ་མོ། རྔ་སྦུབ། འཁར་རྔ་སོགས་སྒྲ་དབྱངས་དང་། གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་འགྲེམ་བཤམས། མེ་ཏོག་སྣ་ཚོགས་ཀྱི་ཆར་དང་བཅས་ངོ་མཚར་རྨད་དུ་བྱུང་བའི་སྐལ་བཟང་མངོན་དུ་གྱུར་ཏེ་འཇིག་རྟེན་ལྷ་མི་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་མཛད་ཅིང་། བཀའ་དྲིན་རྗེས་སུ་དྲན་པའི་གསོལ་འདེབས་ཞུས།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་སུ་མུ་མཐུད་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་བཅས་ནས་བརྟན་བཞུགས་ཀྱི་གསོལ་འདེབས་མནྜལ་རྟེན་གསུམ་འདེགས་འབུལ་དང་བསྟན་བདག་བླ་ཆེན་རྣམ་པས་གཙོས་བླ་སྤྲུལ་སེར་སྐྱ་མང་ཚོགས་ཡོངས་ནས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་བ་དང་འབྲེལ། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་ཡོངས་ནས་འབུལ་མཚོན་འདེགས་འབུལ་ཞུས། བརྟན་བཞུགས་ལེགས་པར་གྲུབ་མཚམས་བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གོ་སྟོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་གོ་སྟོན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་ལོ་དགུ་བཅུའི་ནང་ལ་སླེབས་ཡོད་པ་དང་། གཟུགས་པོ་བདེ་ཐག་ཆོད་ཡོད། ལོ་ཡུན་འདིའི་རིང་ལ་བོད་ཀྱི་བསྟན་སྲིད། སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ནས་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་ལུང་པ་གཞན་དང་གཞན་ལའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་དང་། ལྷག་པར་དུ་ཚན་རིག་པ་ཚོའི་མཉམ་དུ་སྐད་ཆ་བཤད་ནས་ཡིད་ཚིམས་པའི་གོ་བསྡུར་དང་། བགྲོ་གླེང་བྱས་པ་སོགས་ཕན་ཐོགས་ཧ་ཅང་ཡག་པོ་བྱུང་། ད་ལྟའི་བར་དུ་མིས་མི་གོས་ཆོད་པ་ཞིག་གི་མི་ཚེ་བསྐྱལ་བ་རེད། བོད་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ཡུལ་གྲུ་མང་པར་ངོས་རང་སླེབས་པ་རེད་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག དེར་བསམ་བློ་གཏོང་དུས་ངོས་རང་ལ་མི་ལུས་ཐོབ་པ་འདིས་ལྷག་བསམ་བསྐྱེད་པ་བཞིན་འཛམ་གླིང་འདིར་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཞིག་ཡོང་གི་འདུག
ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེའི་ཐོག་ནས་༸ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་ནས་སྡོད་པའི་སྒྲོམ་གཞི་ཞིག་སླེབས་ཡོང་གི་རེད། མདོ་དོན། མདོ་སྨད་ཙོང་ཁའི་ཡུལ་ནས་ཡར་ཡོང་ནས་ལྷ་སར་སློབ་གཉེར་བརྒྱབ། གྲྭ་སྐོར་སྔ་རྗེས་འཇོག་དགོས་པ་རྣམས་བཞག་ནས་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡིན་ནའང་མི་ཚེ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་པར་སེམས་ཐག་བཅད་ནས་བསྡད་ཡོད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུ་ཐམ་པ་ཕེབས་པར་རྟེན་འབྲེལ་གྱི་བོད་རང་གི་ཐུན་མིན་ཞལ་ཟས་ཞུན་བྱིན་རླབས་སྩལ་ནས་ཕུད་ཀྱི་མཆོད་པ་དང་། བསྟན་བདག་བླ་ཆེན་རྣམ་པ་དང་། ཡབ་གཞིས་སྐུ་འཁོར། སྐུ་མགྲོན་རྣམ་པ། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་རྣམས་དང་མང་ཚོགས་ཡོངས་ལ་རྟེན་འབྲེལ་གྱི་ཞུན་འབུལ་བཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་གོ་སྟོན་ལ་ཆེད་དུ་བཞེངས་པའི་མགོན་པོ་མཆོག་གི་མཛད་རྣམ་རས་བྲིས་ཐང་ག་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་ཞལ་ཐང་ཞལ་དབྱེའི་བཀའ་དྲིན་བསྐྱངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མཛད་རྣམ་ནོར་བུའི་ཕྲེང་བ་དབུ་འབྱེད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་དབུ་འབྱེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་རྣམ་སྨྲ་བསམ་གྱི་ཡུལ་ལས་འདས་པ་ཞེས་པ་དང་། ༸སྐུའི་གོ་སྟོན་གྱི་ཤིས་ཚིག་དང་རྩོམ་ཡིག་ཕྱོགས་བསྒྲིགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཕྱག་དེབ་ཞལ་འབྱེད་གནང་བ་བཅས་མཛད་པ་རིམ་པར་བསྐྱངས།
མཐར་༸སྐུའི་གོ་སྟོན་གྱི་མཆོད་པ་སྐུ་ཉི་མ་ཤར་ས་བོད་ཡུལ་རེད་ཅེས་པའི་གླུ་དང་། ༸སྐུའི་གོ་སྟོན་གྱི་བཤད་པ་འཆི་མེད་ལྷ་ཡི་རྔ་སྒྲ། འོད་ཀྱི་བཤུལ་ལམ་ཞེས་པའི་གླུ་དབྱངས། དབུས་གཙང་ཆོལ་ཁས་༸སྐུའི་གོ་སྟོན་གྱི་ནང་མ་འཁྲབ་གཞས། མདོ་སྟོད་ཆོལ་ཁས་༸སྐུའི་གོ་སྟོན་གྱི་འཁྲབ་གཞས་བྲོ་ཡི་མཆོད་པ། མདོ་སྨད་ཆོལ་ཁས་༸སྐུའི་གོ་སྟོན་འཁྲབ་གཞས་ཨ་རྩེད་སེང་ལྡེང་ཌ་རུ། དགའ་སྐྱིད་འཛོམས་པའི་ཉི་མ་དེ་རིང་རེད་ཅེས་པའི་རྡུང་ལེན་མཉམ་གཞས་སོགས་༸སྐུའི་གོ་སྟོན་ཆེན་མོར་གླུ་གར་གྱི་མཆོད་པ་ཕུལ་བ་དང་། མཐར་བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ནས་གོ་སྟོན་དང་འབྲེལ་བའི་རྩིས་ཁྲ་མདོར་བསྡུས་སྙན་སྒྲོན་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་འདུས་ཚོགས་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་གྱིས་མདོ་སྨད་ཆོལ་ཁས་འགན་བཞེས་གཙོ་སྒྲུབ་ཞུས་པའི་ཁམས་གསུམ་འགྲོ་བའི་མགོན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་བའི་དབང་པོ་མཆོག་གི་༸སྐུའི་གོ་སྟོན་མཛད་སྒོ་ལེགས་པར་གྲུབ་ཡོད།