༄༅། །ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབུམ་སྡེ་ལ་བསྟན་འཛིན་སྒང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུས་སྡེས་གཙོས་སེར་སྐྱ་ཕོ་མོ་ ༥༠༠ སྐོར་ལ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་སྩལ་རྗེས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ། ངས་ནམ་རྒྱུན་རྟག་ཏུ་ཆོས་ལུགས་འཐེན་འཁྱེར་མ་བྱེད་ཅེས་བཤད་ཀྱི་ཡོད། དེའི་རྒྱུ་མཚན་རོབ་ཙམ་ཞིག་ཁ་སང་སྐད་ཆ་བྱུང་བ་རེད། ངོ་ཐོག་ཤེས་མཁན་ཞིག་གིས་བལྟས་པ་ཡིན་ན། རྙིང་མའི་ཐོག་ནས་རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ་ཅེས་པ་དང༌། དེ་བཞིན་ས་སྐྱའི་ཐོག་ནས་གསལ་སྟོང་འཛིན་མེད་འཁོར་འདས་དབྱེར་མེད་ཅེས་དང༌། བཀའ་བརྒྱུད་ཀྱི་ཕྱག་ཆེན། དགེ་ལུགས་པའི་ཐོག་ནས་བདེ་སྟོང་དབྱེར་མེད་ཅེས་གསུངས་པ་དེ་ཚོ་དངོས་གནས་བཤད་ཤེས་པ་གཅིག་དང༌། མཐོང་རྒྱ་ཆེ་བས་དཔེ་ཆ་མང་པོ་བལྟས་པའི་ཐོག་ནས་བཤད་ན་དངོས་གནས་གནད་འགག་བབས་ས་གཅིག་གི་སྒང་ལ་ཡོད་པ་དེ་ཏན་ཏན་རེད། ངས་ཆོས་ལུགས་བོན་པོས་མཚོན་པས་ས་དགེ་བཀའ་རྙིང་ཚང་མ་དགོངས་པ་གཅིག་ཅེས་བཤད་པ་དེ། འདྲ་ཆགས་ཆགས་གཅིག་དང༌། མིའི་ངོ་སྲུང་ཐོག་ནས་བཤད་པ་ལྟ་བུར་ཁ་ཤས་ཀྱིས་མཐོང་གི་མེད་དམ་དྲན་གྱི་འདུག དེ་འདྲ་མ་རེད། ངའི་འདི་ལ་རྒྱུ་མཚན་དངོས་གནས་ཡོད། དགེ་ལྡན་པའི་ཕྱོགས་ནས་ཡིན་ནའང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ས་དགེ་བཀའ་རྙིང་ཚང་མ་མིང་མི་འདྲ་བ་ཡིན་ནའང་བབས་སའི་གནད་འགག་གཅིག་པ་རེད་ཅེས་གསུངས་ཡོད། ངེས་དོན་ལུང་རིགས་ལ་བརྟེན་ཅིང༌། ། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། ། དཔྱད་ན་དགོངས་པ་གཅིག་ཏུ་བབས། ། ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འདི་ལྟར་གསུངས་ཡོད་ལ༑ ྋགོང་ས་ྋལྔ་པ་ཆེན་པོའི་གསུང་དེ་ཚོའི་ནང་ལ་ཡང་འཐོར་བུ་འཐོར་བུ་དོན་ཡོང་གི་འདུག གང་ལྟར་ས་དགེ་བཀའ་རྙིང་ཚང་མ་དངོས་གནས་དགོངས་པ་གཅིག་གི་ཐོག་ཏི་བབས་ཐག་ཆོད་རེད། དེ་འདྲ་ཡིན་དུས་ཕར་ཚུར་ཕྱོགས་རིས་བྱ་རྒྱུ་དེ་ཡག་པོ་མིན། མ་གཞི་ཕྱོགས་རིས་ཧ་ཅང་ཆེན་པོ་མེད་ན་ཡང་དེ་ཚོ་གཅིག་ཤེས་པ་བྱེད་དགོས། ཁ་སང་ངས་དོལ་རྒྱལ་སྐོར་ལ་བཤད་པ་བཞིན། དེ་གཟབ་གཟབ་བྱེད་དགོས་པ་ཞིག་རེད། སྤྱིར་རི་བོ་དགེ་ལུགས་པའི་ཆ་ནས་མགོན་པོ་དང་ཆོས་རྒྱལ་གཉིས་གཙོ་བོ་རེད། རི་བོ་དགེ་ལུགས་པའི་ཆོས་བྱེད་མཁན་མི་གཅིག་གིས་སོ་སོའི་ཚེ་དང་སྒྲུབ་པ་མཉམ་པར་སྡོད་མཁན་ཞིག་ཡིན་ན་ཆོས་སྐྱོང་མང་པོ་དགོས་དོན་མེད། མགོན་པོ་ཕྱག་དྲུག་དང༌། དམ་ཅན་ཆོས་རྒྱལ་གཉིས་ཀྱིས་མ་ལྕོགས་པ་དང༌། མ་འཐུས་པ་ཞིག་རྩ་བ་ཉིད་ནས་མེད། ང་རང་ཚོ་བོད་སྤྱི་པའི་དོན་དག་དང་འབྲེལ་ནས་དཔལ་ལྡན་ལྷ་མོ་དང༌། རྒྱལ་པོ་སྐུ་ལྔ་གལ་ཆེན་པོ་རེད། དཔལ་ལྡན་ལྷ་མོ་ནི་འཇིག་རྟེན་ལས་འདས་པ་རེད། གང་ལྟར་ཡང་སྙིང་དབྱངས་ཅན་མ་དྲག་ཏུ་ཁྲོས་པ། རྡོ་རྗེ་རོ་ལངས་མ་དེས་བསྟན་སྲུང་གི་ཚུལ་བཟུང་བ་དཔལ་ལྡན་དམག་ཟོར་རྒྱལ་མོ་ཞེས་པ་འདི་ནི་བོད་ལ་ཡོངས་གྲགས་རེད། རྗེ་རིན་པོ་ཆེ་དང་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད་བཟོ་མི་འདུག ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་བོ་དོང་ནས་གསན། དེ་ནས་བྱས་ཏེ་དཔལ་ལྡན་ལྷ་མོ་དང་ཐུན་མོང་མ་ཡིན་པར་འགྲོགས་འདྲིས་བྱུང་བ་དེ་འདྲའི་ཐོག་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དཔལ་ལྡན་ལྷ་མོ་ཐུན་མོང་མ་ཡིན་པ་ཡིན། དེ་འདྲའི་ཐོག་ནས་གཙང་བཀྲ་ཤིས་ལྷུན་པོ་དང་དཔལ་ལྡན་ལྷ་མོ་ཐུན་མོང་མ་ཡིན། དེ་བཞིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་ལ་ཕེབས་པ་ནས་བཟུང་སྟེ་ཚུགས་པ་མིན་ནམ། འབྲས་སྤུངས་ལ་ལྷ་མོ་གཙོ་བོ་ཡིན། འབྲས་སྤུངས་མ་དགོན་བྱས་ཏེ་དེ་ནས་ཡན་ལག་དང༌། ཉིང་ལག་སྐྱེས་པའི་དགེ་ལྡན་པའི་དགོན་པ་མང་པོ་ཞིག་ལ་ཐུན་མོང་མ་ཡིན་པའི་སྲུང་མ་ལ་ལྷ་མོ་བསྟེན་གྱི་ཡོད་འདུག རྒྱལ་པོ་སྐུ་ལྔ་སྤྱིར་དྲེགས་པའི་ཚུལ་བཟུང་བ་ཡིན། འོན་ཀྱང་དྲེགས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། ཕྱོགས་གཅིག་ནས་སློབ་དཔོན་རིན་པོ་ཆེས་བསམ་ཡས་ལ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་བཞེངས། བསམ་ཡས་ཀྱི་གནས་སྲུང་ཞིག་དགོས་པ་བྱུང་སྟེ། སློབ་དཔོན་གྱིས་གཟིགས་པའི་སྐབས་ལ་སྐབས་བབས་དུས་བབས་ཀྱིས་རྒྱལ་པོ་པེ་ཧར་གནས་སྲུང་དུ་བསྐོ་དགོས་པ་གཟིགས། སྐབས་དེ་དུས་པེ་ཧར་སྦ་ཏ་ཧོར་གྱི་སྒོམ་གྲྭའི་གནས་སྐྱོང་ནང་བཞུགས་ཡོད། སྦ་ཏ་ཧོར་གྱི་སྒོམ་གྲྭ་ནས་པེ་ཧར་ཡར་འགུག་པ་ལ་རང་བཞིན་གྱིས་འགུག་ཐབས་མེད་པས་ཆོས་སྐྱོང་གི་དཀོར་རྫས་དེ་ཚོ་ཡར་འཕྲོགས། དེ་ཚོ་ཡར་བསམ་ཡས་སུ་འབྱོར་བའི་ཐོག་ནས་རྒྱལ་པོ་པེ་ཧར་ཡར་འགུག་ཐབས་བྱེད་དགོས་པ་ཡིན་དུས་དཀོར་རྫས་བླང་རྒྱུའི་དོན་དག་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ནི་བཙན་པོས་དམག་དཔོན་བྱས་ཏེ་སློབ་དཔོན་རིན་པོ་ཆེ་རང་ཉིད་ཀྱིས་རྣམ་སྲས་རྟ་བདག་བརྒྱད་ལ་བཀའ་བསྒོས། རྣམ་སྲས་རྟ་བདག་བརྒྱད་ཀྱི་སྤྲུལ་པའི་དམག་ཚོགས་དང་བཅས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཀྱིས་མིའི་དཔུང་དང་བཅས་པ་འཁྲིད་ནས་སྦ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ། རྒྱལ་པོ་སྐུ་ལྔའི་དཀོར་རྫས། གཡུ་ཡི་ཐུབ་པ། བསེ་ཡི་འབག་སོགས་ཡར་འཁྱེར་ཡོང་བ་དེ་ཚོ་ཆོས་སྐྱོང་གི་རྟེན་ལ་གཉེར་གཏད་མཛད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆགས་པ་ཡིན་ས་རེད། དུས་ཕྱིས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐབས་སུ་གནས་ཆུང་དང་འབྲེལ་བ་ཆགས་ཡོད། དགེ་འདུན་རྒྱ་མཚོའི་རྣམ་ཐར་ནང་ལ་རྒྱལ་པོ་སྐུ་ལྔ་དེ་ས་ལམ་གྱི་རྟོགས་པ་མཐོན་པོར་སླེབས་པར་གསུངས་འདུག དེ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང༌། དེ་འདྲའི་རྐྱེན་གྱིས་འབྲས་སྤུངས་ལ་གནས་ཆུང་ཐུན་མོང་མ་ཡིན་པ་ཆགས་པ་རེད། དེ་ནས་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འབྲས་སྤུངས་སུ་ཕེབས། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་འཛུགས་སྐབས་དགའ་ལྡན་ཕོ་བྲང་གི་ཐུན་མོང་མ་ཡིན་པའི་དམར་ནག་གཉིས་དེ་ཆགས་པ་རེད། དེར་བརྟེན་ང་རང་ཚོ་བོད་སྤྱིའི་དོན་དག་དང༌། མདོར་ན་ྋརྒྱལ་བ་རིན་པོ་ཆེས་བོད་བསྟན་སྲིད་སྤྱིའི་འགན་འཁུར་བླངས་ནས་བསྡད་པ་དེའི་རིང་ལ་བོད་སྤྱི་པའི་སྲུང་མ་ལྷ་མོ་དང་རྒྱལ་པོ་སྐུ་ལྔ་ཆགས་ཡོད། ཤེས་སོང་ངམ། འདོད་རུང་མི་འདོད་རུང་ྋརྒྱལ་བ་རིན་པོ་ཆེ་འདོད་པ་གཅིག་དང༌། ྋརྒྱལ་བ་རིན་པོ་ཆེས་འགྲིགས་ཀྱི་ཡོད་ན་ྋརྒྱལ་བ་རིན་པོ་ཆེས་འགའ་འཁུར་བླངས་པའི་རིང་ལ་དེ་ལ་ྋརྒྱལ་བ་རིན་པོ་ཆེའི་གཡས་སྐྱོར་གཡོན་སྐྱོར་བྱས་ནས་རོགས་རམ་བྱེད་མཁན་སྐུ་ལྔ་ཆགས་ཡོད། ང་རང་སྒེར་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ་ནི་ང་རང་གི་འདོད་པ་རེད། གང་ལྟར་དཔལ་གསང་བ་འདུས་པའི་སྐབས་ནས་གསུངས་པའི་མགོན་པོ་ཕྱག་བཞི་པ་སོགས་སྲུང་མ་འདྲ་མི་འདྲ་མང་པོ་འདུག གང་ལྟར་ཡང་རི་བོ་དགེ་ལྡན་པའི་ཕྱག་བཞེས་ནས་བརྩིས་ན་དམ་ཅན་ཆོས་རྒྱལ་རེད། ས་སྐྱའི་ཆོས་བརྒྱུད་ཀྱི་ཐོག་ནས་བརྩིས་ན་མགོན་པོ་གུར་ཞལ་དེ་ཚོ་ཆོས་སྐྱོང་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་ཆགས་ཡོད། སྔ་འགྱུར་རྙིང་མའི་ཆོས་ལ་ང་མོས་པ་ཡོད། ཀ་དག་དང༌། ལྷུན་གྲུབ་ཀྱི་དོན་དག་དེ་ཚོ་ཟབ་པོ་འདུག འོ་དེ་འདྲའི་ཐོག་ནས་བསམ་བློ་བཏང་ན། མ་དམ་རྒྱལ་གསུམ་ཞེས་མ་མོ་དང༌། དམ་ཅན་རྡོ་རྗེ་ལེགས་པ་དང༌། ང་རང་སྒེར་གྱི་ཐོག་ནས་བླ་མེད་རྫོགས་བྱང་སྒྲུབ་པ་ལ་ཆོས་སྐྱོང་ག་རེ་བསྟེན་མི་བསྟེན་དེ་ང་རང་གིས་བསམ་བློ་གཏོང་རྒྱུ་རེད། གང་ལྟར་བོད་སྤྱི་པའི་འགན་བླངས་ཡོད་པ་ཞིག་དང༌། དགེ་སློང་བསྟན་འཛིན་རྒྱ་མཚོ་ཁ་ཐབས་སྐྱོ་ནའང་མ་སྐྱོ་ནའང་གང་ལྟར་ྋརྒྱལ་བའི་སྐུ་ཕྲེང་གྲས་ལ་སྐྱེས་པ་ཡིན་དུས་ྋརྒྱལ་བའི་སྐུ་ཕྲེང་ལ་སྐྱེས་ཕྱིན་ཆད་ལ་དམག་ཟོར་རྒྱལ་མོ་དང༌། རྒྱལ་པོ་སྐུ་ལྔ་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་གཅིག་མ་བྱས་ན་མ་འགྲིགས་པ་ཆགས་ཡོད། དེར་བརྟེན་ང་མདོ་སྨད་ཙོང་ཁའི་ཡུལ་དུ་སྐྱེས་པ་ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ་ཟེར་བའི་ཕྲུ་གུ་སྣབས་འཛིར་གཅིག་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་ཐོབ་སྟངས་དེ་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ་ལ་ཨ་ཀ་མ་ཞེས་ཡི་གེ་གསུམ་དོན་ནས། ཨ་དེས་ཨ་མདོ་དང༌། ཀ་དེས་སྐུ་འབུམ། ཡང་ན་ཀ་དང་མས་ཀརྨ་རོལ་པའི་རྡོ་རྗེའི་རི་ཁྲོད་མཚོན་པ་ལྟ་བུ་བྱུང༌། དེ་ལྟར་བྱས་ནས་སྐུ་འབུམ་གྱི་ས་ཆ་ཁུག་ཀྱོག་གཅིག་ནས་ཨ་མདོའི་ཕྲུ་གུ་གཅིག་བསྒྲུགས་ཏེ་ལྷ་སར་སླེབས་པ་དེ་དཔལ་ལྡན་ལྷ་མོས་བསྐོས་བཞག་པ་ལྟ་བུ་ཞིག་ཆགས་ཡོད། ང་བསྐོ་མཁན་དེ་ལས་སླ་པོ་རང་ཡོད་པ་མ་རེད། ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ་ཟེར་བ་ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་རེད་རྒྱུ་དེ་དཔལ་ལྡན་ལྷ་མོའི་ཕྱག་རྟགས་ཕེབས་པ་རེད། ཤེས་སོང་ངམ། དེས་ན་ྋརྒྱལ་བ་རིན་པོ་ཆེ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་ལྷ་མོ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་བོད་སྤྱི་པའི་ཆ་ནས་ལྷ་མོ་གཙོ་བོར་བྱེད་དགོས་ཀྱི་ཡོད། དེ་བཞིན་ྋརྒྱལ་བ་རིན་པོ་ཆེ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་གཅིག་ནི་རྒྱལ་པོ་སྐུ་ལྔ་ཡིན་པས་བོད་སྤྱི་པའི་དོན་དག་ལ་རྒྱལ་པོ་སྐུ་ལྔ་དང་འབྲེལ་ལུགས་དེ་འདྲ་རེད། དྲེགས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན། སློབ་དཔོན་རིན་པོ་ཆེས་བཀའ་བསྒོས་གཉེར་གཏད་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ས་ལ་ལས་འགན་སྤྲད་པའི་སྲུང་མ་ཞིག་ཆགས་ཡོད། དེ་ལ་སུ་གཅིག་གིས་རྩོད་པ་བྱེད་མཁན་མེད། རྗེས་སུ་རྒྱལ་པོ་པེ་ཧར་གནོད་པ་ཚ་པོ་ཡོད་ཚུལ་དེ་འདྲ་ཕྲན་བུ་བཤད་རྒྱུ་ཡོད་པ་ལས། དེ་ལས་ལྷག་པ་ཡང་དག་པ་ཡིན་དང༌། མིན་ཟེར་བ་དེ་འདྲ་བཤད་དགོས་པ་རྩ་བ་ནས་མེད། ཚུར་ཕྱོགས་དེར་དྲེགས་པ་གསར་པ་ལ་ཆ་བཞག་ན༑ གསལ་པོ་བརྗོད་ན་ཤུགས་ལྡན་ཞེས་བཤད་རྒྱུ་དེ་སྔོན་མ་ངས་ཀྱང་བསྟེན་པ་རེད། དེ་ལ་གཞི་ནས་བརྟག་དཔྱད་རིམ་པ་བྱེད་སྐབས་མ་འགྲིགས་པ་ཆགས་འདུག མ་འགྲིགས་པ་ཆགས་ཡོང་དུས་ཕྱི་ལོ་ ༡༩༧༥ ལོ་ནས་ངས་རྒྱལ་ཆེན་བསྟེན་རྒྱུ་དེ་རྩ་བ་ནས་མཚམས་བཞག་པ་ཡིན། མཚམས་བཅད་རྒྱུ་དེ་ང་ལ་མངོན་ཤེས་ནི་མེད། མཁྱེན་པ་ནི་མེད། ཚོད་ཐིག་རྒྱུ་གང་ཡང་མེད། དེར་བརྟེན་བོད་བསྟན་སྲིད་ཀྱི་དོན་ལ་ཡིན་ན་ཡང་ཟན་བརྟག་བསྒྲིལ་ནས་ཐག་གཅོད་ཀྱི་ཡོད། གཞན་དག་ཕར་བཞག་ཕྱི་ལོ་ ༡༩༥༩ ཟིང་འཁྲུགས་ལངས་པའི་སྐབས་ལ་ལྷ་ས་ནས་བྲོས་དང་མ་བྲོས། བྲོས་ན་དུས་ཚོད་ག་འདྲ་ཞིག་ལ་བྲོས། རྒྱ་གར་ལ་བྲོས་དང་མ་བྲོས། དེ་ཚོའི་གྲས་ལྷ་མོར་ཟན་བརྟ་བསྒྲིལ་གྱིན་བསྒྲིལ་གྱིན་ཐག་བཅད་པ་ཤ་སྟག་རེད། ད་ལྟ་བར་ལོ་བཞི་བཅུ་ཞེ་དགུའི་ཐོག་ལ་སླེབས་ཡོད། ད་ལྟ་བར་དུ་གང་ལྟར་འགངས་ཆེ་སའི་དོན་དག་དེ་ཚོ་ཚང་མ་དེ་འདྲ་བྱས་ཏེ་ཐག་བཅད་པ་རེད། རྒྱལ་ཆེན་དྲེགས་པའི་སྐུར་བཞེངས་པ་དེ་ྋགོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་ནས་བཞེངས་པ་ལས་ྋགོང་ས་ལྔ་པ་ཆེན་པོ་དང་འགྲིགས་ནས་བཞེངས་པ་ཞིག་མིན། གསང་བ་བསམ་གྱིས་མི་ཁྱབ་པ་ཟེར་རྒྱུ་དེ་ང་རང་ཚོ་རང་རང་སོ་སོས་སངས་རྒྱས་བྱང་སེམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དེ་ཚོ་རང་རང་སོ་སོས་སྤྱོད་ནུས་ཀྱི་འདུག་ན་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་དུ་བྱས་པའི་གནས་ཚུལ་དེ་བསམ་བློ་བཏང་ཆོག་གི་རེད། ང་རང་ཚོ་ཐ་མལ་པ་རང་བྱས་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་སྤྱོད་ཐུབ་ཀྱི་མི་འདུག་ན། ཐ་མལ་པའི་ཐུན་མོང་གདུལ་བྱའི་སྣང་ངོར་ག་རེ་ཡོད་པ་དེ་གཞིར་བཞག་ཐོག་ལ་འགྲོ་དགོས་པ་ལས། རང་ཐ་མལ་པ་གཅིག་ལ་བསྡད་ནས་ཚུར་ཕྱོགས་དེར་གསང་བ་བསམ་གྱིས་མི་ཁྱབ་པའི་ཐོག་ལ་འགྲོ་གིན་བསྡད་ན་འགྲིགས་ཀྱི་མེད། རན་གྱི་མ་རེད། ཐ་མལ་པ་གཞིར་བཞག་བྱས་ནས་བསམ་བློ་བཏང་ན་ཐུན་མོང་གདུལ་བྱའི་སྣང་ངོའི་མཛད་པ་གཞིར་བཞག་བྱས་ནས་བསམ་བློ་གཏོང་དགོས། ཐུན་མོང་གདུལ་བྱའི་སྣང་ངོའི་མཛད་པ་གཞིར་བཞག་བྱས་ནས་བསམ་བློ་བཏང་ན། གཟིམ་ཁང་གོང་གི་སྤྲུལ་སྐུ་དང༌། ྋགོང་ས་ལྔ་པ་ཆེན་པོ་མ་འགྲིགས་པའི་གནས་ཚུལ་ཆགས་པ་རེད། ཤེས་སོང་ངམ། དེ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་གསུང་ཆོས་མང་པོ་གསན། ཁོང་རང་གི་རྩ་བའི་བླ་མ་གཙོ་བོ་གནང་ནས་བཞུགས་ཡོད། གང་ལྟར་ཡང་སྙིང་རྒྱལ་ཆེན་དྲེགས་པའི་སྐུར་བཞེངས་ནས་བཀྲ་ཤིས་ལྷུན་པོར་ཕེབས་པའི་ལོ་རྒྱུས་ཡོད། དེར་ཕེབས་པའི་སྐབས་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་པ་བསྐོར་ནས་དགོན་པའི་ནང་ལ་ཕེབས་མ་བཅུག་པའི་ལོ་རྒྱུས་གཅིག་ཤུགས་ལྡན་ཚད་མར་འཛིན་མཁན་གྱི་ལོ་རྒྱུས་ནང་ལ་གསལ་ཡོད། དེ་ཡག་དྲག་པ་ཞིག་རེད་མི་འདུག གང་ལྟར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གདན་ས་བཀྲ་ཤིས་ལྷུན་པོ་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་དེའི་ནང་ལ་ལམ་སང་གདན་འདྲེན་ཞུ་རྒྱུ་ཕར་བཞག་ནས་དགག་བྱ་ཡོད་པ་ཆགས་ཡོད། དེ་རང་རྒྱུད་འཕེན་པའི་གཏན་ཚིགས་ལྟ་བུ་ཆགས་ཡོད། ལུང་དོན་དཔྱིས་ཕྱིན་པ་བཤད་རྒྱུ་ཞིག་མ་བྱུང་ན་རྙོག་ཁྲའི་སྒང་ལ་རྙོག་ཁྲ་རེད་སོང་ངམ། རྒྱལ་ཆེན་ཤུགས་ལྡན་ཁོ་རང་སྒེར་གྱི་ཆ་ནས་ག་རེ་ཡིན་རུང་མིན་རུང༌། ང་ཚོས་ཇུས་གཏོགས་གང་ཡང་མེད། གང་ལྟར་ཚུར་ཕྱོགས་དེར་བོད་བསྟན་པ་ཆབ་སྲིད་སྤྱི་པའི་དོན་དག་ལ་དཔལ་ལྡན་ལྷ་མོ་དང༌། རྒྱལ་པོ་སྐུ་ལྔ་གཙོ་བོ་བྱེད་དགོས་མཁན་ཞིག་ཡིན་ན་རྒྱལ་ཆེན་ཤུགས་ལྡན་བསྟེན་རྒྱུ་དེ་འགྲིགས་ཀྱི་མེད། དེ་ལ་འབྲས་སྤུངས་པའི་ཁ་རྒྱུན་ཞིག་ཡོང་གི་འདུག དེ་ཕལ་ཆེར་བདེན་པ་རེད་འདུག ཤུགས་ལྡན་གྱི་དངོས་གྲུབ་བྲེ་གང་ཡོད་ན། དེ་ལ་རྒྱལ་པོ་སྐུ་ལྔ་དང༌། དེ་འདྲའི་ཐོག་ནས་བར་ཆད་འབོ་གང་ཡོང་ཞེས་དེ་འདྲའི་བཤད་སྲོལ་གཅིག་འདུག གང་ལྟར་བརྟག་དཔྱད་ཡག་པོ་ཞིག་བྱས་ཏེ་ལྟོས་དང་སྒེར་སོ་སོའི་བླ་མའི་ཐོག་ནས་ཐུན་མོང་མ་ཡིན་པ་དེ་འདྲ་ཡིན་ན་གནས་ཚུལ་ཐ་དད་རེད། སྤྱིར་བཏང་ལྷ་མོ་གཙོ་བོ་བྱེད་དགོས་མཁན་ཞིག་ཡིན་ན་ག་རེ་བྱས་ནའང་མ་བདེ་ཤིག་ཤིག་ཡོད་པ་ཏན་ཏན་རེད་འདུག ཤེས་སོང་ངམ། དེ་རིང་འདིར་ཁྱེད་རང་ཚོ་མང་པོ་ཞིག་གིས་གནས་ཚུལ་གསལ་པོ་མ་ཤེས་པ་དང༌། མ་ཤེས་པའི་རྐྱེན་གྱིས་ཐལ་ཆ་འགྲོ་གི་མེད་དམ་བསམ་ནས་དེ་རིང་འདིར་བཤད་པ་ཡིན། ཁ་སང་རོབ་ཙམ་བཤད་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། ཁྱེད་རང་ཚོས་དོ་སྣང་ཡག་པོ་མ་བྱས་ན་མཇུག་ཏུ་འགྱོད་པ་སྐྱེ་དགོས་པ་ཆགས་ན་ཡག་པོ་མེད། མོན་གྷོར་དགའ་ལྡན་ཚོགས་ཆེན་གྱི་ཆོས་རྒྱལ་ཁང་གི་ནང་ལ་རྒྱལ་ཆེན་ཤུགས་ལྡན་གྱི་སྐུ་འདྲ་གཅིག་ཡོད། དེ་སྔོན་མ་ངས་དམ་དྲག་མ་བྱས་པའི་གོང་ལ་བཞེངས་པ་ཞིག་རེད། དེ་ནས་རྙོག་ཁྲ་བྱུང་ཚར་བའི་རྗེས་ལ་རྟེན་དེ་ཡར་བཞེངས་ཚར་བ་ཞིག་མར་བཤིག་ཟེར་རྒྱུ་བདེ་པོ་གང་ཡང་མེད། ངས་དམིགས་བསལ་བཤད་རྒྱུ་ཡང་ཁག་པོ་ཞིག་འདུག ཁོ་རང་ཚོ་ཡང་བདེ་པོ་གང་ཡང་མེད། དེ་འདྲའི་ངང་དུ་བཞག་པ་རེད། ད་ལྟ་བར་དུ་ལོ་མང་པོ་དེ་འདྲའི་མུར་བསྡད་པ་རེད། ཁ་སྔོན་ང་འབྲས་སྤུངས་དང་དགའ་ལྡན་ལ་ཕྱིན་པའི་སྐབས་སུ་ཡང་ངས་དེ་སྐོར་གང་ཡང་མ་བཤད་ན་བསམ་བྱུང༌། རྙོག་ཁྲ་བཤད་ནས་ཆོ་གང་ཡང་མི་འདུག དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་དགོང་མོ་གཉིས་བསྡད། བྱང་རྩེ་གྲྭ་ཚང་ལ་དཔལ་ལྡན་ལྷ་མོ་ཐུན་མོང་མ་ཡིན་པ་ཞིག་རེད་འདུག དེ་ནས་ཤར་རྩེ་གྲྭ་ཚང་ལ་དགོང་མོ་གཉིས་བསྡད་པའི་དགོང་མོ་གཉིས་པ་དེར་ཐོ་རངས་ཆུ་ཚོད་གསུམ་པ་ཙམ་ལ་རྨི་ལམ་གསལ་པོ་ཞིག་བཏང་བྱུང༌། དེ་ལ་ངའི་རྨི་ལམ་ལ་ཆ་བཞག་རྒྱུ་གང་ཡོང༌། འོན་ཀྱང་ཤིང་གི་ཚོགས་ཆེན་ཞལ་ངོའི་ལྕགས་རྒྱུགས་གཅིག་འདུག དེ་ཚོགས་ཆེན་ཞལ་ངོའི་ལྕགས་རྒྱུགས་རེད། འདི་པཎ་ཆེན་སྐུ་གོང་མས་གནང་བ་རེད། དེ་རྒྱལ་ཆེན་ཤུགས་ལྡན་གྱི་རྟེན་གཙོ་བོ་ཞིག་རེད། དེ་མེད་པ་བཟོ་དགོས་ཟེར་བྱུང༌། ངའི་རོགས་པ་སྐུ་སྲུང་བ་མིང་ལ་ཆོས་རྒྱལ་ཟེར་བ་ཞིག་ཡོད་པ་དེ་སླེབས་བྱུང༌། ངས་འདི་མེད་པ་བཟོ་དགོས་བཤད། ཆོས་རྒྱལ་ཟེར་མཁན་དེས་འདི་ཞིབ་ཚགས་པོའི་ཐོག་ནས་མེད་པ་བཟོ་དགོས་ཟེར། དེ་ཡག་པོ་འདུག འདི་ཐོ་བས་བཅགས། སོག་ལེས་བཅད་ནས་ཞིབ་ཚགས་པོ་བྱས་ནས་མེད་པ་བཟོ་དགོས་རེད་བརྗོད། དེའི་གཙོ་ལག་རྣམས་ཕར་ཁ་འཕྲལ་ཚར་བ་དང་ཕར་ཙམ་དེར་མཚོ་གཅིག་འདུག ངས་མཚོ་དེའི་ནང་དུ་ཆ་ཤས་དེ་ཚོ་གཡུག་གིན་གཡུག་གིན་བྱས་སོང༌། དེའི་སྒང་དེར་ཕུར་མདུད་ལྗང་ཁུ་ཞིག་འདུག ངས་བསམ་བློ་བཏང་སྟེ་ཕུར་མདུད་དེ་གང་བྱུང་མང་བྱུང་གིས་ལག་པ་འཆང་ན་ཡག་པོ་མེད་བསམས་ཏེ། ལྷག་པར་དུའང་ཡིད་གཟབ་བྱས་ཏེ་མཚོ་དེའི་ནང་འཕངས་པ་བཅས་ཀྱི་རྨི་ལམ་ཞིག་བཏང་བྱུང༌། གཉིད་སད་པ་དང༌། ཁྱད་མཚར་རྨི་ལམ་དེ་ལ་དོན་གནད་གཅིག་ཡོད་དམ་མེད་བསམ་ནས་གང་ལྟར་ཕྲེང་མོ་ཞིག་རྒྱབ་པ་ཡིན། ཕྲན་བུ་ཚད་འཛིན་བྱེད་དགོས་མཁན་ཞིག་མོའི་ཐོག་ནས་དོན་ཡོང་གི་འདུག དེ་འདྲའི་རྙོག་ཁྲ་ཞིག་སླེབས་སོང༌། འདི་ངས་རྨི་ལམ་བཏང་བྱུང་ལབ་ན་ཆ་བཞག་རྒྱུ་མེད་མཁན། དེ་བཞིན་ངས་མོ་བརྒྱབ་པ་ཡིན་ལབ་ནའང་ལག་དག་རྒྱུ་མེད་པས། ཏན་ཏན་བྱས་ན་ཡག་གི་རེད་བསམ་བྱུང༌། འདིའི་ཉིན་མོར་དགའ་ལྡན་ཚོགས་ཆེན་ལ་མཆོད་མཇལ་དུ་འགྲོ་རྒྱུ་དང༌། དེ་ནས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གདུང་རྟེན་ལ་རབ་གནས་བྱ་རྒྱུ་ཡིན། ཁྱེད་རང་ཚོ་རྒྱུད་པ་ཁ་ཤས་མ་གིར་སླེབས་ཡོད་དམ། དེ་ཉིན་དགའ་ལྡན་ཚོགས་ཆེན་ཐོག་ཁར་སླེབས་ཀྱི་ཡོད་པས། ཚོགས་ཆེན་ཐོག་ཁ་ལ་དྲུག་ཅུ་མ་གཅིག་གྲ་སྒྲིག་གྱིས་ཞེས་ལན་ཞིག་བཏང༌། དེ་ནས་ང་ཚོགས་ཆེན་ལ་ཕྱིན། ཚོགས་ཆེན་ཐོག་ཁར་ང་རང་ཁ་འདོན་གྱི་མཚམས་དགའ་ལྡན་ལྷ་བརྒྱ་མ་ཞིག་བཏོན། དམིགས་བརྩེ་མ་ཕྲེང་བསྐོར་གཅིག་བགྲངས། བླ་མའི་མཚན་སྔགས་གང་འཚམས་བགྲང་རྒྱུ་ཡོད་པ་དེ་ཚོ་བགྲངས། དེ་ནས་གང་བློ་མ་གཅིག་བཏོན། ཨ་ར་པ་ཙ་ཕྲན་བུ་བསགས། ཆོས་རྒྱལ་ཕྱི་ནང་གསང་གསུམ་བསྐྱེད། ཆོས་རྒྱལ་ནང་སྒྲུབ་དང་ཕྱི་སྒྲུབ་གཉིས་ཀ་བཏོན་གྱི་ཡོད་པ་དེ་བཏོན། བསྐང་བཤགས་དང༌། བཟླས་པ་གང་འཚམས་བསགས། དེ་ནས་དྲུག་ཅུ་མ་ཕུལ། དེ་ནས་གཞི་ནས་མགོན་པོའི་སྔགས་གང་འཚམས་བགྲངས། ཡང་དམིགས་བརྩེ་མ་གང་འཚམས་བགྲངས་ཏེ་དེ་ནས་ཟན་བརྟག་བསྒྲིལ་བ་ཡིན། ཟན་བརྟག་དེ་ལ་རྒྱལ་ཆེན་གྱི་སྐུ་གཅིག་ཡོད་པ་དེ་རང་བབས་སུ་བཞག་ན་བཟང་ཞེས་དོན་ཚན་གཅིག དོན་གཅིག་ལ་མ་འོངས་པ་ན་དགའ་ལྡན་ཚོགས་ཆེན་ཉམས་གསོ་བྱེད་རྒྱུའི་སྐབས་དང་བསྟུན་ནས་མ་འོངས་པར་མེད་པ་བཟོས་ན་བཟང་ཞེས་དང༌། ཡང་དོན་ཚན་གཅིག་ལ་ད་ལམ་རང་བསྒྱུར་བཅོས་བཏང་ན་བཟང་ཞེས་པ་བཅས་དོན་ཚན་གསུམ་བཟོས་ནས་ཟན་བརྟག་བསྒྲིལ་བ་ཡིན། གང་ལྟར་ཆོས་རྒྱལ་གྱི་སྔགས་དང་མགོན་པོའི་སྔགས་མཇུག་ལ་ལྷ་མོའི་སྔགས་ཏོག་ཙམ་བགྲངས། གཙོ་བོ་ཆོས་རྒྱལ་དང་མགོན་པོ། དེའི་ནང་ནས་ཆོས་རྒྱལ་གཙོ་བོ་བྱས། རྗེ་རིན་པོ་ཆེའི་བཀའ་སྲུང་ཐུན་མོང་མ་ཡིན་ལ། དགའ་ལྡན་ཆོས་རྒྱལ་ཁང་ནང་རྒྱལ་ཆེན་སྐུ་ཡོད་པའི་དོན་ཡིན་དུས་གཙོ་བོ་ཆོས་རྒྱལ་ལ་དམིགས་ནས་ཆོས་རྒྱལ་རང་ལ་འདུན་པ་ཆེ་བ་བྱས་ནས་ཟན་བརྟག་བསྒྲིལ་བས་ན། ལམ་སང་ཟན་རིལ་གཅིག་ལས་སླ་པོ་བྱས་ནས་ཐོན་བྱུང༌། དེ་ལ་བལྟས་དུས་ད་ལམ་རང་མེད་པ་བཟོ་དགོས་ཞེས་པ་ཐོན། དེ་ནས་དགའ་ལྡན་བླ་སྤྱི་ལ་གནས་ཚུལ་དེ་ཚོ་མངགས་པ་སོགས་བྱས་པ་ཡིན། གང་ལྟར་ཡང་སྙིང་ད་ལན་གནས་ཚུལ་དེ་འདྲ་གཅིག་ཆགས་པ་རེད། སྔ་མོ་ནས་གནས་ཆུང་དང་རྒྱལ་ཆེན་འཁོན་ཡོད་པ་དེ་སྐུ་ཕྲེང་གོང་མའི་སྐབས་ནས་གནས་ཚུལ་གསལ་པོ་ཡོད་པ་རེད། བར་ལམ་ནས་ཤུགས་ལྡན་བསྟེན་མཁན་ལ་ལྷ་མོ་འཁོན་གྱི་ཡོད་པའི་གནས་ཚུལ་ཤིག་ཏུ་གསལ་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གནས་ཚུལ་ཐོག་ནས་ར་འཕྲོད་སོང༌། བྱང་རྩེ་གྲྭ་ཚང་གི་དོན་དག་ལ་ངས་ཟན་བརྟག་སྔ་རྗེས་གསུམ་བཞི་ཞིག་ལ་ལོ་ནས་ལོ་བསྟུད་དེ་བསྒྲིལ་བ་ཡིན། དེ་ཚོ་སྔ་ཕྱི་ཚང་མ་གུང་མཐུན་པ་ཞིག་གི་ཐོག་ནས་རྒྱལ་ཆེན་བསྟེན་པའི་དབང་གིས་བྱང་རྩེ་གྲྭ་ཚང་ལ་ལྷ་མོ་འཁོན་གྱི་ཡོད་པ་གནས་ཚུལ་ཧ་ཅང་གསལ་པོ་བྱུང་བ་རེད། ང་རང་གི་རྨི་ལམ་ལའང་ཁྱད་མཚར་དེ་འདྲ་གང་འཚམས་བྱུང༌། དེ་བཞིན་ངས་དེ་སྔོན་རྒྱལ་ཆེན་གྱི་འཕྲིན་བསྐུལ་ཞིག་བཏོན་གྱི་ཡོད་པ་དང༌། ལོ་རེ་ལ་ལོ་བསྐང་རེ་བཏང་གི་ཡོད་པ་དེ་བཞག་དང་མ་བཞག་ཀྱང་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱས་པ་ཡིན། ཟན་བརྟག་བསྒྲིལ་སྟངས་དེ་ཡང་སྔོན་བཞིན་བྱེད་དང་བརྗེས་པ་བཟང་ཟེར་བ་གཅིག་དང༌། ཡང་ཤིན་ཏུ་གསང་བའི་ཚུལ་གྱིས་བསྟེན་ན་བཟང་ཟེར་བ་གཅིག ཡང་རྒྱལ་ཆེན་བསྟེན་རྒྱུ་མཚམས་འཇོག་བྱས་ན་བཟང་ཟེར་བ་གཅིག་བཅས་ཟན་བརྟག་བསྒྲིལ་བར། མཚམས་འཇོག་བྱས་ན་བཟང་བ་ཐོན་པ་རེད། དེའི་དགོང་མོར་རྨི་ལམ་ཧ་ཅང་གསལ་པོ་ར་འཕྲོད་ངེས། དངོས་གནས་རང་དགོངས་པ་རྒྱ་ཆེན་གྱི་བཟོ་འདྲས་བཀྲལ་མི་དགོས་པ་ངོ་ཐོག་རྨི་ལམ་ཤིན་ཏུ་གསལ་པོ་བྱུང་བ་རེད། ཕྱི་ལོ་ ༡༩༧༥ ལོ་ནས་མཚམས་གཙང་མ་བཅད་ནས་བཞག་པ་རེད། ད་ལམ་དགའ་ལྡན་ཚོགས་ཆེན་གྱི་དོན་དག་ལ་ཐུག་ནས་དམ་ཅན་ཆོས་རྒྱལ་གྱི་ཐོག་ནས་ཀྱང་མ་བདེ་བ་གཅིག་ཆགས་ཡོང་གི་འདུག ཤེས་སོང་ངམ། རྒྱལ་ཆེན་ལ་དམ་དྲག་བྱས་ཡོང་དུས་ཁ་ཤས་ཀྱིས་འདི་རྒྱལ་པོ་སྐུ་ལྔས་ཕྲག་དོག་བྱས་པ་དང༌། གནས་ཆུང་གིས་རྒྱུད་བསྐུལ་བྱས་ནས་དྲེགས་པ་ནང་ཚགས་ཕྲག་དོག་བྱས་པ་རེད་ཟེར་བ་དང༌། ཡང་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་རྙིང་མ་ལ་དོ་སྣང་བྱས་ཏེ་དེ་འདྲའི་ཐོག་ནས་རྒྱལ་ཆེན་ལ་དམ་དྲག་བྱས་པ་རེད་ཟེར་བ་དེ་འདྲའི་བསམ་ཚུལ་ཀྱང་མགོ་ཚོས་ལ་མ་ཚོས་ཀྱི་ཐོག་ནས་ཡོང་གི་ཡོད་པ་འདྲ། རྒྱུ་མཚན་ངོ་མ་ངས་ད་ལྟ་བཤད་པ་དེ་དག་ཡིན། ཆོས་ལུགས་ཀྱི་ཐོག་ནས་མ་ཡིན་ལ། གཞན་དག་གང་གི་ཐོག་ནས་ཀྱང་མ་རེད། མ་གཞི་ལར་ནས་བསྟན་པ་ལ་བསྲེ་ལྷད་ཟེར་རྒྱུའི་གནས་ཚུལ་དེ་ཁ་སང་ངས་རོབ་ཙམ་ལབ་པ་བཞིན། བསྟན་པ་ལ་བསྲེ་ལྷད་ཟེར་རྒྱུའི་དོན་དག་དེ་མཁས་གྲུབ་ཐམས་ཅད་མཁྱེན་པས་ལྟ་ངན་མུན་སེལ་ནང་གསུངས་ཡོད། དེའི་བསྲེ་ལྷད་ཀྱི་དོན་དག་ག་འདྲ་གསུངས་ཡོད་ཟེར་ན་རྗེ་རིན་པོ་ཆེའི་དབུ་མའི་ལྟ་བ་སྐྱོང་ལུགས་དང༌། དབུ་མའི་ལྟ་བ་འཛིན་ལུགས་དེ་ཚོའི་གྲས་དཔལ་ས་སྐྱ་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཟེར་བ་དེ་འདྲའི་ཆོས་སྐད་འདིར་བསྲེ་བར་མི་བྱ་ཞེས་དང༌། དེའི་ཐད་དེར་རྒྱུ་མཚན་འགྲེལ་བཤད་མང་པོ་ཞིག་བསྐྱོན། དེ་ནས་ས་སྐྱའི་འཁོར་འདས་དབྱེར་མེད་ལྟ་བའི་སྐོར་འགྲེལ་བཤད་བསྐྱོན། དེ་ནས་དེའི་མཚམས་དེ་ལ་རྗེ་བླ་མའི་ལྟ་བ་སྐྱོང་ཚུལ་དེ་ཚོ་སོ་སོ་ནས་བཤད་ཡོང་སྐབས་དེ་ལྟ་བུའི་དཔལ་ས་སྐྱ་པའི་འཁོར་འདས་དབྱེར་མེད་ལྟ་བའི་ཆོས་སྐད་འདིར་བསྲེ་བར་མི་བྱ་ཞེས་དང༌། དེའི་གཤམ་དུ་བསྡོམས་བསྐྱོན་པའི་སྐབས་ལ་གཞན་དག་གི་དོན་དང་ཐ་སྙད་གང་ཡང་འདིར་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ཏུ་བསྲེ་བར་མི་བྱའོ། །ཞེས་གསུངས་ཡོད། འདི་གསལ་པོ་འདུག་གམ། འདིའི་དོན་དག་ནི། གསལ་སྟོང་ཟུང་འཇུག་ཟེར་བ་དང༌། གསལ་སྟོང་འཛིན་མེད་ཟེར་བ། འཁོར་འདས་དབྱེར་མེད་ཟེར་བ་དེ་འདྲ་དང༌། ཀ་དག་དང་ལྷུན་གྲུབ་ཟེར་རྒྱུ་ལྟ་བུ་རྫོགས་པ་ཆེན་པོའི་ཐ་སྙད་ཀྱི་ཚིག་དེ་ཚོའི་གྲས་བསྲེས་ན། བསྲེ་ལྷད་རེད་ཅེས་གསུངས་ཡོད། འདི་ནས་ཀྱང་དེ་དག་ལ་བསྲེ་བར་མི་བྱའོ། །གསུངས་ཡོང་དུས་རྙིང་མ་གཅིག་གིས་ལམ་རིམ་ཆེན་མོ་མ་བལྟ་གསུངས་པ་མིན། བཀའ་བརྒྱུད་པ་གཅིག་གིས་ལམ་རིམ་ཆེན་མོ་བལྟས་ན་བསྲེ་ལྷད་དུ་འགྲོ་བ་གསུངས་མེད། རྙིང་མ་བ་གཅིག་གིས་རྫོགས་ཆེན་རང་གི་མཁྲེགས་ཆོད་དང༌། ཐོད་རྒལ་ཉམས་ལེན་སྐོར་གསུངས་ཡོང་དུས་གསར་མའི་ཆོས་སྐད་ཕར་མ་བསྲེ་གསུངས་ཡོད། དེ་ག་ནང་བཞིན་དཔལ་ས་སྐྱའི་ལམ་འབྲས་ཀྱི་རྒྱུད་གསུམ་སྐབས་ཀྱི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བཤད་ཡོང་དུས་རྗེ་རིན་པོ་ཆེས་ལྷག་མཐོང་ཆེན་མོའི་ནང་གསུངས་པའི་ཐ་སྙད་དེ་ཚོ་ཕར་མ་བསྲེ་གསུངས་ཡོད། འདིར་དེ་དག་གི་ཆོས་སྐད་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ལ་བསྲེ་བར་མི་བྱའོ། །ཞེས་གསུངས་འདུག་གམ། དེའི་མཚན་གཞི་ངོས་བཟུང་ས་ཡག་ཤོས་དེ་ྋགོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པའི་ཆོས་ཚུལ་གྱི་སྐོར་ལ་ལམ་རིམ་འཇམ་དཔལ་ཞལ་ལུང་མཛད་ཡོད། ལམ་རིམ་འཇམ་དཔལ་ཞལ་ལུང་གི་ལྟ་བ་སྐྱོང་ཚུལ་དེ་ཚོའི་ནང་ལ་ས་སྐྱ་པའི་ཆོས་སྐད། བཀའ་བརྒྱུད་པའི་ཆོས་སྐད། རྙིང་མའི་ཆོས་སྐད་ཟེར་རྒྱུ་དེ་ཚོ་ཟུར་ཙམ་ཡང་མེད། རྗེ་རིན་པོ་ཆེའི་ལྷག་མཐོང་ཆེ་ཆུང་དང༌། རྩ་འཇུག་རྣམ་བཤད་རྣམ་པ་གཉིས་དེ་ཚོའི་ཐ་སྙད་སོར་བཞག་བྱས་ནས་གསུངས་པ་ལས་གཞན་དག་བསྲེས་མེད། ཡང་ྋགོང་ས་ལྔ་པ་ཆེན་པོའི་གསུང་ནང་ལ་རྫོགས་ཆེན་གྱི་ཁྲིད་ཡིག་རིག་འཛིན་ཞལ་ལུང་དང༌། བྱང་གཏེར་གྱི་སྤྱན་རས་གཟིགས་འཁོར་བ་སྙིང་གྲོལ་མན་ངག་དང་འབྲེལ་བའི་རྫོགས་ཆེན་གྱི་ཁྲིད་ཡིག་གཅིག་ཡོད། དེ་ཚོའི་ནང་ལ་རྫོགས་ཆེན་རང་གི་ཆོས་སྐད་ཁོ་ན་ལས་ས་སྐྱའི་ཆོས་སྐད་བསྲེས་མེད་ལ། དགེ་ལྡན་པའི་ཆོས་སྐད་ཀྱང་བསྲེས་མེད། དེ་འདྲ་དེ་ལ་བསྲེས་ལྷད་མ་བྱས་པ་ཟེར་རྒྱུ་ཡིན་པ་ལས་ྋགོང་ས་ལྔ་པ་ཆེན་པོ་མི་གཅིག་གིས་ས་སྐྱ་དང༌། རྙིང་མ་ཉམས་སུ་བཞེས་པ་དེ་དག་བསྲེ་ལྷད་བྱས་པའི་དོན་ལ་འགྲོ་བ་མིན། ཕྱིས་སུ་རིགས་གཅིག་གིས་གོ་བ་ལ་རི་བོ་དགེ་ལུགས་པའི་ཆོས་བྱེད་མཁན་གཅིག་གིས་རྙིང་མའི་ཆོས་འཁོར་ལ་ལག་པ་འཆང་བ་ཙམ་གྱིས་བསྲེ་སླད་དུ་འགྲོ་གི་ཡོད་པ་ལྟ་བུ་དང༌། མ་གཞི་ས་སྐྱ་ཕྲན་བུ་དྲག་པ་འདུག ཤུགས་ལྡན་ས་སྐྱ་ལ་ཡོད་པ་དང༌། དེ་བཞིན་རྣལ་འབྱོར་མ་ས་སྐྱ་ནས་ཡོང་བ་ཡིན་ཙང་ས་སྐྱ་ཕྲན་བུ་དྲག་གི་རེད། བཀའ་བརྒྱུད་དང༌། རྙིང་མ། དེའི་ནང་ནས་སྔ་འགྱུར་རྙིང་མ་ཞེས་ལབ་དུས་རྙིང་དྲི་འཚུབ་འཚུབ་གཅིག་གི་སྒང་ལ་སྐྱེལ་གྱི་ཡོད། དགེ་ལུགས་པའི་མི་གཅིག་གིས་རྙིང་མ་བཀའ་བརྒྱུད་ཀྱི་ཆོས་བྱས་ན་བསྲེ་སླད་བྱས་པ་ཟེར་རྒྱུ་དེ་རེད་མི་འདུག དེ་བསྲེ་སླད་བྱས་པ་རྩ་བ་ནས་མ་ཡིན། བསྲེ་སླད་ཟེར་རྒྱུའི་དོན་དག་དེ་གཞུང་གང་ཡིན་གཅིག་བཤད་པའི་སྐབས་ལ། དཔེར་ན། གསང་བ་འདུས་པ་བཤད་པའི་སྐབས་ལ་བདེ་མཆོག་གི་ཆོ་ག་གཅིག་ཕར་མཉམ་བསྲེས་བཏང་བ་ཡིན་ན་དེ་བསྲེ་སླད་བྱས་པ་རེད། གསང་བ་འདུས་པའི་རིམ་ལྔ་བཤད་པའི་སྐབས་ལ་རྣལ་འབྱོར་བཞི་རིམ་སྐོར་ཐ་སྙད་སྦྱར་ནས་ཕྱིན་ན་འགྲིག་གི་མེད། བདེ་མཆོག་ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་པའི་སྐབས་ལ་རིམ་ལྔ་རང་གི་འགྲོ་སྟངས་སྦྱར་ན་འགྲིག་གི་མེད། དོད་ཐུབ་བྱས་ན་འགྲིག་གི་མ་རེད། དེ་ལྟ་བུར་བསྲེས་ཞེས་པའི་དོན་དག་དེ་རེད། མཁས་གྲུབ་རིན་པོ་ཆེས་དེའི་མཇུག་ཏུ་དེ་ལ་བསྲེས་ན་དམ་པ་གོང་མ་ཚོས་ཆོས་བརྒྱུད་མི་འདྲ་བ་སོ་སོ་སོ་སོའི་རང་ལུགས་ཐུན་མོང་མ་ཡིན་པ་ཡོད་པ་འཆར་གྱི་མ་རེད་ཅེས་གསུངས་ཡོད། འོ་དེ་འདྲ་ཡིན་དུས་བསྲེས་ཟེར་རྒྱུ་དེ་མི་གཅིག་གིས་ཐམས་ཅད་བྱས་པ་དེར་ཟེར་གྱི་མེད། ཚུར་ཕྱོགས་དེ་ལ་དགེ་ལུགས་པ་ཡིན་ནའང་མི་གཅིག་གིས་རྙིང་མའི་ཆོས་དང༌། བཀའ་བརྒྱུད་པའི་ཆོས། ས་སྐྱའི་ཆོས་ཚང་མ་བྱེད་ཆོག་ལ་བྱེད་དགོས་ཀྱི་རེད། དེའི་ཁུངས་དང་རྒྱུ་མཚན་ལ། མདོ་བྱས་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཁུངས་བགྲང་རྒྱུ་ཡོད། བསྟན་བཅོས་བྱས་ན་མངོན་རྟོགས་རྒྱན་གྱི་ཁུངས་བགྲང་རྒྱུ་ཡོད། དེ་ནས་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ཁུངས་བགྲང་རྒྱུ་ཡོད། ཤེས་སོང་ངམ། དགེ་ལུགས་པའི་མི་གཅིག་གིས་རྙིང་མའི་ཆོས་བྱས་ན་འགྲིག་གི་མ་རེད། བྱ་རྒྱུ་མེད་ཟེར་རྒྱུ་དེ་ལ་བླ་མའི་གསུང་རྒྱུན་ཙམ་མ་གཏོགས་མེད། བླ་མའི་གསུང་རྒྱུན་དེ་དང་གཞུང་ཆེན་མོ་གཉིས་བསྡུར་ཏེ་གཉིས་པོ་དེ་མཐུན་གྱི་མི་འདུག་ན་མདོ་རྒྱུད་མན་ངག་ཟབ་པ་ཡིན་ཞེས་རྗེ་རིན་པོ་ཆེས་གསུངས་ཡོད། རྗེ་རིན་པོ་ཆེ་ལ་འཇམ་དབྱངས་ཞལ་གཟིགས་པའི་སྐབས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གཞུང་ཆེན་མོ་དང་མི་མཐུན་པ་བྱུང་ན། འདོར་རྒྱུ་མན་ངག་དག་ལ་བབ་པ་ཡིན་གྱི། གཞུང་ཆེན་མོ་ནི་ནམ་ཡང་དོར་བར་མི་བྱའོ། །ཞེས་འཇམ་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་ནན་པོ་བྱས་ནས་གསུངས་མི་འདུག་གམ། དེར་བརྟེན་གལ་ཏེ་བླ་མའི་གསུང་རྒྱུན་དེ་དང་གཞུང་ཆེན་པོ་གཉིས་པོ་མི་མཐུན་པ་ཡོད་ན་བླ་མའི་ཞལ་རྒྱུན་དོར་རྒྱུ་ལས་གཞུང་ཆེན་མོ་དོར་ཤེས་ཀྱི་མ་རེད། གཞུང་ཆེན་མོའི་ནང་ཁ་སང་ཞུས་པ་བཞིན། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་པའི་ཚིག་འདི་དངོས་གནས་ནུས་པ་ཆེན་པོ་རེད། འདི་ང་ལ་ཉམས་མྱོང་གཅིག་བྱུང༌། ཉམས་མྱོང་ག་རེ་བྱུང་ཞེ་ན། ང་རྡ་རམ་ས་ལར་ཡོད་པའི་སྐབས་ཤིག་ལ་ཁུ་ནུ་ཡིན་པ་རང་ལོ་བདུན་ཅུ་རྩ་གྲངས་སུ་སླེབས་པའི་སྤོ་ལགས་ཆོས་པ་རྣམ་དག་གཅིག་ངའི་སར་ཡོང་ནས་ཁོ་རང་ཚེ་དང་སྒྲུབ་པ་མཉམ་པ་བྱས་ཏེ་རི་ཁྲོད་འགྲིམས་ནས་སྡོད་ཀྱི་ཡོད་ཟེར། ཁོ་རང་ཉམས་ལེན་གང་ལ་གང་འཚམ་བྱེད་ཀྱི་ཡོད་པ་འདྲ། ཁོང་གིས་ང་ལ་ཐོད་རྒལ་གྱི་ཉམས་ལེན་བྱེད་སྟངས་སྐོར་སྐད་ཆ་དྲིས་བྱུང༌། ང་ལ་ཐོད་རྒལ་སྐོར་སྐད་ཆ་བཤད་རྒྱུ་མེད། ངས་ཐོད་རྒལ་སྦྱངས་མེད། མ་སྦྱངས་པ་ལ་ཤེས་ཀྱི་མ་རེད། ང་སེམས་སྐྱོ་བྱུང༌། ངས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སེམས་བསྐྱེད་ཡོད་པས། སེམས་ཅན་གཅིག་གི་དོན་ཡིན་ནའང་བྱ་དགོས་པ་ཞིག་ཡིན་ཀྱང༌། དེ་འདྲའི་མི་སྤོ་བོ་ལགས་དེས་ཁ་ཞེ་གཉིས་མེད་ཀྱི་དད་པའི་ཐོག་ནས་ངའི་སར་སྐད་ཆ་འདྲི་བར་ཡོང་སྐབས་ངས་དེ་མ་ཤེས་སྟབས་ང་ལ་ལག་ཐོགས་སོང༌། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། ། ཞེས་པའི་དོན་སྒྲུབ་མ་ཐུབ་ན། ཚིག་དེས་ཕན་མ་སོང༌། སྤྱིར་ན་ཉན་ཐོས་ཀྱི་ལམ་དང༌། རང་སངས་རྒྱས་ཀྱི་ལམ་དེ་བྱང་ཆུབ་སེམས་དཔའ་རང་གི་ཉམས་ལེན་གྱི་ཆ་ནས་བལྟས་ན་གོལ་ས་ཡིན་པས་མ་ཚད་སྦོམ་པོ་བརྒྱད་བཤད་ཡོང་དུས། མཚན་ཉིད་མི་ལྡན་ཕྱག་རྒྱར་བསྟེན་དང་འདུ་ཤེས་གསུམ་བྲལ་སྙོམས་འཇུག་བྱེད། །སྣོད་མི་རུང་ལ་གསང་རྫས་སྟོན་དང་ཚོགས་འཁོར་དུས་སུ་འཐབ་རྩོད་བྱེད། །དད་པས་འདྲི་ལ་ལན་ལོག་འདེབས་དང་ཉན་ཐོས་ནང་དུ་ཞག་བདུན་གནས། །ཞེས་པ་ལྟར། ཉན་ཐོས་རང་མཚན་པ་རང་དོན་ཡིད་བྱེད་ཀྱི་བསམ་བློའི་ཐོག་ནས་ཐར་པ་བསྒྲུབ་ཀྱི་ཡོད་དུས། ང་རང་ཚོ་ཐེག་ཆེན་གྱི་ཆོས་གསང་སྔགས་ཉམས་ལེན་བྱེད་མཁན། བདག་པས་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་གཅིག་གིས་དགོས་པ་གཞན་མེད་པར་རང་དོན་ཡིད་བྱེད་ཁོ་ནའི་བསམ་བློ་གཏོང་མཁན་མི་གཅིག་གི་ནང་ལ་བདུན་ཕྲག་གཅིག་བསྡད་ན་རང་གི་གཞན་ཕན་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ཀྱི་ཉམས་ལེན་ཐོག་ལ་གནོད་པ་འགྲོ་བའི་ཉེན་ཁ་ཡོད་སྟབས་ཉན་ཐོས་ནང་དུ་ཞག་བདུན་གནས་ན་སྦོམ་པོའི་ཉེས་པ་ཕོག་པར་གསུངས་ཡོད། འོན་ཀྱང་གཞན་དོན་སྒྲུབ་པའི་སླད་དུ་ཉན་རང་གི་ལམ་ཤེས་དགོས་པ་ཡིན། ཞེས་བཀའ་སྩལ།། །།