༄༅། །སྔོན་ལ་ངས་མ་གིར་བཤད་པ་ནང་བཞིན་རེད་ཁྱེད་རང་ཚོ་བླ་རྒན་རྣམས་འཆི་ལ་ཉེ་བ་རེད་དེ་ཚང་མས་ཧུར་ཐག་བྱས་ཏེ་བོད་སྤྱི་པའི་དོན་ལ་རེད། ཡང་དགོས་སངས་རྒྱས་བསྟན་པའི་དོན་ལ་ཧུར་ཐག་འབད་ཐག་བྱས་པ་རེད། ང་ཚོ་ཚང་མ་རུབ་རུབ་བྱས་ཏེ་འཛོམས་ས་འདིར་ངས་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ང་ཡང་དུས་ཚོད་འདི་འདྲ་ཞིག་ལ་སྐྱེས་པ་རེད་ལ་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད། ཁྱོད་རང་ཚོས་ཀྱང་ཕྱར་བ་གྲུ་འདེགས་བྱས་ནས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་རྗེ་བཙུན་མི་ལས་གསུངས་པ་ནང་བཞིན། །སངས་མཉམ་དུ་བརྒྱ་བའི་རྟེན་འབྲེལ་ཡིན། ཞེས་གསུངས་པ་འདི་ཕལ་ཆེར་རེད། ཁྱེད་རང་ཚོ་ཚང་མ་ཧུར་ཐག་འབད་ཐག་རེད་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། དེང་སྐབས་སློབ་གཉེར་མཐུད་ཤོར་འགྲོ་ཡག་འདི་ང་ཚོས་ཉམས་ཞིབ་བྱས་ནས་ཚོགས་ཆུང་ཞིག་ད་ལྟ་བཙུགས་ཏེ་བསམ་འཆར་མང་པོ་ཞིག་བཏོན་ཡོད་པ་རེད། དེ་དག་ལ་ང་ཚོས་ལག་ལེན་འཁེལ་ཐུབ་པའི་བསམ་བློ་གཏོང་དགོས་ཀྱི་འདུག འདི་འདྲའི་སྐབས་ད་ལྟ་བར་དུ་མེད་པའི་གསར་པ་དེ་འདྲ་བཟོ་དགོས་ཡག་འཆག་མདོག་ཁ་པོ་རེད། ཡང་སྔར་མེད་གསར་གཏོད་བྱེད་ཀྱི་འདུག་ཅེས་དེ་ལ་འདོད་པ་མ་འཁེངས་པའི་ཟོ་འདྲ་པོ་བྱས་ན་ཡག་པོ་མ་རེད། ཐད་ཀར་དེའི་ཐོག་ལ་འགྲོ་རྒྱུ་རེད་མ་གཏོགས་དེ་ལ་ཀ་རེ་ཀོ་རེ་བྱེད་མཁན་རིགས་འདུག་ན་ཕྱིར་འབུད་བྱེད་རྒྱུ་རེད་ཤེས་སོང་ངམ། གང་ལྟར་ང་ཚོའི་བོད་འདི་འཆི་དང་གསོན་གང་འདྲ་ཞིག་སླེབས་བསྡད་ཡོད་པ་རེད། འདྲ་ཆག་པོ་བྱེད་ཡག་གི་དུས་ཚོད་མ་རེད་ཤེས་སོང་ངམ། ཕར་ཕྱོགས་དེར་རྒྱ་མི་གུང་ཁྲན་གྱིས་གང་འདྲ་བྱེད་ཀྱི་འདུག་གམ་ཁོ་རང་ཚོས་ཆོས་མ་ཡིན་པའི་བྱ་བ་དེ་དག་གྲིས་གཏུབ་པ་ནང་བཞིན་བྱེད་ཀྱི་མི་འདུག་གམ། ང་ཚོས་འདིར་ཆོས་དང་མཐུན་པའི་བྱ་བ་དེ་ཡང་ལག་ལེན་བསྐྱལ་དུས་གྲིས་གཏུབ་པ་ནང་བཞིན་འགྲོ་རྒྱུ་རེད་མ་གཏོགས་དེ་ལ་ཟོན་བྱས་ཏེ་ཕར་ཚུར་བསྟུན་དགོས་ཡག་འདྲ་པོ་ཞིག་བྱས་ཏེ་མཐའ་མ་གྱོང་དེ་བོད་སྤྱི་པའི་དོན་དག་ལ་རག་གི་རེད། ལྷོད་ཡེངས་བྱས་ནས་བསྡད་ན་ཆོ་གང་ཡང་མི་འདུག་ཤེས་སོང་ངམ། འོས་དང་མི་འོས་ང་ཚོས་གོ་བསྡུར་བྱེད་དགོས་ཀྱི་རེད་ལ་ཞིབ་ཕྲ་བསམ་བློ་གཏོང་དགོས་ཀྱི་རེད། དེ་ནི་བསམ་བློ་བཏང་ནས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གིས་འདི་དགོས་ཀྱི་འདུག འདི་འདྲ་ཞིག་བྱེད་དགོས་ཀྱི་ཞེས་ཐག་གཅོད་བྱས་ཚར་བའི་རྗེས་ལ་ང་ཚོས་ཤུགས་བརྒྱབ་ནས་འགྲོ་རྒྱུ་རེད་མ་གཏོགས་གཞན་དེ་ལ་ཐེ་ཚོམ་བྱེད་ཡག་མེད་པ་ཞིག་རེད། ངས་འདི་གཅིག་བཤད་འདོད་བྱུང༌། གཞན་ཡང་ང་ཚོས་འཆར་ཅན་འདྲ་པོ་ཞིག་བྱས་ཏེ་ང་རང་ཚོ་དེ་སྔ་བོད་ལ་སྔར་ལམ་ཟེར་ཡག་ཞིག་བཤད་སྲོལ་ཡོད། ངས་ཀྱང་འཚར་ལོངས་སྔར་ལམ་ནང་ནས་བྱས་པ་རེད་སྔར་ལམ་དང་སྔར་ལམ་ཟེར་བྱས་ཏེ་སྔར་མེད་པ་ཞིག་བྱས་ན་སྔར་མེད་གསར་གཏོད་ཞེས་སྡུག་ཅག་ཞེད་པོ་ཞིག་རྩིས་བའི་དུས་ཚོད་དེ་ཡོལ་ཚརབ་རེད། ཤེས་སོང་ངམ། ལྔ་བཅུ་ང་དགུའི་རྗེས་ཀྱི་གནས་ཚུལ་དེ་དག་ནི་སྔར་ལམ་དེད་ཡག་མེད། ང་ཚོ་བཙན་བྱོལ་བ་འཆགས་ནས་འདི་ག་ཙམ་ཞིག་བྱེད་བཞིན་པ་དེ་ང་ཚོས་སྔར་མེད་གསར་གཏོད་བྱེད་རྒྱུ་རེད་མ་གཏོགས་ང་ཚོས་སྔར་ལམ་དེད་ཡག་མེད། ད་ལྟ་བར་དུ་ཚང་མས་ཤུགས་བརྒྱབ་ནས་གྲུབ་འབྲས་གང་ལ་གང་ཙམ་ཐོན་པ་རེད།
སློབ་གཉེར་ཁང་དེ་དག་ཚགས་ཚུད་པོ་ཡོང་རྒྱུ་དང་སྒྲིག་ལམ་ཚགས་ཚུད་པོ་ཡོང་བ་དེ་ཁ་སང་ཁ་ཉིན་ནས་ཞུས་པ་དེ་རེད། གྲ་པའི་མཚན་ཤས་བཟོ་མཁན་དེ་ཚོའི་གྲས་ཕྱིར་འབུད་བྱེད་དགོས་ཡག་ཕྱིར་འབུད་བྱས། ཆད་པ་བཅད་དགོས་ཡག་ཆད་པ་བཅད། དེ་ཡིན་གཅིག་མིན་གཅིག་ལག་ལེན་དགོས་ཡག་གཅིག་རེད། བར་སྐབས་སེ་ར་བྱེས་པའི་དགེ་བསྐོས་ཟུར་པ་མོན་པ་དེ་ངས་ཡིན་མདོག་ཁ་པོ་མཐོང་སོང༌། འཛེམས་ཟོན་སྤང་ནས་མི་ཕྱིར་འབུད་བྱེད་དགོས་ཡག་ཕྱིར་འབུད་བྱས། བཟོ་ལྟ་བཟོ་དགོས་ཡག་བཟོ་ལྟ་བཟོས། དེ་ཡག་པོ་འདུག བྱས་ཙང་དགེ་སྐོས་གཅིག་སླེབ་པའི་སྐབས་དགེ་སྐོས་དེས་ཚ་པོ་བྱས་སོང་ཟེར་ཡག་ཅིག་དང་ཡང་དགེ་སྐོས་རྗེས་མ་དེ་སླེབ་དུས་འཇམ་པོ་འདྲ་ཞིག་བྱས་ཏེ་དཔེར་ན་སྔར་མི་གཅིག་གིས་སྲོལ་གཏོད་དེ་སྒྲིག་ཁྲིམས་དམ་པོ་བཟོས་བཞག་པ་དེ་ཡང་གཏོར་བཤིག་བྱས་ན་ཡག་པོ་རྩ་བ་ནས་མི་འདུག ཤེས་སོང་ངམ། དེ་གང་ཟག་མི་རེ་ངོ་རེའི་བྱེད་ལས་ཀྱི་སྐད་ཆ་མ་རེད། ཚགས་ཚུད་པོ་ཞིག་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་མཁན་པོ་ཡིན་ནའང་འདྲ་དགེ་སྐོས་ཡིན་ནའང་འདྲ་གང་ལྟར་ལས་ཀྱི་སྣེ་མོ་བ་ཚོས་འཛེམ་ཟོན་སྤང་ནས་ལས་ཀ་ཞིག་འགོ་བཙུགས་ཡོད་ན་གསར་པ་ཡོང་མཁན་གཅིག་ཤོས་ད་ག་རང་འཇུག་བསྐྱལ་རྒྱུ་རེད་མ་གཏོགས་མཁན་པོ་གཅིག་གི་སྐབས་སུ་འཇམ་པོ་བྱས་སོང་མཁན་པོ་གཅིག་གི་སྐབས་སུ་ཏོག་ཙམ་རྩུབ་པོ་བྱས་སོང་ཞེས་བཤད་རྒྱུ་མེད་པ་ཞིག་བྱེད་དགོས། ཤེས་སོང་ངམ། དེ་ཧ་ཅང་གལ་ཆེན་པོ་རེད།
དེ་ནས་དོལ་རྒྱལ་གྱི་སྐོར་ལ་བརྗོད་འདོད་བྱུང་། དོལ་རྒྱལ་སྐོར་གྱི་ཆོས་ཕྱོགས་ཀྱི་གནས་ཚུལ་དེ་དག་ཁྱེད་རང་ཚོས་ཚར་མང་པོ་གོ་ཡོད། ངས་བསྐྱར་ཟློས་བྱེད་དགོས་དོན་མི་འདུག བར་སྐབས་ཤིག་ལ་རྒྱ་མི་གུང་ཁྲན་གྱིས་དེའི་ཐོག་ལ་དམིགས་གསལ་གྱིས་དོ་སྣང་བྱེད་ཀྱི་འདུག བར་སྐབས་སྭི་ཛར་ལནྜ་ལ་ཡོད་མཁན་དགོན་གསར་ཁོང་ཚོའི་ས་ཆ་དེར་ཆ་བཞག་ན་རྒྱ་མིའི་སྐུ་ཚབ་དེ་འདྲ་སྭི་ཛར་ལནྜ་ལ་འབྱོར་སྐབས་ས་ཆ་དེར་འགྲོ་ཤག་ཤག་དང་དགོན་པར་བསྡད་ཤག་ཤག་འདྲ་པོ་དང་དགོན་པས་ཀྱང་སྣེ་ལེན་ཟབ་རྒྱས་བྱེད་ཤག་ཤག་བྱས་ནས་དམིགས་གསལ་གྱི་འབྲེལ་བ་ཞིག་འདུག དེ་ནས་གངས་ཅན་རིན་པོ་ཆེར་ཆ་བཞག་ནའི་དམིགས་གསལ་གྱིས་རྒྱ་མི་དང་འབྲེལ་བ་ཞིག་ཡོད་པ་རེད། བོད་ཀྱི་ཆོས་དང་རིགས་གཞུང་སྐོར་ལ་ཚོགས་འདུ་ཞིག་ཚོགས་པའི་སྐབས་སུ་ཁོ་རང་གིས་ག་ཚོད་ཤེས་ཀྱི་ཡོད་མེད་ལ་ལྟོས་པར་བོད་ཀྱི་ཆོས་དང་རིགས་གཞུང་གི་ཚབ་འདྲ་པོ་ཞིག་བྱེད་མཁན་འཆགས་ཏེ་རྒྱ་མིས་བེད་སྤྱོད་ཞེ་དྲག་བྱེད་ཀྱི་འདུག དེ་མིན་བལ་ཡུལ་ནང་ལ་དོལ་རྒྱལ་ཚོགས་པའི་ཟ་ཁང་ཞིག་ཡོད་པ་རེད་འགོ་སྟོད་ཟ་ཁང་གི་གླ་ཆ་རྒྱ་མིའི་གཞུང་ཚབ་ནས་སྤྲོད་ཀྱི་ཡོད་པའི་སྐད་ཆ་འདུག ཕྱིས་སུ་ཟ་ཁང་ཡོངས་རྫོགས་ཚུར་ཉོས་པ་རེད་ཟེར། དེ་དག་གི་འགྲོ་སོང་རྒྱ་གཞུང་ནས་བཏང་བའི་སྐད་ཆ་འདུག་དེ་ནི་ལོ་ལྔ་དྲུག་གོང་གི་སྐད་ཆ་རེད། དེ་ནས་ཉེ་ཆར་བོད་ནས་ཡོང་མཁན་འགའ་ཞིག་ཀྱིས་ང་ལ་བཤད་བྱུང༌། དང་པོ་བཤད་མཁན་གྱི་མི་དེ་བོད་པ་གུང་ཁྲན་ཏང་ཡོན་རྒྱ་ནག་གཞུང་གི་ལས་ཀ་བྱེད་མཁན་དེང་སྐབས་རྒས་ཡོལ་བྱས་བསྡད་པ་ཞིག་ང་ལ་ཐུག་བྱུང༌། ངས་ཕར་གང་ཡང་བཤད་མེད། ཚུར་ང་ལ་ལོ་རྗེས་མ་པེ་ཅིང་དུ་ཨོལེམ་པིཀ་རྩེད་འགྲན་ཚུགས་སྐབས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་ཞིག་བཙུགས་བཞག་ཅེས་དང༌། ཚོགས་པ་དེའི་འགོ་ཁྲིད་ང་བླ་མ་ཟེར་མཁན་ཞིག་འདུག་ཅེས་ང་ལ་བཤད་བྱུང༌། ཁམས་པ་དེ་གང་ཡང་རྒྱུས་མེད་མཁན་ཞིག་རེད། ངས་ཨ་ལས་ཞེས་བཤད་པ་ལས་གཞན་གང་ཡང་བཤད་མེད། དེ་ནས་མགོ་ལོག་ནས་ཡོང་བའི་གྲྭ་པ་ཞིག་ང་ལ་ཐུག་བྱུང་དེས་པེ་ཅིང་ལ་དོལ་རྒྱལ་ཚོགས་པས་རྐང་བྱས་ཏེ་ཚོགས་པ་ཞིག་བཙུགས་ཡོད་རེད་ཟེར་གྱི་འདུག་པེ་ཅིང་ལ་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་ཡག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཅེས་དེ་འདྲ་ཞིག་གོ་གི་འདུག་ཅེས་དང༌། ཁོ་རང་དང་འབྲེལ་བ་ཡོད་པའི་མགོ་ལོག་ས་ཁུལ་གྱི་དགོན་ཁག་དེ་ཚོ་ལ་ཁྱེད་རང་ཚོས་བླ་མ་དེ་དང་དེ་འདྲ་ལ་འབྲེལ་བ་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད་ཅེས་གང་ཐུབ་ཐུབ་ཀྱིས་ལབ་ཀྱི་ཡོད་ཟེར་གྱི་འདུག དེ་ནས་ཡང་མི་གཞན་ཞིག་ཐུག་བྱུང་ཁོས་པེ་ཅིང་གིས་ཉེ་འཁོར་ཞིག་ལ་དོལ་རྒྱལ་ཚོགས་པའི་མི་སྡེ་ཆུང་ཆུང་ཞིག་བཙུགས་ཏེ་དེ་ལ་འགྲོ་མཁན་ཡོད་ན་རྒྱ་སྒོར་ཁྲི་རེ་སྤྲོད་ཀྱི་ཡོད་པ་རེད་ཅེས་བཤད་བྱུང༌། གང་ལྟར་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་བཙུགས་ཀྱི་འདུག་ཅེས་པ་གོ་བྱུང༌། ཤེ་སོང་ངམ། དེ་ནས་སྐད་ཆ་དཀྲོག་གཏམ་དང་ཟེར་སྐད་མ་ཡིན་པར་གནས་ཚུལ་ངོ་མ་ག་རེ་བྱུང་བ་རེད་དམ་ཞེ་ན། རྒྱ་ནག་གི་མི་སྣ་དང་མཉམ་དུ་ང་ཚོས་འབྲེལ་བ་ཐེངས་གསུམ་པའི་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་ཁ་བྲལ་བྱེད་ཀྱི་འདུག་ཅེས་ཟེར་དགོས་ཡག་གི་རྒྱུ་ཚན་གཅིག་ནས་གཉིས་སུ་གྲངས་པའི་དོན་ཚན་དེ་དག་ཚུར་བཤད་པ་རེད། དོན་ཚན་སུམ་བཅུ་སོ་བདུན་བཤད་པ་རེད། ཚགས་པར་ནང་ལ་བཏོན་བཞག་ཟེར་བ་ཞིག་ལས་ཏཱ་ལའི་བླ་མའི་གཞུང་གི་ཐོག་ནས་སྐད་ཆ་བཤད་པའི་ཚིག་རྩ་ནས་བཤད་མི་འདུག
དེ་ནས་དོན་མཚན་གཅིག་ལ་འདས་པའི་ལོ་རྒྱུས་ནང་ལ་བོད་རྒྱ་ཐ་དད་ཅེས་གསུང་བཤད་ཁ་ཤས་ནང་དབྱིནསྐད་དུ་ (Occupation) བོད་སྐད་དུ་བཙན་བཟུང་བྱས་པ་ཞེས་པ་དེ་མཚམས་མཚམས་ལ་ཤོད་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་གཙང་མ་མ་བྱས་ན་ད་ལྟ་གནས་སྐབས་སྐད་ཆ་འགྲིགས་པ་ཡིན་ནའི་མ་འོངས་པར་བོད་པའི་གནས་ཚུལ་དེ་བསྐྱར་ལངས་བྱེད་ཀྱི་རེད། ཕྱིན་ཆད་བོད་ཁ་བྲལ་ནམ་ཡང་མི་འགྲོ་བ་ཞིག་འགན་ལེན་དགོས་ཀྱི་རེད་ཅེས་དེ་འདྲ་བཤད་ཡོད། དེ་ནས་འབྲེལ་བ་ཐེངས་ལྔ་པའི་སྐབས་ལ་ཏཱ་ལའི་བླ་མས་མ་འོངས་པར་རང་བཙན་རྩོད་ཀྱི་མེད་པ་དེ་གསལ་པོ་འདུག་ཅེས་ཁས་ལེན་བྱས་པ་དེར། དེ་དུས་ང་ཚོ་དགའ་པོ་ཞེད་དྲག་བྱུང༌། དེ་ནི་ཕྱ་ལོ་ ༢༠༠༦ ལོའི་ཟླ་གཉིས་པའི་ནང་རེད། ད་ལྟ་བར་དུ་སྐད་ཆ་བཤད་པའི་གྲུབ་འབྲས་ལ་རྒྱ་ནག་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མས་ཁ་བྲལ་རྩོད་ཀྱི་མེད་པ་དེ་གསལ་པོ་ཤེས་ཏེ་ངོས་ལེན་བྱས་པ་རེད། དེ་ང་ཚོའི་གྲུབ་འབྲས་ཤིག་རེད་བསམ་པ་དྲན་སོང༌། དེ་ནས་ཕྱི་ཟླ་བཞི་པ་ལྔ་པའི་ནང་ལ་བོད་ནང་ལ་གནས་ཚུལ་སྡུག་རྩུབ་ཆེ་རུ་བཏང༌། ད་ལྟ་ཧྲུའུ་ཅི་གསར་པ་དེ་བོད་ལ་འབྱོར་ནས་ཁ་བྲལ་བྱེད་མཁན་དེ་ཚོའི་གྲས་རྡུང་རྡེག་ཚ་ནན་གཏོང་གི་ཡིན་གསད་དགོས་ཡག་གསད་ཀྱི་ཡིན་བཙོན་ལ་འཇུག་དགོས་ཡག་བཙོན་ལ་འཇུག་གི་ཡིན་ཞེས་ཚོགས་འདུའི་དཀྱིལ་ལ་དངོས་སུ་བཤད་འདུག ཚོགས་འདུའི་ཐོག་ཡོད་པའི་བོད་པའི་དཔོན་རིགས་ལས་བྱེད་ཞིག་གིས་ད་ལྟ་བར་དུ་ཏང་གི་ཧྲུའུ་ཅི་རིམ་པར་སླེབས་སོང་སྟེ་གསད་དགོས་ཡག་གསད་ཀྱི་ཡིན་བཙོན་ལ་འཇུག་དགོས་ཡག་བཙོན་ལ་འཇུག་གི་ཡིན་ཞེས་ཤོད་མཁན་བྱུང་མ་སོང་ཞེས་ཞེད་སྣང་བྱེད་ཡག་བྱུང་བ་རེད། ཚོགས་འདུའི་ཐོག་ཡོད་པའི་མི་དེ་གྲས་ཀྱིས་གནས་ཚུལ་ང་ཚོར་ཚུར་ལན་འབྱོར་བ་རེད། གང་ལྟར་བོད་ནང་ལ་དྲག་ཤུགས་ཞེད་པོ་ཤུགས་ཆེ་རུ་བཏང་སྟེ་ང་ལ་ཁ་བྲལ་རིང་ལུགས་པ་དང་རང་བཙན་རྩོད་ཀྱི་འདུག་ཟེར་ཡག་གི་སྐྱོན་བརྗོད་དེ་ཤུགས་ཆེ་རུ་བཏང་བ་རེད། དེ་གསལ་པོ་ཞེ་དྲག་རེད། ཐེངས་ལྔ་པ་ང་ཚོ་རྒྱ་ནག་གཞུང་གིས་ཡོངས་གྲགས་གཞུང་འབྲེལ་རྩིས་རུང་མ་རྩིས་རུང་ནང་དུ་གཞུང་འབྲེལ་རེད། གཞུང་འབྲེལ་བྱས་ཏེ་ཁོ་རང་ཚོས་ཏཱ་ལའི་བླ་མས་རང་བཙན་རྩོད་ཀྱི་མི་འདུག་ཅེས་ལབ་ཚར་བའི་རྗེས་ལ་མུ་མཐུད་ནས་རང་བཙན་རྩོད་ཀྱི་འདུག་ཅེས་ལབ་ཡག་འདི་འཆར་གཞི་ལྡན་པའི་ཐོག་ནས་བཤད་ཀྱི་ཡོད་པ་རེད་མ་གཏོགས། དོན་དག་གསལ་པོ་མ་བྱུང་བ་དང་མ་ཤེས་པར་རྐྱོན་བརྗོད་བྱས་པ་མ་རེད། ད་ལྟ་ཏཱ་ལའི་བླ་མར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ནག་པོ་རང་བརྩིས་ན་མ་གཏོགས་དེ་ལ་ལག་པ་བརྐྱང་ཡག་ཞིག་བསྡད་མི་འདུག་བསམ་པའི་བསམ་ཚུལ་འདི་རེད།
དེ་ནས་ཁ་སང་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་ཚོགས་ལ་ཉེ་བའི་སྐབས་རྒྱ་ནག་ནས་ངའི་ངོ་ཤེས་པ་ཚགས་པར་རྒྱག་མཁན་ཞིག་ཡོད་ཁོ་གློ་བུར་དུ་ལྡི་ལིར་སླེབས་འདུག སྐབས་དེར་ང་བྲེལ་བ་ཆེན་པོ་ཞིག་ཡོད་སང་ཉིན་དེར་ནུབ་ཕྱོགས་རྒྱལ་ཁབ་ཞིག་ལ་ཐོན་རྩིས་བྱེད་ཀྱི་ཡོད། ཁོ་དེ་ལ་སླེབས་ནས་ང་དང་མཉམ་དུ་གཟུགས་མཐོང་བརྙན་འཕྲིན་གྱི་དྲི་བ་དྲི་ལན་ཞིག་བྱེད་དགོས་བརྗོད་བྱུང༌། ཁོ་དེ་རིང་ཡོང་ཡག་དེ་པེ་ཅིང་གྱི་ད་ལྟ་ཆབ་སྲིད་ཀྱི་གྲོས་ཚོགས་ཀྱི་སྐོར་ཡིན་པ་ཡོད། ཆབ་སྲིད་གྲོས་ཚོགས་ཀྱི་འགོ་ཁྲིད་ཀྱི་དྲུང་ཆེ་དེས་ཁོ་ལ་མངགས་བྱུང་ཟེར། ཏང་གི་ཚོགས་ཆེན་དེའི་ནང་ལ་བོད་ཀྱི་སྐོར་ལ་གླེང་ཐུབ་ཡག་ཞིག་བྱུང་ན་ཚོགས་ཆེན་ཚོགས་པའི་རྗེས་ཀྱི་ལོ་ཁ་ཤས་ཤིག་གི་རིང་ལ་ཏན་ཏན་བོད་ཀྱི་ཐོག་ལག་པ་འཆང་ཡག་ཅིག་ཡོང་གི་རེད་ཅེས་དང་ད་རེས་ཚོགས་ཆེན་དེའི་སྒང་ལ་གླེང་མ་ཐུབ་ན་ལོ་གཅིག་གཉིས་རིང་ལ་བོད་ཀྱི་སྐོར་ལ་ལག་པ་འཆང་ཡག་ཡོང་གི་མ་རེད་ཅེས་བཤད་བྱུང༌། བྱས་ཙང་མཐོ་རིམ་དཔོན་རིགས་ཚོའི་ནང་ལ་ཁག་གཉིས་འཆགས་ཏེ་ཁག་གཅིག་གིས་ད་ལྟ་ཏཱ་ལའི་བླ་མར་སྐད་ཆ་བཤད་དགོས་ཀི་འདུག་བོད་ཀྱི་སྐོར་གླེང་དགོས་ཀྱི་འདུག་ཅེས་བཤད་མཁན་འདུག འོན་ཀྱང་དེ་ཉུང་ཤས་འཆགས་བསྡད་འདུག་ཟེར་གྱི་འདུག མང་ཆེ་བས་ཏཱ་ལའི་བླ་མར་སྐད་ཆ་ཤོད་རྒྱུ་ཡོད་པ་མ་རེད། ཏང་གི་ཚོགས་འདུའི་ནང་ལ་བོད་ཀྱི་སྐོར་ལ་སྐད་ཆ་བཤད་རྒྱུ་མི་འདུག་ཅེས་བཤད་ཀྱི་འདུག་ཟེར། བྱས་ཙང་ཉུང་ཤས་དེ་ཚོའི་ནང་ལ་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་ཁྲིད་ཡང་ཡོད་པའི་ཟོ་འདྲ་པོ་ཞིག་བཤད། ད་རེས་འདིར་ཏཱ་ལའི་བླ་མ་དང་མཉམ་དུ་དྲི་བ་དྲི་ལན་བྱས་པའི་བརྙན་འཕྲིན་འཁོར་ཐག་འདི་རྒྱ་ནག་དཔོན་རིགས་ཚོར་སྟོན་གྱི་ཡིན། བསྟན་ནས་ད་ལྟ་ཏཱ་ལའི་བླ་མར་མཁྲེགས་པོ་བྱེད་མཁན་གྱི་མི་དེ་དག་ལ་ཏཱ་ལའི་བླ་མ་ངོ་མས་ཨོ་ལེམ་པིཀ་རྩེད་འགྲན་ལ་རྒྱབ་སྐྱོར་ཡོད་པ་དང་དེ་མཚུངས་ཁ་བྲལ་བྱེད་ཀྱི་མེད་པ་འདི་ཚོའི་གྲས་དེ་ཏཱ་ལའི་བླ་མ་དང་ཐད་ཀར་འདྲི་བ་དྲི་ལན་བྱས་པ་དེ་སྟོན་གྱི་ཡིན་ཞེས་ཛ་དྲག་བྱས་ཏེ་ལབ་བྱུང༌། ཡིད་ཆེས་མ་བྱུང་ཡིན་ནའི་གནད་འགག་མི་འདུག ང་ཚོས་རྟག་ཏུ་ཡོངས་གྲགས་བྱས་ཏེ་བཤད་ཀྱི་ཡོད་པ་རེད་མ་གཏོགས་ལྐོག་ལ་བཤད་དགོས་ཡག་གང་ཡང་ཡོད་པ་མ་རེད། ཁོང་དང་ཐེངས་གཅིག་ཐུག་པར་འགལ་བ་གང་ཡང་མི་འདུག་བསམ་སྟེ་ཐུག་པ་ཡིན། དེ་ནས་ཏང་གི་ཚོགས་ཆེན་ཚོགས་པའི་སྐབས་བོད་ཀྱི་སྐོར་ལ་སྐད་ཆ་བཤད་མི་འདུག ཚིག་གཅིག་ཀྱང་བཤད་ཡོད་པ་མ་རེད། ད་ལྟ་བོད་ཀྱི་ཐོག་མུ་མཐུད་ནས་འཁྲེགས་པོ་ཞིག་བྱས་བསྡད་པ་མ་གཏོགས་ཡོད་པ་མ་རེད། དེ་ནས་ངའི་ངོ་ཤེས་པ་རྒྱ་མོ་ཞིག་ཡོད། རྒྱ་མོ་འབྱོར་ལྡན་ཞིག་རེད་འདུག བོད་ཀྱི་ཐོག་ཤ་ཚ་དང་རྒྱབ་སྐྱོར་ཞེ་དྲག་ཡོད་མཁན་ཞིག་དང་མཐའ་མ་དེར་མོ་རང་ལ་རྒྱ་གཞུང་གིས་མཐོང་ཕྱོགས་ཞིག་བྱུང་སྟེ་དཀའ་ངལ་ཞིག་འཕྲད་པ་རེད། ཡིན་ནའི་བར་སྐབས་གནས་ཚུལ་དེ་དྲག་ཏུ་ཕྱིན་ཏེ་ཁ་སང་ཁ་ཉིན་ང་ལ་ཐེངས་གཅིག་ཐུག་བྱུང༌། ཨ་ལྕག་མོ་རང་དང་འབྱོར་ལྡན་དེ་འདྲ་ཁ་ཤས་ཤིག་དང་གུང་ཁྲན་ཏང་གི་འགོ་ཁྲིད་གྲས་མི་གཅིག་བཅས་ཆུ་ཚོད་བཞི་ཙམ་ཞིག་སྐད་ཆ་བཤད་འདུག་དེའི་སར་ཨ་ལྕག་མོ་རང་གིས་ཏཱ་ལའི་བླ་མ་དང་མཉམ་དུ་སྐད་ཆ་བཤད་ན་ཡག་པོ་རེད་ཅེས་ལབ་པ་ཡིན་ཟེར། འོན་ཀྱང་གུང་ཁྲན་ཏང་གི་འགོ་ཁྲིད་དེས་ཏཱ་ལའི་བླ་མར་སྐད་ཆ་ག་རེ་བཤད་དགོས་རེད། བཤད་དགོས་ཡག་གང་ཡང་མི་འདུག་བོད་འདི་ང་ཚོའི་ལག་ཏུ་ཡོད་རེད་ཅེས་ཟེར། དོན་ངོ་མ་འདི་འདྲ་རེད། ཁོ་ཚོས་བོད་བཟུང་ནས་བསྡད་ཡོད་པ་རེད། བོད་པའི་བློ་ལ་ག་རེ་ཡོད་པ་དང་བོད་པའི་སེམས་ནང་མི་དགའ་བ་ཡོད་མེད་དེ་ཚོར་རྩི་མཐོང་གང་ཡང་མེད་པ་བྱས་ནས་བོད་པ་དུད་འགྲོ་ནང་བཞིན་ཞིག་ལ་བརྩིས་ཏེ་མནན་ཏེ་ང་ཚོའི་ལག་པར་གནས་བསྡད་ཡོད་ལ་སྐད་ཆ་གང་ཡང་བཤད་དགོས་ཡག་མི་འདུག་ཟེར། རྒྱ་མི་དེས་སྐད་ཆ་འདི་འདྲ་བཤད་འདུག དེ་གཅིག་ཡིན༌། དོན་དག་དེ་ནང་བཞིན་རེད་ང་ཚོའི་སྐུ་ཚབ་ཐེངས་དྲུག་པ་དེ་ཐུག་པའི་སྐབས་ལ་རྒྱ་ནག་གཞུང་གིས་ག་རེ་ལབ་པ་རེད་དམ་ཞེ་ན། བོད་དོན་གང་ཡང་ཡོད་པ་མ་རེད་དེ་ལ་སྐད་ཆ་བཤད་ཡག་གང་ཡང་ཡོད་པ་མ་རེད། རྙོག་དྲ་གང་ཡང་ཡོད་པ་མ་རེད། དེ་ཏཱ་ལའི་བླ་མ་སྒེར་གྱི་གནས་ཚུལ་ཞིག་རེད་ཅེས་བཤད་པ་རེད། འཁྲེགས་པོ་ཞེད་པོ་ཞིག་བཤད་པ་རེད། དེའི་སྐབས་སུ་ང་ལ་སྐྱོན་འཛུགས་བྱེད་ཡག་གི་དོན་ཚན་གཅིག་ལ་ཏཱ་ལའི་བླ་མས་ཆོས་དད་རང་མོས་མེད་པ་བཟོ་ཡི་འདུག་ཅེས་དང་ཤུགས་ལྡན་བསྟེན་ཡག་དེ་ལ་ཏཱ་ལའི་བླ་མས་དགག་པ་བརྒྱག་གི་ཡོད་རེད་ཅེས་བཤད་ཡོད་པ་རེད། བཤད་སྟངས་དེ་ཡང་། ང་ཚོ་གུང་ཁྲན་ཏང་ལ་ཆོས་ཡོད་པ་མ་རེད་དེ་ཡིན་ནའི་ཏཱ་ལའི་བླ་མས་ཆོས་དད་རང་མོས་གཏོར་བཤིག་བཏང་བའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་ཆོས་མེད་མཁན་ཚོ་ཡང་ཆོས་ཀྱི་སྐོར་ལ་སྐད་ཆ་བཤད་དགོས་ཡག་འཆགས་ཀྱི་འདུག་ཅེས་ང་ལ་སྐྱོན་འཛུགས་བྱེད་ཡག་གི་དོན་ཚན་གཅིག་དེ་དོལ་རྒྱལ་ཚོགས་པའི་སྐོར་རམ་ངས་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་རྒྱ་མིས་གླེང་བ་རེད། ད་ལྟ་ཤུགས་ལྡན་གྱི་རྙོག་དྲ་དེ་ཚད་ག་ཚོད་བར་སླེབས་འདུག་གམ། ཕར་ཕྱོགས་དེར་ལོ་མང་པོ་ཞིག་གི་རིང་ལ་རྒྱ་མིས་རོགས་རམ་དང་རྒྱབ་སྐྱོར་བྱསཏེ་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་དངོས་སུ་ང་ཚོའི་མི་སྣ་ཐུག་པའི་སྐབས་སུ་ང་ལ་ནག་ཉེས་ཉེས་འཛུགས་བྱེད་ཡག་གི་དོན་ཚན་གཅིག་ལ་དེ་བགྲང་པ་ཙམ་དུ་མ་ཟད་ཉེ་ཆར་ལྷ་ས་ནས་ཡོང་བའི་མི་ཁ་ཤས་ང་ལ་ཐུག་བྱུང༌། ལྷ་ས་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་དེ་འདྲས་སེ་ར་དགོན་དང་དོལ་རྒྱལ་བརྟེན་མཁན་འགའ་ཤས་ཡོད་མཁན་སར་ཕྱིན་ཏེ་ཏཱ་ལའི་བླ་མས་ཆོས་དད་རང་མོས་སྤྲོད་ཀྱི་ཡོད་པ་མ་རེད། ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད་པ་རེད། ང་ཚོ་གུང་ཁྲན་ཏང་གིས་ཁྱེད་རང་ཚོར་ཆོས་དད་རང་མོས་སྤྲོད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་དོལ་རྒྱལ་ངེས་པར་དུ་བརྟེན་དགོས་ཀྱི་རེད། ཁྱེད་རང་ཚོར་ཡང་དམིགས་བསལ་གྱི་བླ་མ་དེ་འདྲའི་ས་ནས་བཀའ་ཆོས་ཞུ་དགོས་ཡག་དང་། ཡང་ཁྱེད་རང་ཚོ་ཕར་འགྲོ་དགོས་ཡག་འདྲ་པོ་ཡང་རྒྱ་གར་ནས་བླ་མ་ཚུར་གདན་འདྲེན་ཞུ་དགོས་ཡག་དེ་འདྲ་ཡོད་པ་ཡིན་ན་ང་ཚོར་མིང་ཐོ་སྤྲོད་ཤོག་ང་ཚོས་དམིགས་བསལ་གྱིས་གྲ་སྒྲིག་བྱེད་ཀྱི་ཡིན། ཞེས་བཤད་འདུག་ཤེས་སོང་ངམ། དེ་དང་ཆབ་གཅིག་ལྷ་ཀླུ་ས་དབང་ཆེན་མོའི་སྲས་ལྕགས་རཱ་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ཁོ་རང་ཡོངས་གྲགས་རེད་དོལ་རྒྱལ་སྐོར་ལ་ཞེ་དྲག་ཤུགས་ཆེན་པོ་བྱས་ཏེ་གང་ལྟར་རྒྱ་མི་ལ་བསྟོད་ར་ཞེ་དྲག་ཤུགས་ཆེན་པོ་བྱེད་མཁན་ཞིག་རེད་བཞག རྒྱ་མིས་བློས་འཁེལ་པོ་འདྲ་པོ་ཞིག་བརྩིས་ཀྱི་འདུག ཁོ་རང་ཡང་སེ་ར་དགོན་ལ་སླེབས་ཏེ་སློབ་གསོ་བཏང་བ་དང་ཕལ་ཆེར་ཁོས་རྒྱུད་བསྐུལ་བྱས་པ་རེད་ཟེར་གྱི་འདུག་གང་ལྟར་བོད་མི་ཞིག་གིས་བྱས་པ་ཐག་ཆོད་པ་རེད། ག་རེ་བྱས་པ་རེད་ཟེར་ན་བསམ་ཡས་གཙུག་ལག་ཁང་གི་གཡས་གཡོན་ཞིག་ལ་སློབ་དཔོན་གྱི་སྐུ་ཆེནཔོ་ཞིག་བཞེངས་ཡོད་པ་རེད། སློབ་དཔོན་གྱི་སྐུ་དེ་བཤིགས་པ་རེད། ཤེས་སོང་ངམ། དེ་ནས་ཟླ་བ་གཅིག་གཉིས་ཙམ་གི་གོང་ལ་མིན་ནམ་སྟོད་ཁུལ་གྱི་ས་ཆ་ཞིག་ལ་རེད་ངས་དེའི་པར་མཐོང་བྱུང༌། ཡུལ་པ་ཚོའི་རྒྱབ་རིའི་བྱང་ནས་ཕལ་ཆེར་ལྷོ་ལ་ཁ་ཕྱོགས་པ་ཡོད་ས་རེད། རི་ཆེན་པོ་ཞིག་འདུག་དེའི་སྒང་ལ་སློབ་དཔོན་གྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་རེད་ཟེར། སློབ་དཔོན་གྱི་སྐུ་དེ་རྫས་མེ་བརྒྱབ་ནས་གཏོར་བཞག། དེ་གཏོར་བའི་ཉིན་མོ་དེར་བཅིངས་གྲོལ་དམག་མིས་གཡས་གཡོན་ནས་མཐའ་སྐོར་དེ་དཔར་སོགས་ཁྱོན་ནས་བརྒྱབ་མ་གཅུག་པར་སློབ་དཔོན་གྱི་སྐུ་དེ་གཏོར་བཞག ད་རྒྱ་མི་གུང་ཁྲན་ཆོས་ལ་ངོ་རྒོལ་བྱས་པའི་ཆ་ནས་སྐུ་གཏོར་བ་ཡིན་ན་ཐུབ་དབང་གི་སྐུ་ཡང་གཏོར་དགོས་ཀྱི་རེད། སློབ་དཔོན་གྱི་སྐུ་དམིགས་བསལ་བྱས་ནས་གཏོར་དགོས་ཡག་དེ་ཤུགས་ལྡན་ཚོགས་པས་དེའི་ནང་ལ་འབྲེལ་བ་ཞིག་སླེབས་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་སྒང་ལ་སླེབས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་དོལ་རྒྱལ་སྐོར་ལ་ངས་དམ་བསྒྲགས་མུ་མཐུད་ནས་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ཆ་ལ་གདན་ས་ཁག་ཚོའི་ནང་ལ་སྤྱི་ཡོངས་ཀྱི་ཆ་ནས་ཡག་པོ་ཞེ་དྲག་རེད། སེ་ར་སྨད་པ་ཁྱེད་རང་ཚོ་སྔོན་མ་ནས་སྤོམ་ར་ཁམ་ཚན་མ་གཏོགས་སེར་སྨད་ཁམ་ཚན་ཡོངས་རྫོགས་ཀྱིས་ས་ཡིག་ཀྱང་བརྒྱབ་པ་དང་ངའི་སར་ཚང་མ་གཙང་མ་ཡིན་ཞེས་ཁས་ལེན་དམ་བཅའ་བཞག་པ་རེད། དགའ་ལྡན་ཤར་རྩེ་ད་ལྟ་བསྟེན་མཚམས་བཞག་ཡོད་པ་མ་རེད། དགའ་ལྡན་ཤར་རྩེས་ལོ་གཅིག་ལྡི་ལིར་དོལ་རྒྱལ་ཚོགས་པའི་ཚོགས་འདུ་ཚོགས་པའི་སྐབས་སུ་ཤར་རྩེའི་ཁང་ཚན་ཁ་ཤས་ཤིག་གི་འཐུས་མི་ཡིན་ཞེས་ས་ཡིག་བརྒྱབ་འདུག བདེ་སྲུང་ལས་ཁུངས་ལ་ཡོད་པ་རེད། དེའི་རྗེས་ལྷོ་པ་ཁང་ཚན་གྱི་དགེ་བཤེས་ཤིག་ཐུག་བྱུང་ངས་དགེ་བཤེས་དེ་ལ་ཁྱེད་རང་ཚོའི་ལྷོ་པ་ཁང་ཚན་ལ་གྲ་པ་ག་ཚོད་ཡོད་དམ་ཞེས་དྲི་དུས་གྲ་པ་བརྒྱ་དང་བཞི་བཅུ་ལྔ་བཅུ་ཙམ་ཡོད་ཟེར། དོལ་རྒྱལ་བསྟེན་མཁན་ག་ཚོད་ཡོད་དམ་ཞེས་དྲི་དུས་སུམ་བཅུ་ཙམ་ཡོད་ཟེར། དེ་ལྷོ་པ་ཁང་ཚན་གྱི་དགེ་བཤེས་རེད། ཁོ་རང་གི་དྲང་པོ་བཤད་པ་རེད། དེ་འདྲ་ཡིན་དུས་ཤར་རྩེ་གྲ་ཚང་གི་ཁང་ཚན་མང་པོ་ཞིག་ལ་ད་ལྟ་ཁྲ་ཁྲ་བྱས་ཏེ་བསྡད་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རེད། མཁན་པོ་ཁྱོད་རང་མཁན་པོ་བསྐོ་བའི་སྐབས་དོལ་རྒྱལ་མ་བསྟེན་གཙང་མ་ཞིག་དགོས་ཀྱི་རེད་ཁྱོད་རང་དོལ་རྒྱལ་བསྟེན་གྱི་མ་རེད་ཞེ་དྲག་རེ་བ་བྱས་ཏེ་ཁྱེད་རང་བསྐོས་པ་རེད། ཡིན་ནའང་མི་མང་པོ་ཞིག་གིས་ཁྱེད་རང་གིས་དེར་དོགས་ཟོན་ཞེད་པོ་ཅི་བྱེད་ཀྱི་འདུག་ཟེར་ཡག་ཅིག་ངས་གོ་ཡོང་གི་འདུག་ཤེས་སོང་ངམ། འཇོན་གྱི་འདུག་ན་མཁན་པོའི་འཁུར་བླངས་འཇོན་གྱི་མི་འདུག་ན་དགོངས་པ་ཞུས་ཞེས་སོང་ངམ། སེར་སྨད་མཁན་པོ་ཟུར་པ་རང་གིས་ཧུར་ཐག་འབད་ཐག་བྱས་སོང་མ་ཟད་རྒྱལ་རོང་མཁན་ཟུར་གྱིས་ཀྱང་ཧུར་ཐག་བྱས་སོང་ཞེ་དྲག་ཡག་པོ་ཡིན་ཁྱེད་རང་ཚོ་ཚང་མ་ཡོད་ས་དེར་ངས་བསྔགས་བརྗོད་དང་རྗེས་སུ་ཡི་རང་བྱེད་ཀྱི་ཡོད། དཔེར་ན་ད་ལྟ་ཆ་བཞག་ན་ལོ་གཅིག་གི་སྔོན་ནས་བླ་ཏི་རིན་པོ་ཆེས་ཤར་རྩེ་གྲ་ཚང་ལ་ཡོང་རོགས་བྱེད་དབུ་མ་བཞི་བརྒྱ་ལྟ་བུའི་གཞུང་ཆེ་བ་ཞིག་འཁྲིད་གནང་རོགས་བྱེད་ཅེས་ང་ལ་རེ་བསྐུལ་ཞེ་དྲག་གནང་གི་འདུག་ལ་མཁན་པོའི་ངོས་ནས་ཐེངས་མང་པོ་ང་དང་སྐད་ཆ་བྱུང༌། དགེ་འདུན་དམངས་ཀྱི་གདོང་ལ་བལྟས་པ་ཡིན་ན་ཨ་ཙི་ཡིན་དང་ཡིན་བྱེད་དགོས་ཡག་འདྲ་ཞིག་རེད། ཡིན་ནའང་ཁྲ་ཁྲ་འཆགས་དུས་ངས་ཉེ་ཆར་བཤད་ཡག་དེ་རེད། ཆོས་བཤད་ཉན་བྱེད་ཡག་འདི་ཟློས་གར་འཁྲབ་རྒྱུ་མ་རེད། ཟློས་གར་འཁྲབ་པ་ཡིན་ན་ཁྱད་པར་གང་ཡང་མི་འདུག་ཟློས་གར་འཁྲབ་པ་མིན་ཙང་བླ་སློབ་ཕན་ཚུན་དད་པ་དམ་ཚིག་ཟེར་བ་འདི་དཔེ་ཆའི་ནང་ལ་བཤད་པ་ནང་བཞིན་དམ་ཚིག་ལྡན་པ་ཡིན་དང་མིན་བསམ་བློ་གཏོང་དགོས་རེད་མ་གཏོགས་ངས་ངོ་སོ་འདྲ་པོ་ཞིག་འཁྱེར་ཏེ་ཁྱེད་རང་ཚོས་ཀྱང་ངོ་སོ་འདྲ་པོ་ཞིག་བྱས་ཏེ་དེ་འདྲ་བྱས་ན་ཡག་པོ་རྩ་བ་ནས་མི་འདུག ཆོས་ལ་རྩེད་མོ་རྩེད་པ་མ་རེད་དམ། དམ་ཚིག་དང་ལྡན་པ་ཞེས་པའི་ཚིག་འདི་བརྩི་དགོས་ཀྱི་རེད་དམ་མ་རེད༌། བརྩི་དགོས་ཀྱི་རེད། ང་ཚོས་མ་བརྩིས་ན་གུང་ཁྲན་ཏང་གིས་ག་ནས་བརྩི༌། དེ་འདྲ་ཡིན་དུས་དམ་ཚིག་ཞེས་པའི་ཚིག་འདི་བརྩི་དགོས་ཀྱི་ཡོད་དུས་དམ་ཚིག་མི་གཙང་བ་ཞིག་ལ་ངས་ཆོས་བཤད་ཀྱང་ཕན་ཐོགས་གང་ཡང་མི་་འདུག གནས་ཚུལ་དེ་འདྲ་རེད། སེ་ར་སྨད་ལ་ཆོས་འགྲེལ་བྱས་པ་རེད། བྱེད་དགོས་ཡག་འདི་ཡང་སྤོམ་ར་ཁང་ཚན་གཅི་ག་པུ་མ་གཏོགས་ཁང་ཚན་གཞན་ཚང་མ་གཙང་མ་ཡིན་ཞེས་ཁོང་ཚོས་ཁས་ལེན་བྱས་ས་ཡིག་བརྒྱབ་པ་རེད་སྤོམ་ར་ཁང་ཚན་ནང་ལ་ཡང་ཁྱོད་རང་གི་དགེ་ཕྲུག་དེ་ཚོ་དང་སྒོ་སོག་རིན་པོ་ཆེའི་ཁོངས་གཏོགས་དེ་དག་དོལ་རྒྱལ་བསྟེན་གྱི་ཡོད་པ་མ་རེད། བསྟེན་མཁན་ཁག་གཅིག་ཟུར་དུ་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཕལ་ཆེར་འཛེམས་ཟོན་སྤངས་ནས་ཡག་ཐག་ཆོད་བྱས་བྱུང༌། མཁན་པོ་ཁྱོད་རང་གིས་རྒྱག་རེས་ཏོག་ཙམ་བརྒྱབ་ཡོད་པ་རེད། བཀའ་སྐྱོན་འདྲ་པོ་བཏང་རྒྱག་རེས་འདྲ་པོ་ཏོག་ཙམ་བརྒྱབ་ཡོད་པ་རེད། མཁན་པོ་ལ་ཡང་ཉེན་ཁ་འདྲ་པོ་བྱས་ཏེ་ཨ་ཕྲུག་ཏོག་ཙམ་མེད་ན་དེ་རིང་ཁ་སང་མཁན་པོ་ཡང་གྲི་དཔའ་དམ་ཉར་དགོས་ཡག་གི་དུས་ཚོད་ལ་སླེབས་ཡོད་པ་རེད། དེ་འདྲ་བཤད་དགོས་ཡག་འཆག་གིའདུག ཤར་རྩེ་ད་ལྟ་ཡག་པོ་ཞིག་མཐོང་མ་སོང༌། བྱང་རྩེ་གྲ་ཚང་སྤྱི་ཡོང་ནས་ཞེ་དྲག་ཡག་པོ་རེད་ཡིན་ནའི་རེ་ཟུང་རེ་ཟུང་ད་ལྟ་གང་འདྲ་ཞིག་ཡིན་ནམ། ཚོད་མ་ཐིག་པའི་ཟོ་འདྲ་པོ་འདུག་མཁན་པོས་ང་ཚོ་ཐུག་དུས་འདྲ་ཆག་པོ་ཞེད་པོ་བཤད་ཀྱི་འདུག རྩེ་ནས་མཐིལ་བར་དུ་བརྒྱ་ཆ་བརྒྱ་ཐམ་པ་ཏག་ཏག་ཡིན་དང་མིན་ཟེར་ཡག་ལ་ཐེ་ཚོམ་འདུག་གཟབ་གཟབ་བྱེད། ད་ཆ་དོལ་རྒྱལ་ཚོགས་པའི་གནས་སྟངས་འདི་ཆབ་སྲིད་ཀྱི་གནད་དོན་ཞིག་འཆགས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡོད་བསྡད་པ་འདི་གཏོར་བཤིག་གཏོང་ཡག་དེ་རྒྱ་མི་གཞུང་གི་ལས་འགན་རེད། ཐ་ན་ྋརྒྱལ་བ་རིན་པོ་ཆེ་མེད་པ་བཟོ་ཡག་གི་དོན་ལ་རྒྱ་མིས་སྨན་ཁང་ཁག་ལ་རྩད་གཅོད་དང་འབྲེལ་བ་བྱེད་ཀྱི་འདུག སྨན་ཁང་ཁག་ལ་འབྲེལ་བ་བྱས་ནས་ྋརྒྱལ་བ་རིན་པོ་ཆེ་སྨན་བཅོས་ཀྱི་ཐོག་ནས་མེད་པ་བཟོ་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད། ཟ་ཁང་ཚོའི་ནང་ལ་ཐབས་ཤེས་བྱས་ཏེ་ྋརྒྱལ་བ་རིན་པོ་ཆེ་མེད་པ་བཟོ་ཡག་ལ་འབད་བརྩོན་ཞིག་བྱེད་ཀྱི་ཡོད། བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་ཡིན་མིན་བཤད་ཐུབ་ཀྱི་མ་རེད་དེ་ན་ནིང་ཨ་མར་ཝཏིར་དུས་འཁོར་དབང་ཆེན་སྐབས་རྒྱ་མི་གཉིས་བཏང་བའི་སྐད་ཆ་འདུག་བོད་རིགས་ལས་བྱེད་པ་རེད། གཅིག་གི་ལས་འགན་དེ་བཞུགས་ཁྲི་གང་དུ་ཡོད་མེད་ཀྱི་རྒྱང་ཚད་ལེན་མཁན་དང༌། གཅིག་ཤོས་ཀྱི་ལས་འགན་དེ་ཚད་ཆ་ཚང་ལེན་ཚར་བའི་རྗེས་ལ་འབར་རྫས་འཇོག་མཁན་ཡིན་པ་བཅས་མི་གཉིས་ལ་ལས་འགན་བསྐུར་བ་རེད། ཚད་ལེན་མཁན་དེས་ཚད་རིང་ཐུང་ཏག་ཏག་ཚད་བླངས་ཀྱང་ཅི་ཤོས་དེས༌། བར་རྫས་འཇོག་མ་ཐུབ་པ་རེད། དེ་འདྲ་ཡིན་དུས་རྒྱ་མིས་ཏཱ་ལའི་བླ་མ་མེད་པ་བཟོ་ཡག་གཅིག་དང་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་འདི་ཁྲ་གེ་ཁྲུག་གེ་བཟོ་ཡག་འདི་ནི་རྒྱ་མའི་ཆབ་སྲིད་ཀྱི་དགོས་མཁོ་རེད་ལ་དེ་ཏན་ཏན་བྱེད་ཀྱི་རེད། བྱས་ཙང་ད་ལྟ་དོལ་རྒྱལ་ཚོགས་པ་འདི་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་མི་སྡེ་ཆུང་ཆུང་ཞིག་འཆགས་ཡོད་པ་ཡིན་དུས་རྒྱ་མིར་དངོས་གྲུབ་ཞེད་པོ་ཞིག་བརྙེད་སོང་བསམ་སྟེ་རྒྱ་གཞུང་གིས་དེ་ལ་དམིགས་བསལ་གྱིས་བདག་པོ་རྒྱག་གི་འདུག ང་ལ་དངོས་སུ་སྐྱོན་བརྗོད་བྱས་པ་རེད། དེ་འདྲ་ཞིག་གི་སྒང་ལ་བསྡད་དུས་རང་གར་འཇོག་ཐབས་ཡོད་པ་མ་རེད། ཤེས་སོང་ངམ། དེ་ལ་སྣང་ཆུང་བྱས་ཏེ་ད་ལྟ་བར་དུ་གདན་ས་ཁག་ཚོའི་ནང་ལ་དེ་ཚོ་དོལ་རྒྱལ་བསྟེན་མཁན་རེད་ང་ཚོར་ཁག་མེད་མདོག་མདོག་འདྲ་པོ་བྱས་ཏེ་ད་ལྟ་བར་དུ་ཁུངས་བསྐྱལ་བ་རེད། ད་དུང་མུ་མཐུད་ནས་ལོ་གཅིག ལོ་ལྔ༌། ལོ་བཅུ་དེ་འདྲའི་ངང་ཁུངས་བསྐྱལ་ཡག་ཞིག་ཨེ་ཡིན་སྙམ། དོལ་རྒྱལ་ཚོགས་པས་ང་ལ་ཚིག་པ་བཟའ་བར་གང་ཡང་དྲན་གྱི་མི་འདུག ཚིག་པ་བཟའ་གི་རེད་ངས་ཕར་སུན་པོ་བཟོས་ཙང་ཚུར་ཚིག་པ་བཟའ་ཡི་རེད། དེ་ལ་ཁག་མི་འདུག ཡིན་ནའི་ང་ལ་ཚིག་པ་བཟའ་བ་རྒྱུ་ཚན་དུ་བྱས་ནས་རྒྱ་མི་གུང་ཁྲན་ལ་མགོ་བཏགས་དགོས་ཡག་མི་འདུག བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྣུབ་མཁན་དེ་རྒྱ་མི་གུང་ཁྲན་རེད། བོད་མི་འབུམ་ལྔ་བཅུ་ཙམ་ཞིག་དམར་བསད་བཏང་བ་དང༌། བོད་མི་འབུམ་ལྔ་ཙམ་ཞིག་བཙོན་དུ་མུ་གེས་ཤི་སོང༌། དེ་འདྲ་བྱེད་མཁན་རྒྱ་མི་གུང་ཁྲན་རེད། ང་ལ་འཚིག་པ་བཟས་ཏེ་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་རྩ་མེད་བཟོ་མཁན་དེ་ལ་རྒྱབ་རྟེན་བཙལ་དགོས་བྱུང་ན་ཡག་པོ་མི་འདུག དེ་ཚད་ལས་བརྒལ་བ་རེད། ང་ལ་སྐྱོན་བརྗོད་བྱས་པ་དེ་རྒྱུ་ཚན་ལྡན་པ་རེད། ཁྱད་པར་ཁྱོན་ནས་མི་འདུག་ཐ་ན་དོལ་རྒྱལ་ཚོགས་པའི་མིས་ང་བསོད་ཡག་གི་ཉེན་ཁ་ཁ་ཤས་བཟོས་པ་རེད། རྒྱ་གར་བདེ་འཇགས་ལས་ཁུངས་ཀྱིས་རྒྱ་གར་ནང་ལ་ྋརྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལ་ཉེན་ཁ་ཆེ་ཤོས་དོལ་རྒྱལ་ཚོགས་པ་རེད་འདུག་ཅེས་ཕལ་ཆེར་ལོ་བཅུ་གྲངས་ཞིག་གི་གོང་ལ་རྒྱ་གར་སྐོར་སྲུང་ལས་ཁུངས་གིས་བདེ་སྲུང་ལས་ཁུངས་ལ་བརྡ་སྤྲད་པ་རེད། དེར་བརྟེན་རྡ་རམ་ས་ལར་ང་སྡོད་ས་དེར་ལྕགས་རི་སྣོན་མ་བསྐོར་བ་དང་སྕགས་རི་བཟོ་བཅོས་བྱས་པ་རེད། ང་འདིར་རྒྱ་གར་ལྷོ་ཕྱོགས་ལ་ཡོང་རིམ་བཞིན་སེ་ར་ལ་འགྲོ་དུས་སྤོམ་ར་ཁང་ཚན་ལ་རྒྱ་གར་པུ་ལི་སི་ཏོ་ཙམ་སྐུ་མགྲོན་ལྟར་ཡོང་གི་མི་འདུག་གམ། དེ་བཞིན་དགའ་ལྡན་ལ་རྡོ་ཁང་ཁང་ཚན་ནང་ལ་ནམ་རྒྱུན་པུ་ལི་སི་གང་ཙམ་ཡོང་གིའདུག དེ་བཀྲིས་པ་ཞིག་རེད་དམ་མ་རེད། བཀྲ་ཤིས་པ་ཞིག་མ་རེད། ད་ལྟ་ནང་བཞིན་བྱས་ནས་ཁྱེང་རང་ཚོས་བ་རེ་བོ་རེ་བྱས་ཏེ་ངའི་མདུན་ལ་མཁས་པོ་འདྲ་པོ་ཞིག་བྱས་ནས་ཞལ་ཟས་ལྷས་འཁྱེར་ཀྱང་འཛུམ་མུལ་མུལ་ལྷ་ཁང་མེས་འཚིགས་ཀྱང་འཛུམ་མུལ་མུལ། ཞེས་པ་ལྟར་བསྡད་པ་ཡིན་ན་སྐྱིད་པོ་འདུག་གམ། ང་འདིར་རྒྱ་གར་ལྷོ་ཕྱོགས་ལ་ཡོང་རིམ་བཞིན་དོལ་རྒྱལ་བསྟེན་མཁན་ཚོ་ཡང་འཚེར་ཤུར་ཤུར་བྱས་ཏེ་སྡོད་དགོས་མཁན་གཞན་དག་ཚོ་ཡང་མ་བདེ་བ་བྱས་ནས་བསྡད་དགོས་བྱུང་ན་ཆོ་གང་ངཡ་མི་འདུག གང་ལྟར་ཁ་སང་སྐད་ཆ་བྱུང་བ་བཞིན་རེད། བླ་མ་གདན་འདྲེན་ཞུ་ཡི་ཡོད་པ་རེད། བླ་མ་ཡོང་གི་ཡོད་པ་རེད། བླ་མས་བཀའ་ཆོས་བྱེད་ཀྱི་ཡོད་པ་རེད། ཡིན་ནའི་བྱེད་མི་བདེ་བ་ཞིག་འཆགས་བསྡད་ཀྱི་ཡོད་པ་རེད། དེ་མུ་མཐུད་དེ་བསྡད་ན་ཡག་པོ་གང་ཡང་མི་འདུག་ཤེས་སོང་ངམ། ངས་ནམ་རྒྱུན་ནས་བཤད་ཡག་ལ་དོལ་རྒྱལ་འདམ་གྱི་ཡིན་ནམ་ཏཱ་ལའི་བླ་མ་འདམ་གྱི་ཡིན་ཞེས་བཤད་ཀྱི་ཡོད། དོལ་རྒྱལ་འདམ་གྱི་ཡིན་ན་སོ་སོའི་རང་དབང་རེད་འགྲིག་གི་རེད། ཡིན་ནའང་ངའི་ས་ནས་ཆོས་ཞུ་ཡག་དང་སྡོམ་པ་ཞུ་བར་མ་ཡོང་རོགས་ཞེས་བརྗོད་ཀྱི་ཡོད་ལ་ངའི་ངོས་ནས་ཡིན་ནའི་དོལ་རྒྱལ་བསྟེན་མཁན་ཡོད་ས་དེར་ངས་བཀའ་ཆོས་བྱས་ན་ང་རང་གི་དམ་ཚིག་དང་འགལ་གྱི་རེད། ྋརྒྱལ་དབང་ལྔ་པ་ལ་ངོ་རྒོལ་བྱེད་མཁན་གྱི་མི་དེ་ངས་སློབ་མར་ཉར་ཐུབ་ཡག་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་དོལ་རྒྱལ་དང་འབྲེལ་བ་ཡོད་པ་དེ་འདྲ་གལ་སྲིད་ཡོད་པ་ཡིན་ན་ཕྱིན་ཆད་ྋརྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་ཀྱི་མིན་ྋརྒྱལ་བ་རིན་པོ་ཆེ་དགོས་ཡག་མི་འདུག་ཞེས་བློ་ཐག་ཆོད་པ་ཡོད་ན་དོལ་རྒྱལ་བསྟེན་རྐྱང་བྱེད། བློ་རྩེ་གཉིས་ཡིན་ན་བློ་རྩེ་གཉིས་བྱས་ནས་བསྡོད་ཐབས་ཡོད་པ་མ་རེད། ཤེས་སོང་ངམ། བར་སྐབས་ཞིག་ལ་རྐྱེན་གསར་པ་ཞིག་འཆགས་བསྡད་ཡོད་པ་རེད། ཁ་ཉིན་འཇང་དགུན་ཚོས་ཚོགས་པའི་སྐབས་སེ་ར་བྱེས་པའི་དཔེ་ཆ་བ་དེ་རྣམས་ཀྱིས་གང་ལྟར་དོལ་རྒྱལ་བསྟེན་མཁན་གྱིས་མིས་དམ་བཅའ་བཞག་པ་ཡིན་ན་ཁོང་ཚོས་རྟགས་བསལ་གཏོང་གི་མིན་ཞེས་པའི་གནས་ཚུལ་ཞིག་བྱུང་བ་རེད་སུ་གཅིག་གིས་རྒྱུད་བསྐུལ་བྱས་ཡོད་པ་མ་རེད། བདེ་སྲུང་ནས་རྒྱུད་བསྐུལ་བྱས་ཡོད་པ་མ་རེད། ང་ཚོས་ཀྱང་རྒྱུད་སྐུལ་བྱས་ཡོད་པ་མ་རེད། མཁན་པོ་ཚོས་ཀྱང་རྒྱུད་བསྐུལ་མ་བྱས་པའི་ཐོག་ནས་གནས་ཚུལ་དེ་བྱུང་བ་ཞིག་རེད། སྐབས་དེར་ཁྱེད་རང་ཚོ་རེ་ཟུང་ཕྲན་བུའི་བྱེད་མི་བདེ་འཆགས་པ་དེ་ཁག་ཡོད་པ་མ་རེད། གློ་བུར་དུ་དེ་འདྲ་ཞིག་ཡོང་བ་ཡིན་དུས་ད་དེ་གང་འདྲ་བྱས་ཡོང་བསམ་པའི་བསམ་བློའི་ནང་གྲ་སྒྲིག་མེད་པར་གློ་བུར་དུ་དེ་འདྲ་ཞིག་བྱུང་བ་ཡིན་དུས་ཁྱེད་རང་ཚོ་ཁག་མི་འདུག་ཏོག་ཚམ་ཚོད་མ་ཐེག་པ་ཡིན་དུས་ཁྱེད་རང་ཚོར་ཁག་མི་འདུག ཡིན་ནའང་ད་ཆ་དེ་འདྲ་ཞིག་གི་ཟིང་ལངས་ཚར་དུས་ཁ་སང་འཇང་དགུན་ཆོས་སྐབས་ཟིང་ལང་གྲབས་བྱས་པ་རེད་ད་ལྟ་ལྷིང་འཇགས་པ་རེད་ཅེས་དེར་འཇོག་རྒྱུ་མ་རེད་བསམ་གྱི་འདུག མང་ཚོགས་ནས་འགོ་དེ་འདྲ་བཙུགས་པ་རེད་དེ་འཕྲོ་བསྐྱལ་དགོས་པ་རེད་ཤེས་སོང་ངམ། ད་ལྟ་ལྡི་ལིར་ཡོད་པའི་དོལ་རྒྱལ་ཚོགས་པ་ཁོང་ཚོའི་གྲས་ཀྱིས་རྒྱ་གར་ཕྱི་སྲིད་ལས་ཁུངས་ལ་ཁོ་པ་ཚོར་སྲུང་སྐྱོབ་དགོས་པའི་ཡི་གེ་ཞིག་ཕུལ་སྟེ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་དེ་ལ་དོ་སྣང་བྱེད་ཡག་འདྲ་པོ་ཞིག་འཆགས་བསྡད་བཞག དངོས་གནས་བྱས་ན་དོལ་རྒྱལ་ཚོགས་པའི་ནང་ནས་ང་ཚོར་ཚུར་མི་བསད་སོང་ཉེས་བརྡུང་བཏང་སོང་མེ་བརྒྱབ་སྡིག་ར་བསྐུལ་ཡག་མང་པོ་བྱུང་སོང༌། དོལ་རྒྱལ་ཚོགས་མིར་ཕར་སྡིག་ར་བསྐུལ་མཁན་ང་ཚོའི་གྲལ་ནས་ཕལ་ཆེར་ད་ལྟ་བར་བྱུང་ཡོད་པ་མ་རེད། ཁྱོན་ནས་བྱུང་ཡོད་པ་མ་རེད། རྣམ་འགྱུར་དེ་འདྲ་པོ་ཞིག་གི་སྒང་ལ་སླེབས་བསྡད་ཀྱི་ཡོད་དེ་ཡང་རྒྱ་གར་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་ཁོ་པ་ཚོར་འབྱོར་ལན་ཞིག་བྲིས་ཏེ་འབྱོར་བའི་ནང་ལ་མེའི་སོར་ལ་མངགས་ཡོད་ཅེས་གང་ལྟར་རྒྱ་གར་གཞུང་དང་འབྲེལ་བ་ཞིག་འཆགས་བསྡད་ཡོད་པ་རེད། རྒྱ་གར་གཞུང་དང་འབྲེལ་བ་ཞིག་འཆག་པ་ཡིན་དུས་རྒྱ་གར་གཞུང་གིས་ང་ཚོར་སྐད་ཆ་དེ་འདྲ་དྲི་མདོག་ཁ་པོ་རེད་ལ་ང་ཚོའི་ངོས་ནས་གནས་ཚུལ་བཤད་དགོས་ཡག་ཅིག་འཆག་གི་འདུག ད་ལྟ་ཟིང་ཞིག་ལངས་བསྡད་ཀྱི་ཡོད་པ་རེད། ས་གནས་ས་ཐོག་ལ་གྲ་མང་གིས་ཀྱང་ལོ་མང་པོ་དེ་ཙམ་རིང་སྡུག་རུས་བྱས་བསྡད་པ་རེད་ད་ཆ་སྡུག་རུས་བྱེད་ཡག་གི་ཚད་ཅིག་ལ་སླེབས་ཏེ་སེམས་ནང་གི་ན་ཚ་དེ་བཏོན་ཡོང་གི་ཡོད་པ་རེད། དེ་མང་ཚོགས་ཀྱི་ལས་འགུལ་རེད། དེ་འདྲ་ཡིན་དུས་འགོ་འདི་ནས་བཙུགས་ཞག་པ་དེ་རིམ་པས་བསམ་བློ་གཏོང་དགོས་ཡག་ཞིག་རེད་ཤེས་སོང་ངམ། ག་ཚོད་འགྲུབ་ཡག་འདུག་གམ། གང་འདྲ་ཞིག་བྱེད་ཐུབ་ཀྱི་འདུག་གམ། དེ་དག་ཁྱེད་རང་ཚོས་བསམ་བློ་ཐོངས། ཆོས་དོན་ལས་ཁུངས་ནས་བསམ་བློ་ཐོངས། དེ་ནས་རིན་པོ་ཆེ་ལ་ཡང་༼བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་༽ འབྲེལ་བ་ཡོང་གི་རེད། དེ་དག་རིན་པས་གོ་བསྡུར་བྱས་ན་ཐབས་ཤེས་ཤིག་རྙེད་མི་ཡོང་ངམ། ཁོ་པ་ཚོ་དོལ་རྒྱལ་བསྟེན་མཁན་ཚོ་སོ་སོའི་རང་དབང་རེད། ངས་ཐོག་མ་ཉིད་ནས་དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་རང་དབང་རེད། དོལ་རྒྱལ་བསྟེན་ན་སྐྱོན་འདི་ཡོད་པ་རེད་ཅེས་དགེ་སྐྱོན་དེ་དག་ང་རང་ལ་ཉམས་མྱོང་བྱུང་བ་ཡིན་ཙང་ངས་བཤད་དགོས་ཡག་དེ་ངའི་ལས་འགན་རེད་ཉན་དང་མི་ཉན་སོ་སོས་བསམ་བློ་ཐོངས་ཞེས་དང་པོ་ནས་འདི་བཤད་པ་ཡིན། ད་ལྟ་ཡིན་ན་ཡང་དེ་རེད་ཁོ་པ་ཚོས་མཚམས་བཞག་ཐུབ་པ་མི་འདུག་བསྟེན་གྱི་ཡིན་ཞེས་ལབ་ན་ཁོ་རང་ཚོ་ཁ་དང་ཁ་སྤུ་དབྱེ་འབྱེད་ཞེས་སྔོན་མ་ཁྱོད་རང་ཚོའི་གྲོས་ཆོད་ནང་ལ་མེད་པས། ད་ཁ་དང་ཁ་སྤུ་དབྱེ་འབྱེད་གཏོང་ཡག་གི་མཚམས་ལ་སླེབས་ཀྱི་འདུག ཤེས་སོང་ངམ། དབྱེ་འབྱེད་ཇི་ལྟར་གཏོང་དགོས་མིན་ཁྱེད་རང་ཚོས་བསམ་བློ་ཐོངས་ཤེས་སོང་ངམ། ཁྱེད་རང་ཚོས་བསམ་བློ་བཏང་སྟེ་གོ་བསྡུར་བྱེད་རོགས། དེ་ག་རང་ཡིན་བཤད་ཡག་གང་ཡང་མེད། ཅེས་བཀའ་སྩལ༎ ༎