རྟ་ནག་རུས་ཆེན་སྲེག་སྟོན་དར་རིགས་སུ། །
བལྟམས་ནས་གསུམ་ལོར་སྒྲ་དབྱངས་ཐོལ་བྱུང་གསུངས། །
གནས་སྒོ་འབྱེད་ཅིང་མཁས་པའི་དབང་པོ་ཅན། །
མཚུངས་མེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ནི། རབ་བྱུང་བརྒྱད་པའི་མེ་སྤྲེལ་ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཡུལ་གྱི་སོ་ནམ་པའི་ཁྱིམ་དུ་ཡབ་ཀུན་དགའ་རྒྱ་མཚོ་དང༌། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་བཟུང་ཡབ་ཀྱི་རྗེས་སུ་ཀརྨ་པའི་གསང་སྔགས་ལ་གསན་སྦྱངས་མཛད། དགུང་ལོ་བཅུ་གཅིག་པར་ྋརྒྱལ་བ་སྐུ་ཐོག་གོང་མ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་བཀྲ་ཤིས་ལྷུན་པོའི་གདན་སར་བཀོད། དགུང་ལོ་བཅུ་གཉིས་པར་གྲྭ་སར་ཞུགས་ཏེ་དགེ་བཤེས་ལུང་རིགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་ཅུང་མ་འགོར་བར་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཏེ་གནས་རྙིང་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་དབུ་ཚད་ཕར་གསུམ་ལ་མཁས་པར་སྦྱངས། སྐབས་དེར་བོད་ཀྱི་ཆབ་སྲིད་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། བོད་ཡུལ་དུ་ཆོས་པས་རྒྱལ་པོའི་སྲིད་དབང་ལ་བརྟེན་ནས་གྲུབ་མཐའི་ཕྱོགས་རིས་རྩོད་པ་དང༌། གྲོང་པས་གྲུབ་མཐའི་ཤུགས་རྐྱེན་བཟུང་ནས་ལོ་ངོ་བརྒྱ་ཕྲག་རིང་བསྟུད་མར་ནང་འཁྲུགས་རྒྱུན་མི་ཆད་པ་བྱུང་།
དེ་ནས་རི་བོ་དགེ་ལྡན་པའི་བསྟན་པ་འཕེལ་འགྲིབ་བྱུང་བའི་སྐབས་སུ་ྋརྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ལྷོ་ཁ་དང༌། དྭགས་པོ། སྣར་ཐང༌། རྭ་སྒྲེང་སོགས་སུ་ཞབས་ཀྱིས་བཅགས་ཏེ་ཞྭ་སེར་བསྟན་པའི་མེ་རོ་གསོས། ལྷ་མོའི་བླ་མཚོའི་ཉེ་འགྲམ་དུ་གདན་ས་ཆོས་འཁོར་རྒྱལ་ཕྱག་བཏབ། དེ་ནས་བཟུང་ཁོང་ཉིད་དགུན་དཔྱིད་ལ་དཔལ་ལྡན་འབྲས་སྤུངས་དང༌། དབྱར་སྟོན་ལ་ཆོས་འཁོར་རྒྱལ་དུ་བཞུགས་གནང་མཛད། དེའི་སྐབས་སུ་ཁོང་ཉིད་གདན་ས་བཀྲ་ཤིས་ལྷུན་པོ་དང༌། དཔལ་ལྡན་འབྲས་སྤུངས་དགོན་གྱི་ཁྲི་ལ་ྋཞབས་སོར་བཀོད་ཅིང་སེ་ར་ཐེག་ཆེན་གླིང་གི་མཁན་པོའང་མཛད།
ཁོང་ཉིད་འབྲས་སྤུངས་དགོན་དུ་བཞུགས་གནང་མཛད་སྐབས་དགའ་ལྡན་ཕོ་བྲང་ཕྱག་འདེབས་མཛད་ནས་སྡེ་སྲིད་བསྐོ་བཞག་བྱེད་པའི་ལམ་ལུགས་བཙུགས། ཁོང་གི་གསུང་རྩོམ་ནི། དོན་རྒྱན་སོ་ལྔའི་དཔེར་བརྗོད་དང༌། གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་སྟོང་ཉིད་བདུན་ཅུའི་རྣམ་བཤད་རྟེན་འབྲེལ་བསྟོད་པའི་རྣམ་བཤད་དབུ་མ་འཇུག་པའི་རྣམ་བཤད་དཀར་ཆག་དང་རྣམ་ཐར་སོགས་པོ་ཏི་གསུམ་ཙམ་བཞུགས། ཁོང་རབ་བྱུང་དགུ་པའི་ཆུ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༥༤༣ ལོར་འབྲས་སྤུངས་སུ་སྐུ་མྱ་ངན་ལས་འདས་པ་བཅས་སོ།།