༄༅། །བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༧ ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་ནང་བོད་ཕྱི་ནང་གཉིས་ནས་ཕེབས་པའི་ཆོས་ལུགས་རིས་མེད་ཀྱི་མཁན་བླ་དགེ་བཤེས་སོགས་ལ་བཀའ་སློབ་བཀའ་དྲིནསྩལ་པ།
༄༅། །དེ་རིང་འདིར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་པོ་བླ་སྤྲུལ་སོགས་ཕེབས་ཡོད། བོད་ནས་ཕེབས་མཁན་ཚོ་ཕྱག་རྐྱོངས་ཞེས་སྤྱན་ཞིབ་གནང་རྗེས། དེ་རིང་དུས་ཚོད་ལྷོད་པ་འདུག་པས་ཁྱུག་ཙམ་མཇལ་ན་བསམ་བྱུང་། དེ་རིང་ཁྱེད་ཚོར་དོན་ཚན་གསུམ་གྱི་ཐོག་ཞུ་འདོད་བྱུང་། དོན་ཚན་དང་པོ། སྔར་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་གྱིས་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ངས་ཁ་སང་བརྗོད་པ་བཞིན་ང་ཚོ་རང་ཉིད་སྣང་བ་དག་ནས་བཤད་པ་མིན། སྔོན་མ་ང་ཚོ་བོད་པས་མཎྜལ་བཤད་པ་རྒྱག་སྐབས་བླ་མའི་མཛད་འཕྲིན་ནུབ་ཛ་ལན་དྷ་ར་ནས་ཤར་རྒྱ་མོ་དར་ཐག་གི་བར་ཞེས་བརྗོད་ཀྱི་ཡོད་པ་དེ་ལ་སྙིང་པོ་མེད། ནུབ་ཛ་ལན་དྷ་ར་ཟེར་དུས་དེང་སང་ཐག་རིང་པོ་མིན། དེ་ནི་ལུང་ཁུག་ནང་སོ་སོ་སྣང་བ་དག་ནས་བཤད་པ་ཙམ་རེད།
དེང་སང་འཛམ་གླིང་ཤར་ནུབ་གང་དུ་ཡིན་ནའང་གནས་ཚུལ་འཕྲལ་དུ་གོ་ཐུབ་པ་ཀྱི་ཡོད། སྔར་ནང་ཆོས་དར་ཁྱབ་མེད་པའི་ཡུལ་གྲུ་ཚོའི་ནང་དེང་སང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་ཡི་འདུག ང་ཚོ་ཤར་ཕྱོགས་ཀྱི་ལུང་པ་ཕ་མེས་དུས་ནས་ནང་པ་ཡིན་པ་ཚོ་དད་པ་ཁོ་ན་བྱས་ནས་འགྲོ་མཁན་མང་ཆེ་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁོངས་ནང་པའི་ཆོས་ལ་དད་པ་བྱེད་མཁན་ཚོ་དེ་འདྲ་མ་ཡིན་པར་ཁོང་ཚོ་ཐེ་ཚོམ་ངང་བསྡད་ཡོད་པ་དང་། མང་པོ་ཞིག་གིས་སོ་སོའི་ཕ་མེས་ཀྱི་ཆོས་ལ་ཡང་ཡིད་ཆེས་བྱེད་ཀྱི་མེད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཟེར་བ་དེ་ཁོང་ཚོའི་གོམས་གཤིས་ཐོག་ནས་བསྡད་ཡོད་པ་ལས་དེ་ལ་ཡིད་ཆེས་མེད་མཁན་མང་པོ་འདུག མི་དེ་འདྲའི་ནང་ནས་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ཡོད་པ་མཐོང་སྟེ་དོ་སྣང་ཆེན་པོ་བྱེད་མཁན་ཡོད། ཡུལ་གྲུ་དེ་དག་གི་ནང་ང་སྐད་གཏོང་མཁན་ཡོད་པ་བཞིན་བསྐྱོད་དེ་ནང་ཆོས་འགྲེལ་བཤད་རྒྱག་གི་ཡོད། ངས་རྟག་པར་ང་ནང་ཆོས་སྤེལ་བར་ཡོང་བ་མིན། ཁྱེད་རང་ཚོ་སོ་སོའི་ཕ་མེས་ཀྱི་ཆོས་ལ་བདག་པོ་བརྒྱབ་པ་ཡིན་ན་བརྟན་པོ་ཡོད་ཅེས་ཚང་མར་ཤོད་ཀྱི་ཡོད། མཚམས་རེ་ང་རང་འཚེར་སྣང་ཡོང་གི་འདུག སོ་སོའི་ཕ་མེས་ཀྱི་ཡེ་ཤུའི་ཆོས་ཉམས་འགྲོ་གི་ཡོད། སངས་རྒྱས་ཀྱི་ཆོས་ནི་ཤར་ཕྱོགས་ཀྱི་ཆོས་རེད། དེ་སྔ་འབྲེལ་བ་གང་ཡང་མེད་པར་དེང་སང་གཞི་ནས་དོ་སྣང་བྱེད་དུས་ང་རང་འཚེར་པོ་ཡོང་གི་འདུག གནས་སྟངས་དེ་འདྲ་ཞིག་ཐོག་སླེབས་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཆོས་འདི་དངོས་གནས་འཛམ་བུ་གླིང་ཐོག་གི་མི་ཤེས་ཡོན་ཅན་ཚོས་དོ་སྣང་བྱེད་པའི་ཆོས་ཤིག་ཆགས་ཡོད།
ཚན་རིག་པ་དང་མཉམ་དུ་རྐུབ་གྲལ་བསྒྲིགས་ནས་སྐད་ཆ་ཤོད་ཐུབ་མཁན་ང་ཚོ་བོད་ཀྱི་ནང་པ་ལས་གཞན་མེད། བོད་ཀྱི་ནང་པའི་ནང་ནས་གཞུང་ཆེན་མོའི་དཔེ་ཆ་ལྟ་མཁན་དེ་དག་གིས་ཚན་རིག་པ་དང་སྐད་ཆ་བཤད་རྒྱུ་ཡོང་གི་ཡོད། དེ་མིན་གཞུང་ཆེན་མོ་སྦྱངས་མེད་ན་སྒྲུབ་རྟགས་བསྟན་ཏེ་ནམ་མཁར་འཕུར་བ་དང་ས་འོག་འཛུལ་བ་དེ་འདྲ་བྱེད་ཐུབ་ན་ཚན་རིག་པ་ཚོས་ངོ་མཚར་ཆེན་པོར་བརྩི་ཡི་རེད། དེ་མིན་ཆ་ལུགས་ཡ་མ་གཟུགས་སྤྲས་ཏེ་ང་ཞེ་པོ་འགའ་བཅོ་བརྒྱད་ཡིན་བཤད་ཀྱང་ཡིད་ཆེས་བྱེད་ཀྱི་མ་རེད། དགོད་བྲོ་བྲོ་བྱས་ནས་ལྟད་མོ་བལྟས་ན་ལས་གཞན་ཁག་པོ་རེད། དཔེར་ན་འདས་པའི་ལོ་གཉིས་ཀྱི་གོང་དུ་རྒྱ་ནག་ནང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇི་ཙམ་ཡོད་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཞིག་གིས་ཡིག་ཆ་ཞིག་བཏོན་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་བ་ཚོས་ཀྱང་ཡིག་ཆ་ཞིག་བཏོན་ཡོད་པ་དེའི་ནང་མི་ས་ཡ་ཉི་བརྒྱ་ལྷག་ཙམ་བཀོད་ཡོད་པ་དང་། རྒྱ་ནག་ནས་བཏོན་པའི་ཡིག་ཆའི་ནང་མི་ས་ཡ་སུམ་བརྒྱ་ལྷག་ཙམ་ཡོད་པ་བཀོད་པར་མ་ཟད། དེ་ཡང་མང་ཆེ་བ་ཤེས་ཡོན་ཅན་ཡིན་པ་བཀོད་འདུག དེར་བརྟེན་འཛམ་གླིང་འདིའི་ཐོག་སྤྱིར་སངས་རྒྱས་ཀྱི་ཆོས་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་ལ་མི་གཞན་གྱིས་མཐོང་བྱེད་ཀྱི་ཡོད། ཆོས་ཀྱི་ནང་ནས་ནང་ཆོས་འདི་རྒྱུ་མཚན་འགྲེལ་བཤད་བརྒྱབ་རྒྱུ་ཡོད་པའི་ཆོས་ཤིག་རེད་འདུག་ཅེས་མཐོང་བྱེད་ཀྱི་འདུག
ཕྱོགས་གཅིག་ནས་ང་ཚོ་བོད་མི་་དང་འདྲ་བར་འཛམ་བུ་གླིང་ཐོག་གི་གྲངས་ཉུང་མི་རིགས་གཞན་རྣམས་ལ་མི་རིགས་སོ་སོའི་ཡུལ་གོམས་གཤིས་ལུགས་ཐུན་མོང་མ་ཡིན་པ་རེ་ཡོད། ང་རང་ལུང་པ་འདྲ་མིན་ནང་སླེབས་སྐབས་ཁོང་ཚོའི་གྲས་མང་པོ་ཞིག་གིས་ང་ལ་དགའ་པོ་བྱས་ནས་ཐུག་པར་ཡོང་གི་འདུག ཁོང་ཚོ་མང་པོ་ཞིག་ལ་སོ་སོའི་ཡུལ་གོམས་གཤིས་ལུགས་ལ་བདག་པོ་རྒྱག་རྒྱུའི་སེམས་ཤུགས་ཆེན་པོ་ཡོད་ཀྱང་དཀའ་ངལ་མང་པོ་ཞིག་འཕྲད་འདུག ངས་ཁོང་ཚོའི་གྲས་མང་པོ་ཞིག་ལ་ཁྱེད་ཚོར་ཡི་གེ་ཡོད་དམ་མེད་ཅེས་སྐད་ཆ་འདྲི་སྐབས་མེད་ཅེས་བརྗོད་ཀྱི་འདུག ངས་ཁོང་ཚོར་ཡི་གེ་བཟོ་དགོས། མི་རྒན་རབས་ཚོའི་ངག་རྒྱུན་ལ་ཡོད་པ་དེ་གཅིག་པུས་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཉར་ཚགས་བྱེད་མི་ཐུབ་པས་ངེས་པར་དུ་ཡི་གེ་ཡོད་པ་བྱེད་དགོས། དེ་ཡང་དབྱིན་ཇིའི་ཡིག་གཟུགས་ཡིན་པ་གང་ཞིག་ལ་སྐད་གདངས་སོ་སོའི་ཡུལ་སྐད་ཡིན་པ་དེ་འདྲ་བཟོ་དགོས་ཞེས་བསམ་འཆར་ཤོད་ཀྱི་ཡོད། སོ་སོའི་ཡུལ་གོམས་གཤིས་ལུགས་ལ་བདག་པོ་རྒྱག་རྒྱུ་ཁྱེད་རང་ཚོའི་ལས་འགན་ཡིན་པས་དེ་ལ་དོ་སྣང་ཡོད་པ་ཧ་ཅང་ཡག་པོ་རེད།
དེང་སང་འཛམ་གླིང་ཐོག་མི་རིགས་སོ་སོའི་ཆོས་དང་རིག་གཞུང་། གོམས་གཤིས། སྐད་ཡིག་བཅས་པ་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་པར་བརྟེན་ཡི་གེ་ངེས་པར་ཡོད་དགོས་ཞེས་ཤོད་ཀྱི་ཡོད། གཞན་ལ་ཕར་དེ་འདྲ་བཤད་པ་དང་ང་རང་ཚོ་རང་གི་གནས་ཚུལ་ལ་བསམ་བློ་གཏོང་དུས། ང་ཚོ་བོད་ལ་སོ་སོའི་ཡི་གེ་ཡོད་པ་དང་། ཡི་གེ་འདི་ཡང་རྒྱ་ནག་གི་ཡི་གེ་དང་། རྒྱ་གར་གྱི་ཡི་གེར་དཔེ་ལྟས་པ་མ་ཡིན་པར་ང་རང་ཚོ་རང་ལ་ཞང་ཞུང་སྨར་ཡིག་ཅེས་ཡི་གེ་རང་མཚན་པ་ཞིག་ཡོད། སུམ་རྟགས་དང་དེ་ཚོའི་གྲས་མང་པོ་ཞིག་རྒྱ་གར་ལ་དཔེ་ལྟས་ནས་ལེགས་ཆ་བླངས་ཏེ་ཡར་རྒྱས་བཏང་ཡོད། རྒྱ་གར་གྱི་ལེགས་སྦྱར་སྐད་དང་པ་ལིའི་སྐད་ནང་ཡོད་པའི་གཞུང་ཕལ་མོ་ཆེ་བོད་ཡིག་ནང་བསྒྱུར་ཡོད། བོད་ཡིག་ནང་བསྒྱུར་ཡོད་པ་དང་རྒྱ་ཡིག་ནང་བསྒྱུར་མེད་པ་དེ་འདྲ་མང་པོ་མཐོང་རྒྱུ་ཡོད། ང་རང་ཚོར་སོ་སོའི་སྐད་ཡིག་ཟུར་དུ་ཡོད་པར་མ་ཟད། ལེགས་སྦྱར་སྐད་དང་པ་ལིའི་སྐད་ཀྱི་གཞུང་མང་པོ་བོད་ཡིག་ནང་བསྒྱུར་པ་དེ་དག་སྒྱུར་སྤུས་དག་པོ་ཡོད། རྒྱ་ཡིག་གི་ནང་བསྒྱུར་པ་ལས་བོད་ཡིག་ནང་ལ་བསྒྱུར་པ་དེ་ཡག་པ་འདུག་ཅེས་ངས་ནམ་རྒྱུན་ཤོད་ཀྱི་ཡོད། དཔེར་ན། ཤེས་རབ་སྙིང་པོའི་ནང་ཕུང་པོ་ལྔ་པོ་དེ་དག་ཀྱང་། ཞེས་པའི་ "ཀྱང་" སྒྲ་འདི་བོད་ཡིག་ནང་ཡོད་པ་དང་། ལེགས་སྦྱར་གྱི་སྐད་ནང་དུའང་ཡོད། རྒྱ་ཡིག་ནང་དེ་མེད། རྒྱ་ཡིག་ནང་མེད་པར་བརྟེན་ཀོ་རི་ཡའི་ཡི་གེ་དང་། ཝི་ཏི་ནམ་གྱི་ཡི་གེའི་ནང་བསྒྱུར་པ་དེ་དག་ལ་མེད་པ་རེད། དེར་བརྟེན་ང་ཚོ་བོད་ཀྱི་སྐད་ཡིག་ལ་བསྒྱུར་འདི་ཧ་ཅང་ཡག་པ་ཡོད། དེ་ལ་བསམ་བློ་གཏོང་དུས་ང་ཚོ་བོད་མི་རིགས་ཀྱི་མེས་པོ་དེ་དག་དངོས་གནས་རླབས་ཆེན་དང་རྣམ་དཔྱོད་ཅན་ཞིག་ཡིན་པ་ཤེས་ཐུབ།
བར་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ན་རྒྱ་ནག་དམར་པོའི་གཞུང་གི་བཙན་དབང་འོག་ང་ཚོ་བོད་པས་སྡུག་བསྔལ་མྱོང་གི་ཡོད་ལ། ཤིན་ཅང་དང་ནང་སོག་གཉིས་ཀྱིས་ཀྱང་སྡུག་བསྔལ་མྱོང་གི་ཡོད། ཡིན་ནའང་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་ངོ་རྒོལ་བྱ་རྒྱུ་ཕལ་ཆེར་བོད་པ་ཤུགས་ཆེ་བ་ཡོད། ཤིན་ཅང་བ་ཚོ་ཧ་ཅང་མཁྲེགས་པོ་ཡིན་པས་རྩུབ་སྤྱོད་ཀྱི་ཐོག་འགྲོ་གི་ཡོད། བོད་པའི་སེམས་ལ་སྡུག་བསྔལ་དང་དངངས་སྐྲག་ཧ་ཅང་ཆེན་པོ་ཡོད་ཀྱང་ད་དུང་འཚེ་བ་མེད་པའི་ལམ་གྱི་ཐོག་འགྲོ་བ་འདི་ལས་སླ་པོ་ཞིག་མིན། དེ་ནས་ང་ཚོ་བོད་པ་སྐྱོ་པོ་མིན་པ་ར་འཕྲོད་ཡོད། དེ་ལྟར་བསམ་བློ་གཏོང་དུས་ང་ཚོ་བོད་མི་རིགས་འདི་རླབས་ཆེན་ཞིག་ཡིན་པ་ངེས་པ་རྙེད་ཀྱི་འདུག བོད་རྒྱ་ཆེའི་མི་མང་གིས་མི་རབས་ནས་མི་རབས་བརྒྱུད་དེ་ནང་ཆོས་ཐོག་མར་རྒྱ་གར་ནས་ཚུར་བླངས་པ་དང་། བར་དུ་བདག་པོ་བརྒྱབ་པ། བདག་པོ་བརྒྱབ་པ་ཙམ་མ་ཡིན་པར་ཡར་རྒྱས་བཏང་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་མང་པོ་ཞིག་གིས་འཕགས་པའི་ཡུལ་གྱི་མཁས་པ་ཚོས་བརྩམས་པའི་གཞུང་ལ་མུ་མཐུད་སློབ་གཉེར་གྱིས་དེའི་སྙིང་པོ་ཚུར་བླངས་ནས་གོ་བདེ་རུ་བཏང་བ་དེའི་ཐད་བོད་པ་ཧ་ལས་དགོས་པ་རེད་འདུག ལོ་སྟོང་ཕྲག་བརྒལ་བའི་རིང་བོད་ཀྱི་ཆབ་སྲིད་གནས་སྟངས་ཁ་སང་ཞུས་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། ཆོས་རྒྱལ་མངའ་བདག་ཁྲི་རལ་པ་ཅན། དེ་དག་གི་སྐབས་སུ་དེང་སང་ང་ཚོས་བརྗོད་བཞིན་པའི་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་གྱུར་ཡོད་པ་ཧ་ཅང་གསལ་པོ་ཡིན།
འདས་པའི་ལོ་མང་གོང་ཨ་རིའི་སློབ་གཉེར་བ་ཁྲིམས་ཀྱི་ཐོག་ལ་ཉམས་ཞིབ་བྱེད་མཁན་ཞིག་ཐུག་བྱུང་། འདི་པས་ཁྲིམས་ཀྱི་མིང་ཚིག་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཉམས་ཞིབ་བྱེད་པའི་སྐབས་སུ་བོད་ཀྱི་མདོ་སྟོད་སྨད་དང་། དབུས་གཙང་བཅས་པའི་ས་ཁུལ་ཁག་གི་ཁྲིམས་ཀྱི་མིང་ཚིག་གཅིག་གྱུར་དུ་འདུག དེའི་ཐོག་ནས་སྔར་བོད་ཀྱི་ས་ཁུལ་དེ་དག་ཡོངས་རྫོགས་ཁྲིམས་གཅིག་གི་འོག་ལ་ཡོད་པ་ཧ་ཅང་གསལ་པོ་འདུག་ཅེས་བརྗོད་བྱུང་། སྔར་ཆོས་རྒྱལ་ཚོའི་སྐབས་སུ་བོད་ཡོངས་རྫོགས་གཅིག་གྱུར་དུ་གནས་ཡོད་པ་གསལ་པོ་རེད། གླང་དར་རྗེས་བོད་སིལ་བུ་ཆགས་པ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ཉམས་ཏེ་ཁ་བྲལ་དུ་སོང་ཡོད། ཡིན་ནའང་མདོ་སྟོད་སྨད་དབུས་གཙང་བཅས་པ་ཆིག་སྒྲིལ་དུ་གནས་ཐུབ་པ་འདི་གང་གིས་བྱུང་བ་ཡིན་ཞེ་ན། དེ་ནི་གཙོ་བོ་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་བྱུང་བ་ཡིན། བར་སྐབས་འདས་པའི་ལོ་དྲུག་ཅུའི་རིང་རྒྱ་དམར་གུང་ཁྲན་ཏང་གིས་བོད་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། འོན་ཀྱང་བོད་མི་རྣམས་སེམས་ཤུགས་མ་ཆག་པར་གནས་ཐུབ་པ་འདི་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་བྱུང་བ་ཡིན། ཤེས་སོང་ངམ། སངས་རྒྱས་ཀྱི་ཆོས་དང་། བོད་ཀྱི་སྐད་ཡིག་ཟུར་དུ་ཡོད་པ་དེ་གཉིས་ཆ་རྐྱེན་གཙོ་བོ་ཆགས་ཡོད།
སྔར་མན་ཇུ་གོང་མས་རྒྱ་ནག་ཡོངས་རྫོགས་དབང་བསྒྱུར་བྱས་ཡོད། འོན་ཀྱང་མན་ཇུ་བ་ཚོས་རྒྱ་མི་རིགས་ཀྱི་ཤེས་ཡོན་དང་རྒྱ་ཡིག་ལ་དང་དོད་བྱས་པ་ལས། མན་ཇུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས་དེང་སང་མི་ས་ཡ་མང་པོའི་ཁྲོད་དུ་མན་ཇུ་མི་རིགས་ཡིན་ཟེར་མཁན་རེ་ཟུང་ལས་མཐོང་རྒྱུ་མེད། ང་ཚོ་བོད་པས་སོ་སོར་ཡི་གེ་ཡོད་པ་འདི་ལ་དགའ་ཞེན་བྱས་པ་དང་། ནང་པའི་ཆོས་ཀྱང་སོ་སོའི་བོད་ཡིག་ནང་ཆ་ཚང་ཡོད་པས་རྒྱ་ཡིག་ལ་རེ་དགོས་ཀྱི་མེད། ལེགས་སྦྱར་གྱི་སྐད་ཡིག་ཀྱང་སྤྱི་ཡོངས་བེད་སྤྱོད་བྱེད་ཀྱི་མེད། ཕྱི་རྒྱལ་གྱི་སྐད་ཡིག་གང་ལའང་རེ་དགོས་ཀྱི་མེད། ང་རང་ཚོའི་སྐད་ཡིག་ནང་ཆ་ཚང་ཡོད་པ་འདིས་སོ་སོའི་མི་རིགས་ཀྱི་རིག་གཞུང་མུ་མཐུད་གནས་རྒྱུར་ཏན་ཏན་ཕན་ཐོགས་བྱུང་ཡོད། ད་ལྟ་ཡིན་ནའང་བོད་མི་རིགས་ཆིག་སྒྲིལ་དང་། སེམས་ཤུགས་ཡོད་པ་འདི་གཙོ་བོ་ཆོས་ཀྱི་ཐོག་ནས་བྱུང་བ་ཧ་ཅང་གསལ་པོ་ཡིན། དེ་དག་ནི་ཡག་ས་ནས་བཤད་པ་ཡིན།
སྡུག་ས་ནས་བཤད་ན། ང་ལ་སེམས་ཁྲལ་གཅིག་འདུག ངས་འཛམ་གླིང་འདིའི་ཐོག་བོད་མི་རིགས་ཞེས་པ་འདིས་སྨོན་ལམ་ཞིག་བརྒྱབ་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་དང་། དངོས་གནས་སེམས་པ་བཟང་པོ་དང་སྙིང་རྗེ་ཡོད་པ། དྲང་པོ་དྲང་བཞག་བྱེད་མཁན་ཞིག་ཡོད་ཅེས་ཁ་ཀེར་ཀེར་བྱས་ནས་ཤོད་ཀྱི་ཡོད། ལོ་གཅིག་ནིའུ་ཡོག་ (New York) ལ་ཕྱི་རྒྱལ་མི་རིགས་ཚོར་ནམ་རྒྱུན་ལྟར་བོད་པ་ཚོ་ཡག་པོ་ཡོད་སྐོར་བཤད་པ་དང་། དེ་ནས་བོད་པ་ཚོ་ཐུག་སྟེ་ཕྱི་མི་ཚོས་བོད་པར་བསྔགས་བརྗོད་དང་གཞན་དང་མི་འདྲ་བའི་མཐོང་དང་དགའ་པོ་བྱེད་ཀྱི་འདུག དེ་ལུགས་ཚང་མས་གཟབ་གཟབ་བྱེད་དགོས་ཞེས་བཤད་པ་ཡིན། ངས་བཤད་པའི་སྐད་ཆའི་དྲོད་མ་ཡལ་གོང་དེ་ཉིན་དགོང་མོར་བོད་པ་གཞོན་སྐྱེས་གཉིས་འཁྲུག་འཛིངས་ཤོར་ནས་གཅིག་བསད་ཡོད། གང་འདྲ་འདུག་གམ། ཕྱི་མི་ཚོ་ག་རེ་བསམ་གྱི་རེད་དམ། ཏཱ་ལའི་བླ་མའི་སྐད་ཆའི་དྲོད་མ་ཡལ་གོང་ནས་འཁྲུག་འཛིངས་བྱས་ནས་མི་གཅིག་བསད་སོང་ཟེར་གྱི་རེད། བཙོན་ཁང་ལ་བཅུག་པ་རེད། ངོ་ཚ་པོ་འདུག ངས་ཁ་ཀེར་ཀེར་བྱས་ནས་བོད་པ་ཚོ་གཞན་དང་མི་འདྲ་བ་ཡོད་ཅེསབཤད། བོད་པའི་ནང་ལ་ཞབས་འདྲེན་ཞུ་དུས་ཡག་པོ་མི་འདུག
དེ་ནས་ཉེ་ཆར་གནས་ཚུལ་གཅིག་ཐོས་པར། ཨ་རི་ཁུལ་དུ་ཡོད་པའི་བོད་པའི་ཕྲུ་གུ་གཅིག་ཆོས་ལུགས་ཁ་ཆེར་བསྒྱུར་ཡོད་འདུག ཁ་ཆེའི་ཆོས་སེམས་ལ་ཕན་པོ་དང་རན་པོ་བྱུང་ཡོད་ན་འགྲིགས་པ་རེད། ཡིན་ནའང་རྩ་བ་ཕྲུ་གུ་ཡོད་སའི་བོད་པའི་སྤྱི་ཚོགས་དང་། དེའི་ནང་ཚན་ནས་ཁོ་པའི་ཁྱིམ་ཚང་གི་ནང་མི་ཚོས་ཕྲུ་གུར་ནང་ཆོས་འགྲེལ་བཤད་ཡག་པོ་བརྒྱབ་མ་ཐུབ་པར་བརྟེན་ཕྲུ་གུས་ནང་ཆོས་གང་འདྲ་ཡིན་མིན་མ་ཤེས་པར་ནང་ཆོས་ལ་སྟོན་པ་གཅིག་ཡོད་པ་དང་། ཡེ་ཤུའི་ཆོས་ལ་སྟོན་པ་གཅིག་ཡོད་པ། ཁ་ཆེའི་ཆོས་ལ་སྟོན་པ་གཅིག་ཡོད་པ། སྨོན་ལམ་རྒྱག་རྒྱུ་ཡོད་པ་བཅས་གཅིག་མཚུངས་ལྟ་བུ་མཐོང་གི་ཡོད་པ་རེད། ཤེས་སོང་ངམ། དེ་དག་ང་རང་ཚོ་ནང་པ་རང་ཉིད་ཀྱིས་ནང་པའི་ཆོས་མ་ཤེས་པ་དང་། མི་གཞན་ལ་ཡང་འགྲེལ་བཤད་བརྒྱབ་མ་ཐུབ་པ་བཅས་ཀྱིས་འཐུས་ཤོར་རེད།
དེང་སང་བོད་ནས་རྒྱ་ནག་ནང་འགྲོ་མཁན་གྱི་མཁན་པོ་དང་བླ་མ་ཡིན་ཟེར་མཁན་དོན་ངོ་མའི་དམིགས་ཡུལ་སློབ་མ་མང་ཙམ་བསྡུས་ནས་དངུལ་བཟོ་རྒྱུ་དང་། དངུལ་བྱུང་བ་དེ་དག་གིས་ཁང་པ་ཆེན་པོ་རྒྱག་པ་དང་། རླངས་འཁོར་གོང་ཆེན་པོ་ཉོ་བ་དེ་འདྲ་བྱེད་ཀྱི་འདུག་ཟེར། དེ་ཚོའི་གྲས་ཀྱིས་གཟབ་གཟབ་ཡག་པོ་མ་བྱས་ན། བོད་ཀྱི་སངས་རྒྱས་ཆོས་ལ་མཐོང་ཕྲན་བུ་ཡོད་པ་དེ་གང་མཚམས་ནས་བརླག་རྒྱུའི་ཉེན་ཁ་ཆེན་པོ་འདུག ཁ་ནས་འདྲ་ཆགས་པོ་བཤད་པ་མ་གཏོགས་དོན་ངོ་མ་ཁོང་ཚོར་དངུལ་དང་སྐྱེས་དམན་དགོས་པ་ལས་གཞན་གང་ཡང་ཡོད་པ་མ་རེད་ཅེས་མི་གཞན་གྱིས་ཤོད་ཀྱི་རེད། ད་ལྟ་བོད་ཀྱི་ནང་པའི་ཆོས་ལ་མཐོང་སླེབས་པའི་སྐབས་ཡིན་པས་ཚང་མས་གཟབ་གཟབ་བྱེད་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་འདི་སེང་གེའི་ཁོག་པར་འབུ་བརྒྱབ་པ་ཇི་བཞིན་ནང་ནས་རིམ་པས་ཉམས་ཞན་དུ་འགྲོ་བ་གསུངས་ཡོད། དེ་ལུགས་གཟབ་གཟབ་བྱེད་དགོས་ཞེས་ཁྱེད་རང་ཚོར་ནན་པོ་བྱས་ནས་ཞུ་འདོད་བྱུང་།
ང་ཚོ་རྒྱ་གར་ནང་ཡོད་པ་ཚོ་དང་། ལྷག་པར་གདན་ས་ཁག་ལ་ཆ་བཞག་ན་བསླབ་པ་སློབ་གཉེར་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ཕྱོགས་ཁ་ཤས་ལ་ལྟ་དུས། བསླབ་པ་སློབ་གཉེར་བྱས་པའི་འབྲས་བུར་དགེ་བཤེས་ཀྱི་མིང་ཐོགས་པ་མང་པོ་ཞིག་ཕྱི་རྒྱལ་ཨ་མི་རི་ཀར་ཌོ་ལར་ (Dollar) ལ་དམིགས་ནས་འགྲོ་བ་ལས། སོག་པོའི་ལུང་པ་ལྟ་བུར་འགྲོ་མཁན་མི་འདུག གང་ཡིན་ཟེར་ན། དེ་ཁུལ་ལ་ཌོ་ལར་མེད་པ་རེད། ཕ་མེས་དུས་ནས་ནང་པ་ཡིན་ཞིང་ནང་ཆོས་ལ་དད་པ་བྱེད་མཁན་གྱི་འགྲམ་ལ་འགྲོ་མཁན་མི་འདུག ཨ་མི་རི་ཀ་དང་ཁེ་ཎ་ཌ། ཡུ་རོབ་ཁུལ་བཅས་སུ་ཌོ་ལར་ལ་བལྟས་ནས་འགྲོ་མཁན་གང་ཙམ་འདུག དེ་ནི་ཆ་རྐྱེན་གཅིག་ཚང་གི་མེད་པ་རེད། གཞུང་པོ་ཏི་ལྔ་ལ་སྦྱངས་པ་བྱས་ཏེ་ཁ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཞེས་ཚར་བརྒྱ་ཕྲག་དང་སྟོང་ཕྲག་བཤད་ཀྱང་། དོན་ངོ་མ་དངུལ་མ་གཏོགས་བསམ་རྒྱུ་མེད་པ་ཆགས་ན་དེ་ནི་ཞབས་འདྲེན་དང་། ནོར་འཁྲུལ། མ་ལྡང་བའི་ཆ་ཡིན། པོ་ཏི་ལྔ་ལ་ལོ་བཅུ་བཅོ་ལྔ་སྦྱངས་ནས་ད་དུང་བསམ་བློའི་ནང་ཚེ་འདི་དོན་གཉེར་གྱི་བསམ་བློ་མ་གཏོགས་མེད་ན་ཞབས་འདྲེན་རེད།
སྔོན་མ་ངས་ཞུ་རྒྱུ་བྱུང་བ་དེའི་ཐད་ཁྱེད་རང་ཚོས་ངེས་པར་དོ་སྣང་བྱེད་དགོས། ཕྱི་རྒྱལ་ལ་འགྲོ་ཆོག་གི་མ་རེད་ཅེས་བཀག་འགོག་བྱེད་ཐབས་མེད། སེམས་ཀྱི་ནང་ནས་དགོན་པ་རང་ལ་བསྡད་དེ་མུ་མཐུད་རང་གིས་གང་ཤེས་པ་རྣམས་གཞོན་པ་ཚོར་སྤེལ་རྒྱུ་དང་། སོ་སོ་ཁ་འདོན་དགེ་སྦྱོར་དང་སྒྲུབ་པ་ཉམས་ལེན་སྤུས་དག་པོ་བྱེད་མཁན་དེ་ཚོ་གྲྭ་ཚང་ཚོས་ཕྱི་རྒྱལ་ཁག་ལ་གཏོང་གི་ཡིན་ན། ཁོང་ཚོས་འདིར་སྡོད་རིང་ཆོས་ཀྱི་ཉམས་ལེན་ཡག་པོ་བྱས་ཡོད་སྟབས་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་ནང་སླེབས་རྗེས་ཞབས་འདྲེན་ཞུ་ཡི་མ་རེད། ལོ་གཅིག་གནས་ཚུལ་ཞིག་བྱུང་བ་ཕལ་ཆེར་སྒོ་མང་བ་ཡིན་པ་ཡོད། སྒོ་མང་ནས་གྲྭ་པ་གཉིས་ནིའུ་ཇར་སིའི་ (New Jersey) སོག་པོ་དབང་རྒྱལ་ཡོད་ས་དེར་བཏང་བ་ལག་འཁྱེར་ཞུ་རོགས་ང་ཚོས་བྱས་ཡོད། ཕར་སླེབས་ནས་འཐོམ་མ་སངས་བར་དེ་གར་བསྡད། འཐོམ་སངས་པ་དང་དེ་ནས་ཐོན་སོང་བ་གང་དུ་ཡོད་མེད་མི་ཤེས་པའི་གནས་ཚུལ་བྱུང་ཡོད། དེ་ནི་ཞབས་འདྲེན་ཡིན། དེ་ཚོའི་གྲས་རྩ་བ་གྲྭ་ས་རང་ལ་སྡོད་སྐབས་གཤིས་རྒྱུད་ཆོས་དང་འདྲེས་པའི་སློབ་ཁྲིད་བྱས་ཡོད་ན་དེ་འདྲ་ཡོང་གི་མ་རེད། འོན་ཀྱང་ང་ཚོས་འཐུས་ཤོར་སོང་ཡོད། ང་རང་ཚོ་སྣང་བ་དག་ནས་སྡོད་པ་འདི་མ་ལྡང་བའི་རྐྱེན་གཅིག་མཐོང་གི་འདུག
བོད་ནང་གི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་པ་ཁག་གི་སློབ་གཉེར་ལ་ཤུགས་རྒྱག་རྒྱུའི་ཐད་ཁ་སང་ཁ་ཉིན་ཞུས་པ་ལྟར་དེང་སང་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་པ་ལྟ་བུ་འདུག ཁ་སང་ངས་རྫོགས་ཆེན་གྱི་བླ་མ་ཁ་ཤས་ཐུག་པ་ཁོང་ཚོ་དེ་རིང་འདིར་སླེབས་ཡོད་དམ། ཁ་སང་སྐད་ཆ་བྱུང་བ་ལྟར་སྔོན་མ་ཀརྨ་པ་ཞིང་གཤེགས་དམ་པ་སྐུ་བཞུགས་སྐབས་རིན་པོ་ཆེས་ང་ལ་གསུངས་པ་དང་། དེ་རྗེས་པད་ནོར་རིན་པོ་ཆེས་ཀྱང་ང་ལ་གསུངས་བྱུང་། རྙིང་མ་དང་བཀའ་བརྒྱུད་པ་རིགས་ཁ་ཤས་ཀྱི་རྒྱུན་གྱི་གོམས་གཤིས་ལ་མཚན་ཉིད་བལྟས་ན་དེས་རྣམ་རྟོག་རྒྱ་བསྐྱེད་དེ་བསྒོམ་བརྒྱབ་རྒྱུར་གནོད་ཀྱི་ཡོད་པ་གསུང་གི་ཡོད། དེ་ནི་དཔྱད་འཇོག་གི་སྒོམ་གཉིས་ཀྱི་ནང་ནས་འཇོག་སྒོམ་གཙོ་བོ་གསུང་མཁན་ཚོས་དཔྱད་པ་མང་དྲགས་ན་སེམས་རྩེ་གཅིག་པར་འགལ་རྐྱེན་ཡོང་གི་རེད་ཅེས་རྒྱུ་མཚན་གཅིག་དེ་ཡིན་འདུག དེའི་ཐད་སྔོན་མ་ཀརྨ་པ་རིན་པོ་ཆེས་ང་ལ་བཀའ་བརྒྱུད་པའི་བླ་མ་ཚོས་མཚན་ཉིད་རྩོད་རྒྱུར་མཉེས་པོ་གནང་གི་མི་འདུག་ཀྱང་། རིན་པོ་ཆེ་ཁོང་ཉིད་ནས་མཚན་ཉིད་རྩོད་རྒྱུར་ཐུགས་སྣང་ཆེན་པོས་འབད་བརྩོན་གནང་གི་ཡོད་ཅེས་གསུངས་བྱུང་།
ཡང་པད་ནོར་རིན་པོ་ཆེས་ང་ལ་རྫོགས་ཆེན་གྱི་བླ་མ་མང་པོས་པད་ནོར་རིན་པོ་ཆེས་བཤད་གྲྭ་བཙུགས་ནས་རྟགས་གསལ་བསླབ་པ་འདི་ལ་ཐུགས་མཉེས་པོ་གནང་གི་མི་འདུག་ཀྱང་། རིན་པོ་ཆེ་ཁོང་ཉིད་ཀྱིས་སེམས་ཐག་བཅད་ནས་བཙུགས་པ་ཡིན་གསུང་གི་འདུག དེ་ལྟར་བཀའ་བརྒྱུད་དང་རྙིང་མའི་ནང་ནས་རིགས་ཁ་ཤས་ཀྱིས་དེ་སྔ་གཞུང་ཆེན་མོ་ཁྲིད་རྒྱུ་དང་། ལྷག་པར་རིགས་ལམ་ཐོག་ནས་སློབ་ཁྲིད་བྱ་རྒྱུར་དོ་སྣང་དེ་ཙམ་ཡོད་བཟོ་མི་འདུག དེ་ཚོའི་གྲས་ལ་ངས་དེ་སྔོན་ཞུས་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་ཞག་རྩི་ངོ་མ་རིགས་ལམ་འགྲེལ་བཤད་ཀྱི་ཐོག་ནས་བསྟན་ཐུབ་པ་ཞིག་བྱུང་ན། དེ་ལ་མི་གཞན་གྱིས་དོ་སྣང་དང་ཆ་འཇོག་བྱེད་ཀྱི་རེད། དེ་མིན་ཞེས་གསུངས་པའི་ཕྱིར་ཞེས་ལུང་དྲངས་ན་ནང་པ་མིན་པ་ཞིག་ལ་ཕན་ཐོགས་རྩ་བ་ནས་མེད། བླ་མའི་ཕྱག་བཞེས་ཡིན། བླ་མས་གསུང་གི་འདུག་ཅེས་བཤད་ན་མི་ཚོ་གད་མོ་ཤོར་གྱི་རེད། དེ་འདྲ་ཡིན་དུས་རིགས་པ་འབའ་ཞིག་གི་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་ཐུབ་པ་ཞིག་དགོས་པ་ལས། ལུང་རྐྱང་པ་དང་བླ་མའི་མན་ངག་ཡིན་ཞེས་བརྗོད་པས་འགྲིགས་ཐབས་མེད། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་གཞུང་ཆེན་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་རྟག་པར་ཞུ་ཡི་ཡོད། དཔེར་ན་རྙིང་མའི་དགོན་པ་ལྟ་བུར་ཆ་བཞག་ན། རྩ་བའི་མཁན་སློབ་ཆོས་གསུམ་གྱི་སྐབས་ནས་སྔར་འགྱུར་ཡོད་པ་ཞིག་རེད། མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་གཞུང་ཆེན་བཅུ་གསུམ་ནང་ཡོད་པ་དེ་གཟིགས་ཀྱི་ཡོད་པ་ཧ་ཅང་ཡག་པོ་རེད། མཁན་ཆེན་ཞི་བ་འཚོས་ཚད་ཆེན་ཚད་མའི་དེ་ཁོ་ན་ཉིད་དུ་བསྡུས་པ་ཞེས་པ་ཞིག་ཁོང་གིས་མཛད་ཡོད། དེ་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་ཡོད་པ་རེད། སློབ་དཔོན་ཀ་མ་ལ་ཤཱི་ལས་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་ཆེ་ཐག་ཆོད་ཅིག་བརྩམས་ཡོད། དེ་ཚོའི་གྲས་དགེ་ལུགས་ཀྱི་དགོན་པ་ཚོས་དེ་ཙམ་གཟིགས་ཀྱི་མེད། རྣམ་དཔྱོད་ཡོད་པ་ཚོས་གཟིགས་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་མཁན་སློབ་ཆོས་གསུམ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཚོས་གཞུང་དེ་ཚོའི་གྲས་གཟིགས་རྒྱུ་གལ་ཆེན་པོ་ཡིན། རིགས་གཏེར་དགེ་ལུགས་པས་ལུང་འདྲེན་བྱེད་པ་ལས་དེ་ཙམ་ཡོད་པ་མ་རེད། ཁྱེད་རང་ཚོས་དེ་དག་ངེས་པར་གཟིགས་ཐུབ་ན་གནད་འགག་ཡོད། བོད་ཀྱི་མཁས་པའི་གཞུང་ལ་ཆ་བཞག་ན་ཀུན་མཁྱེན་ཀློང་ཆེན་པའི་གྲུབ་མཐའ་མཛོད་ངས་གལ་ཆེན་པོ་མཐོང་གི་ཡོད། ཐེག་པ་རིམ་པ་དགུ་ཆ་ཚང་གི་འགྲེལ་བཤད་ཧ་ཅང་ཡག་པོ་ཡོད།
རྫོགས་ཆེན་པ་ཡིན་ན་ལམ་སང་ཆོས་ཉིད་མཛོད་དང་། ཐེག་མཆོག་མཛོད། སྙིང་ཐིག་སོགས་ཀྱི་ཐོག་ཕྱིན་ན་ས་ཆོད་ཆེན་པོ་ཡོང་གི་མ་རེད། ཤེས་སོང་ངམ། རྩ་བའི་ཐེག་པ་རིམ་དགུ་ནི་གང་ཟག་གཅིག་གིས་སྟན་ཐོག་གཅིག་ལ་ལམ་ཉམས་ལེན་བྱེད་རྒྱུ་ཞིག་ཡིན། དཔེར་ན་ལུང་ཨ་ནུ་ཡོ་གའི་ཚོགས་ཆེན་ནང་རིམ་པ་བྱས་ཏེ་གནང་རྒྱུ་ཡོད། ཉན་ཐོས། རང་རྒྱལ། གང་ལྟར་རྫོགས་པ་ཆེན་པོ་ཡིན་ན་ལམ་སང་ཁྲེགས་ཆོད་དང་། སྙིང་ཐིག་ཡ་བཞི་ཞུས་ནས་འགྲོ་རྒྱུ་ཞིག་ཕལ་ཆེར་མ་རེད། ངེས་པར་གཞུང་ཆེན་པོ་དེ་དག་གཟིགས་ནས་ཐེག་པ་རིམ་པ་དགུའི་གོ་བ་ཆགས་པ་དང་། གནད་འགག་ཤེས་པ་བྱས་ནས་འོག་མ་འོག་མའི་ཁྱད་ཆོས་གོང་མ་གོང་མར་ཡར་ལྡན་གྱི་ཚུལ་དུ་ཡོད་པ་བྱེད་དགོས། དེ་མིན་སེམས་རབ་འབྱེད་དང་ཡེ་ཤེས་རབ་འབྱེད་ཁ་བྲལ་ནས་གང་ཡང་མ་བྱས་གོང་ནས་ཡེ་ཤེས་རབ་འབྱེད་བརྗོད་པ་ཡིན་ན་རན་པོ་ཡོང་གི་མ་རེད། ངེས་པར་གཞུང་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། ཁྱེད་རང་ཚོ་ཁ་ཤས་ལ་ཐུགས་རྒྱུས་ཡོད་ཀྱི་རེད། མཁན་པོ་རིན་ཆེན་ལ་ཆ་བཞག་ན་ཁོང་རང་ལུགས་ས་སྐྱ་རེད། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་གནང་ནས་རྫོགས་ཆེན་ཉམས་བཞེས་གནང་གི་ཡོད། ཁོང་རྟགས་གསལ་ལ་ཧ་ཅང་མཉེས་པོ་ཡོད། ཕྱིས་སུ་མ་སུ་རིར་ང་ཚོའི་གཙུག་ལག་སློབ་གྲྭ་ཚུགས་སྐབས་མཁན་པོ་རིན་ཆེན་གྱིས་མཁན་པོ་གཞན་རྣམ་པ་ཚོ་དང་ལྷན་དུ་རྩོད་པ་རྩོད་རྒྱུར་ཧ་ཅང་མཉེས་པོ་གནང་གི་ཡོད།
ཁྱེད་ཚོས་ཁོང་གི་རྣམ་ཐར་མཇལ་མྱོང་ངམ། མ་མྱོང་ན་མཁན་པོ་རིན་ཆེན་གྱི་རྣམ་ཐར་ལ་ལྟོས་དང་། རྣམ་ཐར་ནང་ལ་དགེ་ལུགས་པར་ཚད་མའི་རིགས་ལམ་ཧ་ལས་པ་འདུག་ཅེས་བསྟོད་བསྔགས་ཆེན་པོ་གནང་ཡོད། གཞུང་ལ་དོ་སྣང་ཡོད་ན་གཞུང་ཆེན་ལྟ་མཁན་ནང་ཁུལ་སློབ་གྲོགས་གཅིག་པའི་འདུ་ཤེས་ཡོང་གི་ཡོད། གཞུང་ལ་འབྲེལ་བ་རྩ་བ་ནས་མེད་ན་བཀའ་བརྒྱུད་པ་ཡིན་ན་ཕྱག་ཆེན་དང་། ན་རོ་ཆོས་དྲུག་དེ་འདྲ་ཁོ་ནའི་ཐོག་ལ་འགྲོ་བ་དང་། ས་སྐྱ་ཡིན་ན་ལམ་འབྲས་ཁོ་ནའི་ཐོག་འགྲོ་བ། རྙིང་མ་ཡིན་ན་ཁྲེགས་ཆོད་ཁོ་ནའི་ཐོག་འགྲོ་བ་བཅས་ལས། སྤྱི་ཡོངས་ཐུན་མོང་གི་གཞུང་དེ་དག་མེད་པ་ཡིན་དུས་སྐྱོན་གཅིག་འདུག་ཅེས་ང་ཞུ་འདོད་བྱུང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པས་སོ་སོའི་རང་གཞུང་གཙོ་བོ་བྱེད་པ་དང་ཆབས་ཅིག་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ལ་རྒྱུས་མངའ་ཡོད་པ་དང་། འབྲེལ་བ་ཡོད་པ་ཞིག་བྱུང་ན་ཡག་པོ་ཡོད།
དེ་ནས་ཞུ་རྒྱུ་གཅིག་དོལ་རྒྱལ་གྱི་རྙོག་དྲ་འདི་ཡིན། དོལ་རྒྱལ་བསྟེན་མཁན་ཚོས་གཞན་དག་ཕར་བཞག་དོལ་རྒྱལ་བསྟེན་མཁན་དགེ་ལུགས་པ་གཅིག་གི་ཤག་ནང་རྙིང་མའི་དཔེ་ཆ་བཞག་ན་དོལ་རྒྱལ་གྱིས་གནོད་ཀྱི་རེད་ཅེས་ཤོད་ཀྱི་ཡོད། མཁྱེན་སོང་ངམ། སྔོན་མ་ང་ལ་བྱུང་མྱོང་བ་ཞིག་ལ། རྡ་སར་ས་ཝ་ཨ་ཤྭ་རམ་ལ་སྡོད་དུས་དགོང་མོ་ཞིག་རྨི་ལམ་ལ་ང་སྡོད་སའི་ཅོག་རྩེའི་ཐོག་མི་ཞིག་གིས་སྤྲད་པའི་བཀའ་ཐང་སྡེ་ལྔ་ཞིག་ཡོད། རྨི་ལམ་ནང་ཁ་ཆེ་ཞིག་ཡོང་ནས་དེ་འཁྱེར་ཕྱིན་སོང་། དེ་རྗེས་དགེ་བཤེས་རབ་བརྟན་ཐུག་དུས་ང་ལ་རྨི་ལམ་འདི་འདྲ་ཞིག་བཏང་བྱུང་ཞེས་བརྗོད་པར་ཁོང་གིས། ཨོ། དེ་ཤུགས་ལྡན་རེད་ཅེས་བཤད་བྱུང་། དེ་ཙམ་དུ་མ་ཟད་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་བསམ་གྱིས་མི་ཁྱབ་པའི་མཁས་པ་དང་། བྱང་ཆུབ་སེམས་ཀྱི་ཉམས་བཞེས་མཐིལ་ཕྱིན་གནང་མཁན་གྱི་མཁས་གྲུབ་གཉིས་ལྡན་ཞིག་རེད། ཁོང་གི་སྐུ་མདུན་ནས་ངས་བྱང་ཆུབ་སེམས་འགྲེལ་དང་། སྤྱོད་འཇུག་ཞུས་པ་ཡིན། ད་དུང་རྒྱུད་གསང་བ་སྙིང་པོ་ཞུ་འདོད་བྱུང་། དེ་དུས་ངས་བཀའ་ཆོས་གང་ཞུ་རྒྱུ་ཡིན་པ་ཡོངས་འཛིན་གླིང་རིན་པོ་ཆེར་སྙན་སེང་ཞུ་ཡི་ཡོད།
ཡོངས་འཛིན་གླིང་རིན་པོ་ཆེར་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་རྒྱུད་གསང་བ་སྙིང་པོ་ཞུ་འདོད་འདུག དེ་ནི་གསང་འདུས་རྩ་རྒྱུད་དང་འདྲ་བའི་ཧ་ཅང་ཡག་པོ་འདུག་ཅེས་ཞུས་པར། ཡོངས་འཛིན་རིན་པོ་ཆེས་སྔོན་ལ་གཟབ་གཟབ་བྱས་ན་ཡག་གི་རེད་གསུང་གི་འདུག དེ་ནི་གཞན་གང་ཡང་མ་ཡིན་པར་ཡོངས་འཛིན་རིན་པོ་ཆེ་སྐྲག་པ་གནང་གི་ཡོད། ངས་རྙིང་མའི་ཆོས་ཞུས་ན་རྒྱལ་པོ་ཤུགས་ལྡན་གྱིས་གནོད་ཡོང་དགོངས་ཀྱི་ཡོད་པ་རེད། དེང་སང་ཤུགས་ལྡན་བསྟེན་གསོལ་བཀག་འགོག་བྱེད་པ་འདིས་ཆོས་དད་རང་མོས་མེད་པ་བཟོ་གི་འདུག་ཤོད་ཀྱི་ཡོད། དོན་དངོས་ཤུགས་ལྡན་བསྟེན་ན་ཆོས་དད་རང་མོས་ཡོང་གི་མེད། ང་རང་ལ་ཆ་བཞག་ན་ཆོས་དད་རང་མོས་མ་བྱུང་། ཆོས་དད་རང་མོས་བཀག་འགོག་བྱེད་མཁན་དེ་བཀག་ན་དགག་པ་ཉིད་ཀྱིས་རྣལ་མ་བསྟན་པ་རེད། སོ་སོའི་དད་མོས་ལྟར་རིས་མེད་ཀྱི་ཆོས་བྱས་ན་འགྲིག་གི་མ་རེད་ཟེར་མཁན་དེ་བཀག་འགོག་བྱེད་དུས་རིས་མེད་ཀྱི་ཆོས་བྱེད་ཆོག་པ་ཡོང་གི་ཡོད། ཤེས་སོང་ངམ། དངོས་གནས་བྱས་ན་དགག་པ་ཉིད་ཀྱིས་རྣལ་མ་སྟོན་པ་ཡིན་དུས་རིས་མེད་བྱས་ན་འགྲིག་གི་མ་རེད་ཟེར་མཁན་དེ་བཀག་ནས་བྱེད་ཆོག་པ་ཆགས་དུས་ཆོས་དད་རང་མོས་ཡོང་གི་ཡོད། དེར་བརྟེན་ངས་དོལ་རྒྱལ་བཀག་འགོག་བྱས་པ་འདི་ཆོས་དད་རང་མོས་སྲུང་སྐྱོབ་བྱས་པ་ལས། ཆོས་དད་རང་མོས་མེད་པ་བཟོས་པ་མིན། ལར་ནས་དོལ་རྒྱལ་བསྟེན་པ་ནི་དྲེགས་པ་བསྟེན་པ་ཞིག་ཡིན་པས་དེ་ནི་ཆོས་མིན། ཤེས་སོང་ངམ། དེ་འཕྲོས་བཤད་ཡིན།
དོལ་རྒྱལ་གྱི་རྙོག་དྲ་གཅིག་ནི་རིས་མེད་བྱེད་རྒྱུར་དགག་པ་རྒྱག་གི་ཡོད། རིས་མེད་དགོས་པ་ཡིན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པར་མཚོན་ན་ཕལ་ཆེར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་སྐུ་མདུན་ནས་གསུང་ཆོས་གསན་ཡོད། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་རྗེ་རིན་པོ་ཆེར་དགག་པ་བརྒྱབ་ཡོད། གསན་སོང་ངམ། ཁོང་འདུལ་བ་འཛིན་པ་ཆེན་པོ་རེད། དགེ་འདུན་རྒྱ་མཚོར་མཚོན་ན་དེ་བས་ཀྱང་རིས་མེད་གནང་མཁན་ཞིག་རེད། སྐབས་དེ་དུས་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་པའི་མཚན་ཐོགས་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་གཡང་པ་ཆོས་རྗེས་མཛད་པ་དེའི་ནང་ཡོད་པ་ཡོངས་གྲགས་ཡིན། སྐུ་ཆུང་ཆུང་སྐབས་ནས་རིས་མེད་གནང་མཁན་ཞིག་རེད་འདུག ཁོང་རང་གི་ཡབ་ཚང་བཀའ་བརྒྱུད་པ་རེད། བསོད་ནམས་རྒྱ་མཚོ་ནི་མགོན་པོ་གུར་ཞལ་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། དེ་ཡང་ས་སྐྱ་ནས་གསན་ཡོད། ༸གོང་ས་ལྔ་པ་ཆེན་པོ་ནི་རིས་མེད་གནང་མཁན་ཡིན་པ་ཡོངས་གྲགས་རེད། བཀའ་བརྒྱུད་པའི་གཞུང་དེ་ཙམ་གསན་ཡོད་པ་མ་རེད། སྐུ་མདུན་སྐུ་གོང་མ་བཅུ་གསུམ་པ་ཆེན་པོར་མཚོན་ན། སྔོན་མ་མཚན་ཞབས་དངོས་གྲུབ་མཆོག་བརྙེས་ཀྱིས་ང་ལ་གསུངས་པར། ཁོང་དང་དགོན་པ་གསར་སྐུ་གོང་མ་གཉིས་ཐུགས་ཧ་ཅང་ཉེ་པོ་ཡིན་པ་དང། དགོན་པ་གསར་སྐུ་གོང་མ་རྟ་མགྲིན་ཡང་གསང་ཉམས་བཞེས་ཐུན་མོང་མ་ཡིན་པ་གནང་མཁན་ཞིག་ཡིན། རྒན་དངོས་གྲུབ་མཆོག་བརྙེས་ཀྱིས་དགོན་པ་གསར་སྐུ་གོང་མའི་སྐུ་མདུན་ནས་རྟ་མགྲིན་གྱི་ཆོས་འཁོར་གསན་པ་ཡིན་གསུང་གི་འདུག དགོན་པ་གསར་སྐུ་གོང་མས་རྒན་ལ་གསུངས་པར། སྐུ་མདུན་སྐུ་གོང་མས་ཕྱིའི་ཡི་དམ་འཇིགས་བྱེད་དཔའ་བོ་གཅིག་པ་གནང་གི་ཡོད་ཀྱང་། ནང་གི་ཐུགས་དམ་གཙོ་བོ་ཕུར་པ་གནང་གི་ཡོད་ཅེས་གསུངས། གང་ལྟར་༸རྒྱལ་བ་གོང་མ་ཚོའི་ནང་ནས་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དགེ་ལུགས་གཙང་མ་རེད།
༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དེ་འདྲའི་མཁས་གྲུབ་གཉིས་ལྡན་བཟོ་བ་གནང་མཁན་ཁྲི་ཆེན་ངག་དབང་མཆོག་ལྡན་རེད། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་ལ་དགག་པ་གནང་གི་ཡོད། དོལ་རྒྱལ་ཞེས་པ་ཤུགས་ལྡན་གྱི་མིང་ཡིན་པ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་དེ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པ་གཉིས་ནང་མིང་དོལ་རྒྱལ་ཞེས་འཁོད་འདུག ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་དེ་སྔོན་རྒྱལ་འགོང་གདུག་པ་ཅན་ཞིག་བྲག་གསེབ་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང་། བླ་ཟུར་དང་ཁམས་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང་། བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབ་འདུག་པ་རྣམས་མི་འཚམ་པ་ཆེན་པོར་གཟིགས་ནས། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དུས་ནས་བཟུང་དགོན་གནས་འདིའི་ནང་དུ་འཇིག་རྟེན་པའི་ལྷ་སྲུང་སྣ་ཚོགས་བསྟེན་པའི་ཕྱག་སྲོལ་མེད་པས་ཕྱིན་ཆད་དེ་རིགས་གཏན་ནས་བྱེད་མི་ཆོག་ཅེས་ཚོགས་སུ་བསྒྲགས། ཞེས་དམ་དྲག་གནང་ཡོད། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་། རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས་རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས་འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་སྐོར་ལམ་ནང་དུ་མ་ཆུད་ཅིང་། ཞེས་འཁོད་པ་ལྟར་ལྷ་ཐོ་དེ་དགོན་གཤམ་གྱི་ནགས་ཁྲོད་དུ་ཡོད། ༸རྒྱལ་མཆོག་བདུན་པ་ཆེན་པོ་དགེ་ལུགས་གཙང་མ་གནང་མཁན་ཞིག་གིས་རང་གི་ཡོངས་འཛིན་ནས་དོལ་རྒྱལ་སྐོར་གསལ་པོ་གསུངས་པར་བརྟེན་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བ་དེ་བསྟེན་གསོལ་རྩ་བ་ནས་གནང་མེད་པ་གསལ་པོ་རེད། དེ་དག་འཕྲོས་བཤད་ཡིན།
ཆོས་ལུགས་རིས་མེད་བྱ་རྒྱུ་གལ་ཆེན་པོ་ཡིན། ཤེས་སོང་ངམ། ཡང་ངས་དཔེ་གཞན་ཞིག་བརྗོད་ན། ང་ཚོ་ས་ཝ་ཨ་ཤྭ་རམ་ནས་ཕོ་བྲང་གསར་པར་སྤོས་རྗེས་ཁུ་ནུ་བ་ཕལ་ཆེར་གྲྭ་པ་མིན་ནམ། ཁུ་ནུ་བའི་ཕྱུ་པའི་སྟེང་ལ་གཟན་འདྲ་པོ་གྱོན་པའི་སྤོ་བོ་ལགས་གཅིག་ཐུག་བྱུང་། ཆོས་པ་ཡག་པོ་ཞིག་འདུག ཁོང་གིས་ང་ལ་སེམས་ཁྲིད་ཅིག་གནང་རོགས་ཟེར་གྱི་འདུག ངས་ཤེས་ཀྱི་མེད། དེ་དུས་ཁུ་ནུ་བླ་མ་རིན་པོ་ཆེ་བཞུགས་ཡོད། ཁྱེད་རང་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ལ་ཕྱིན་ནས་སེམས་ཁྲིད་ཞུས་ན་ཡག་གི་རེད། ཅེས་བཤད་པ་ཡིན། རྗེས་སུ་བསམ་བློ་གཏོང་དུས། སྤོ་བོ་ཆོས་པ་ཡག་པོ་ཞིག་འདུག འོན་ཀྱང་གྲུབ་མཐའ་གཙང་མ་ཟེར་བ་འདིའི་འོག་ནས་ངས་དཔེ་ཆ་དེ་བལྟ་རྒྱུ་མ་བྱུང་བས་ཤེས་ཀྱི་མེད། མངོན་རྟོགས་རྒྱན་གྱི་ནང་ལ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། ཞེས་གསུངས་པ་འདི་ང་ལ་ཚང་མི་འདུག་བསམ་བྱུང་། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་དང་། རང་རྒྱལ་གྱི་ལམ་བསྒོམ་དགོས་པ་མེད། ཡིན་ནའང་བྱང་ཆུབ་སེམས་དཔའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་ཡོང་གི་ཡོད་པ་དེ་དག་ལ་ལམ་བསྟན་ཐུབ་པ་དགོས་སྟབས། ལམ་ཐམས་ཅད་བསྐྱེད་པར་བྱ། ལམ་ཐམས་ཅད་ཤེས་པར་བྱ་ཞེས་གསུངས་པ་དེ་ལ་ཐུག་ཡོད། བྱང་ཆུབ་སེམས་དཔའ་པ་ཐེག་ཆེན་གྱི་གཞུང་ཁོ་ན་ལས་གཞན་མི་ཤེས་མཁན་ཞིག་གི་མདུན་ལ་ཉན་རང་གི་བག་ཆགས་ཡོད་པ་ཞིག་སླེབས་ན། ངས་ཤེས་ཀྱི་མེད་ཁྱེད་རང་སོང་ཞིག་ཅེས་བརྗོད་ན་བྱང་ཆུབ་སེམས་པས་གཞན་དོན་བྱེད་ཐུབ་མེད། དེ་དང་གཅིག་མཚུངས་ཡིན་སྟབས་ང་རང་སེམས་གང་ཙམ་སྐྱོ་བྱུང་། དེ་འདྲའི་རྐྱེན་མང་པོ་ཞིག་འཛོམས་པར་བརྟེན་རིས་མེད་ཀྱི་གཞུང་སྦྱང་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་བྱུང་།
ཡོ་རོབ་ཁུལ་དུ་བོད་ཀྱི་ནང་ཆོས་ཐོག་མར་དར་སྐབས་ཕྱི་རྒྱལ་གྱི་མི་དེ་ཚོས་ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་རྙིང་མ་པ་ཡིན། ང་ཚོ་དགེ་ལུགས་པ་ཡིན། ང་ཚོ་ས་སྐྱ་པ་ཡིན་ཞེས་ཕྱོགས་འཛིན་དམ་པོ་བྱེད་པ་དང་། བཀའ་བརྒྱུད་ནང་ལ་ཆ་མཚོན་ནའང་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན། ང་ཚོ་ཀཾ་ཚང་བཀའ་བརྒྱུད་ཡིན། ང་ཚོ་འབྲུག་པ་བཀའ་བརྒྱུད་ཡིན་ཟེར། སྟག་ལུང་བཀའ་བརྒྱུད་མང་པོ་མེད། དེ་མིན་བཀའ་བརྒྱུད་ནང་ཁུལ་ལའང་ཕྱོགས་འཛིན་བྱེད་ཀྱི་འདུག དེ་དུས་ངོས་ནས་དེ་འདྲ་བྱེད་རྒྱུ་མེད། བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མ་སྟོན་པ་གཅིག་གི་རྗེས་འབྲངས་དང་། ཚང་མ་མཁས་གྲུབ་གཉིས་ལྡན། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཉམས་བཞེས་གནང་མཁན་ཤ་སྟག་རེད་ཅེས་བཤད་པ་ཡིན། ང་ཚོས་ཤེས་ཀྱི་མེད། བོད་པའི་བླ་མས་བསླབ་བྱུང་ཞེས་བརྗོད་ཀྱི་འདུག བཀའ་བརྒྱུད་པ་ཡིན་ན་བཀའ་བརྒྱུད་པའི་བླ་མའི་མདུན་ནས་ཆོས་ཞུས་པ་མ་གཏོགས། དགེ་ལུགས་པའི་བླ་མ་དང་། རྙིང་མའི་བླ་མའི་མདུན་ནས་ཆོས་ཞུས་ན་འགྲིག་གི་མ་རེད་ཅེས་བོད་པའི་བླ་མས་རྗོད་ཀྱི་འདུག་ཅེས་ང་ལ་བཤད་བྱུང་། བོད་ནང་ལ་ཡང་དེ་དེ་བཞིན་དང་། ལྷག་པར་རྒྱ་ནག་ནང་དེང་སང་བོད་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་སླེབས་པའི་སྐབས་སུ་རིམ་པས་རྒྱ་མི་བོད་ཀྱི་ནང་ཆོས་སློབ་སྦྱོང་དང་། རྒྱུས་ཡོད་མཁན་དེ་ཚོའི་གྲས་ཀྱིས་བོད་པའི་བླ་མ་ནང་ཁུལ་རྩ་བ་ནས་འཆམ་གྱི་མ་རེད་ཟེར་བ་ལྟ་བུ་བྱུང་ན་ཞབས་འདྲེན་རེད། ཤེས་སོང་ངམ། མི་གཞན་ལ་དེའི་ཁམས་དང་མོས་པ་དང་འཚམས་པའི་ཆོས་ཞིག་སྟོན་པ་ལ་ཐོག་མར་རང་གིས་ཚང་མ་ཤེས་པ་བྱེད་དགོས། དེར་བརྟེན་རིས་མེད་ལ་དོ་སྣང་དང་སློབ་སྦྱོང་ཤུགས་ཆེ་ཙམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག
དོན་ཚན་གཉིས་པ་ནི། འཛམ་གླིང་འདིའི་ཐོག་ནང་པའི་ཆོས་ལ་མཐོང་ཆེན་པོ་སླེབས་པའི་སྐབས་འདིར་ང་ཚོ་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་། བཅོམ་ལྡན་འདས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཚོའི་ངོས་ནས་ནང་ཆོས་ཀྱི་མཚན་མཐོང་ལ་ཕན་པ་བྱེད་དགོས་པ་དང་། མཚན་མཐོང་ལ་གནོད་པའི་ཞབས་འདྲེན་གྱི་རིགས་ལ་དམིགས་སུ་བཀར་ནས་ཡིད་གཟབ་མ་བྱས་ན་ཡག་པོ་མེད་ཅེས་ངས་རྒྱ་གར་གྱིས་མཚོན་པའི་ཕྱི་རྒྱལ་ཁག་ལ་ཡོད་པ་དང་། བོད་ནང་ཡོད་པ་བཅས་ཚང་མར་ཞུ་འདོད་བྱུང་། ཁ་སང་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་འདུ་ཆེན་པོ་ཞིག་ཚོགས་པ་དེའི་ཐོག་ངོས་ནས་དེང་སང་འཛམ་གླིང་འདིའི་ཐོག་ནང་པའི་ཆོས་ལ་མཐོང་དང་ཆ་འཇོག་ཆེ་རུ་ཆེ་རུ་འགྲོ་བའི་སྐབས་འདིར་ང་ལ་སེམས་ཁྲལ་གཅིག་འདུག དེ་ནི་ཆོས་འཆད་སྤེལ་གནང་མཁན་གྱི་སྤུས་ཀ་ཞན་དུ་ཞན་དུ་འགྲོ་བ་དེ་ཡིན་ཞེས་གསལ་པོ་ཞུས་པ་ཡིན། དེ་རིང་འདིར་ང་ཚོ་ནང་ཁུལ་ཐུག་པའི་སྐབས་སུ་ཡང་དོན་འདི་དགོངས་པར་བཅངས་རོགས་ཞུ་རྒྱུ་ཡིན། རིས་མེད་ཅེས་པ་འདིས་ཆོས་འཆལ་དུ་བཅུག་པ་ཞིག་མིན་པར་ཆོས་སྤུས་དག་ཏུ་དང་། རྒྱ་ཆེ་རུ་གཏོང་གི་ཡོད། དགེ་ལུགས་པར་མཚོན་ན་ཐོག་མར་དཔེ་ཆ་ལྟ་བའི་སྐབས་སུ་གཞུང་ཆེན་པོ་ལྟ་ཐུབ་ཀྱི་མེད། དགེ་བཤེས་དམ་བཅའ་བཞག་ནས་ཆོས་ཀྱི་གནས་ཚད་གང་འཚམས་སླེབས་པའི་སྐབས་སུ་གཞུང་གཞན་དག་མཁྱེན་ཐུབ་པ་བྱུང་ན་ཡག་པོ་ཡོད། ཤེས་སོང་ངམ། དེ་བཞིན་ས་རྙིང་བཀའ་བརྒྱུད་བཅས་ནས་ཀྱང་སོ་སོའི་རང་གཞུང་གཙོ་བོ་བྱས་པའི་ཐོག་དགེ་ལུགས་ཀྱི་གཞུང་གཞན་དག་མཁྱེན་པ་བྱུང་ན་ཡག་པོ་ཡོད།
དོན་ཚན་གསུམ་པ་དོལ་རྒྱལ་གྱི་སྐོར་ཡིན། དེ་ལ་རྒྱུ་མཚན་གསུམ་ཡོད་པའི་རྒྱུ་མཚན་དང་པོ་ནི་དོལ་རྒྱལ་༸གོང་ས་ལྔ་པ་ཆེན་པོའི་སྐབས་མ་འགྲིགས་པ་ཆགས་པ་དང་། དགའ་ལྡན་ཕོ་བྲང་ལ་གནོད་མཁན་ཞིག་རེད། དགའ་ལྡན་ཕོ་བྲང་ནི་བོད་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན། ཤེས་སོང་ངམ། དགེ་ལུགས་པར་མཚོན་ན་༸གོང་ས་ལྔ་པ་ཆེན་པོས་ཆོས་ལུགས་རིས་མེད་ཉམས་བཞེས་གནང་བཞིན་དུ་ས་སྐྱའི་དང་། བཀའ་བརྒྱུད། ཇོ་ནང་བཅས་ཀྱི་དགོན་པ་ཁག་གཅིག་དགེ་ལུགས་པར་བསྒྱུར་པ་གནང་ཡོད། ༸གོང་ས་ལྔ་པ་ཆེན་པོ་འབྲས་སྤུངས་ནས་ཕེབས་པའི་བླ་མ་ཞིག་ཡིན་པས་དགོན་པ་དེ་ཚོ་སྤུས་དག་པོ་ཞིག་བྱུང་ན་དགོངས་པའི་ཐུགས་རེས་གནང་བ་མིན་ནམ། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་ཡེ་ཤེས་རྣམ་རོལ་བ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བ་ཤོག །ཚུལ་ཁྲིམས་གཙང་ཞིང་མང་དུ་ཐོས་པ་དང་། །བྱང་སེམས་སྦྱོང་ཞིང་ལྟ་སྤྱོད་གཙང་བ་སོགས། །བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་ལ། །བསྲེས་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །ཅེས་༸རྒྱལ་བ་ལྔ་པ་ཆེན་པོས་ཐུགས་སྨོན་གནང་ཡོད། ཤེས་སོང་ངམ། ཡང་༸རྒྱལ་བ་ལྔ་པ་ཆེན་པོས་ངས་རང་ནོར་རང་གིས་སྤྱོད་པའི་ཚུལ་གྱིས་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་གཞུང་ཤིན་ཏུ་རྒྱས་པ་རིག་འཛིན་ཞལ་ལུང་བྲིས། སྔར་བྱང་ཆུབ་ལམ་རིམ་གྱི་ཁྲིད་༸རྒྱལ་བ་ཙོང་ཁ་པའི་དགོངས་པ་འགྲེལ་ཁུལ་དེ་བརྩམས་པས་དགེ་ལུགས་པའི་གྲལ་ལ་ཆུད་པོ་རང་མ་བྱུང་། ད་ཆ་རྙིང་མའི་གྲལ་དུ་མི་ཆུག་ངེས་པས་ན་ཟབ་མོ་སློབ་བཤད་པའི་གྲལ་དུ་དོག་འཚངས་བྱེད་དགོས་པ་འདྲའོ། ཞེས་རྙིང་མ་གནང་ཡང་རྙིང་མའི་གྲལ་ལ་ཡག་པོ་མ་ཚུད། དགེ་ལུགས་པར་ཐུགས་ཞེན་ཡོད་ཀྱང་དགེ་ལུགས་པའི་གྲལ་ལ་མི་ཚུད་པ། དེ་འདྲ་བྱས་ནས་ལྷག་པ་ལྟ་བུ་ཆགས་གྲབས་བྱེད་ཀྱི་འདུག དགེ་ལུགས་པའི་བླ་མ་ཞལ་ཚ་པོ་ཀློང་རྡོལ་བླ་མས་༸གོང་ས་ལྔ་པར་ཚོགས་གཏམ་ཏོག་ཙམ་བཏང་གནང་འདུག ༸གོང་ས་ལྔ་པ་ཆེན་པོ་ནི་བསྟན་པ་སྤྱི་དང་བྱེ་བྲག་དགའ་ལྡན་ཕོ་བྲང་དང་དགེ་ལུགས་པར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ང་ལ་སྒྲུང་ཞིག་བཤད་རྒྱུ་ཡོད། ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་མདུན་ནས་ངས་གཞུང་ཁྲིད་མང་པོ་ཞུས་པ་ཡིན། ཁོང་གིས་ང་ལ་གསུངས་པར་༸གོང་ས་ལྔ་པ་ཆེན་པོས་ས་སྐྱའི་དགོན་པ་མང་པོ་དགེ་ལུགས་པར་བསྒྱུར་གནང་བར་བརྟེན་ས་སྐྱ་པ་མང་པོ་༸གོང་ས་ལྔ་པ་ཆེན་པོར་དགའ་པོ་མེད། འོན་ཀྱང་ལམ་འབྲས་སློབ་བཤད་ཀྱི་རྒྱུད་གསུམ་གྱི་མཁྱེན་བརྩེའི་ཟིན་བྲིས་ཀྱི་ཁ་སྐོང་༸རྒྱལ་བ་ལྔ་པ་ཆེན་པོས་མཛད་ཡོད་པ་དེའི་མཚམས་སུ་སླེབས་སྐབས་ད་༸གོང་ས་ལྔ་པ་ཆེན་པོར་མགོ་སྒུར་དགོས་པ་རེད་གསུང་གི་ཡོད་ཅེས་གསུངས་བྱུང་། ༸གོང་ས་ལྔ་པ་ཆེན་པོ་ནི་བསྟན་པ་རིས་མེད་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཡང་སྒོས་དགེ་ལུགས་པར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེར་བརྟེན་དགའ་ལྡན་ཕོ་བྲང་ལ་གནག་སེམས་དང་གནོད་སེམས་བཅངས་མཁན་དེ་ཡག་པོ་མིན།
རྒྱུ་མཚན་གཉིས་པ། ཆོས་ལུགས་རིས་མེད་ཀྱི་མིག་དཔེ་བཟང་པོ་ཞིག་འཛུགས་པའི་སྐབས་སུ་དགེ་ལུགས་པ་ཡིན་ན་ཤག་ནང་རྙིང་མའི་ཕྱག་དཔེ་གཅིག་ཀྱང་ཉར་ཆོག་གི་མ་རེད་ཅེས་བཤད་པ་དེས་རིས་མེད་ཉམས་ལེན་བྱེད་རྒྱུར་གནོད་ཀྱི་ཡོད། འདི་ནི་གནད་འགག་གཅིག་ཡིན། ཛེ་སྨད་རིན་པོ་ཆེས་བྲིས་པའི་ཕ་རྒོད་བླ་མའི་ཞལ་ལུང་ནང་གཞུང་ཞབས་དང་དགེ་ལུགས་པའི་བླ་མ་མང་པོ་ཞིག་གིས་རྙིང་ཆོས་་བྱས་པའི་རྐྱེན་གྱིས་རྒྱལ་པོ་ཤུགས་ལྡན་གྱིས་གནོད་པ་རེད་ཟེར་བའི་ལོ་རྒྱུས་བཤད་དེ་མི་ལ་ཞེད་སྣང་སྐྱེ་རུ་བཅུག་ཡོད། དེ་ལ་ཡང་རྒྱུ་མཚན་གཅིག་ཡོད། སྔོན་མ་སྤྱི་ལོ་ ༡༩༥༥ ལོ་ཙམ་ལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཁམས་ནས་ལྷ་སར་ཕེབས་ཡོད་པ་དེ་སྐབས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མགྲོན་གཉེར་ཆེན་མོ་ཕ་ལྷ་བརྒྱུད་ནས་༸སྙན་སེང་གནང་དོན། ལྷ་སའི་ཇོ་བོ་རིན་པོ་ཆེའི་བཞུགས་ཁྲིའི་ཕྱོགས་བཞི་ལ་མཆོད་རྟེན་བཞི་དང་། གཙུག་ལག་ཁང་གི་ནང་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་བཅས་བཞེངས་ཐུབ་ན་བསྟན་སྲིད་དང་དུས་བདེ་ཞི་ལྷིང་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གསུངས་འདུག འོན་ཀྱང་དེ་དུས་ཆོས་ལུགས་ཀྱི་ཕྱོགས་ཞེན་དབང་གིས། རྙིང་མའི་བླ་མ་བུད་མེད་ཡོད་པ་འདི་གང་འདྲ་ཡིན་ནམ་ཟེར་ནས་ཇོ་བོའི་བཞུགས་ཁྲིའི་ཕྱོགས་བཞི་ལ་མཆོད་རྟེན་བཞེངས་རྒྱུར་དོ་སྣང་མ་བྱས་པ་དང་། གུ་རུ་སྣང་སྲིད་ཟིལ་གནོན་བཞེངས་ན་ཡག་པོ་ཡོད་ཀྱང་། དེ་དུས་འདི་སྐོར་འགན་གཙོ་བོ་འཁྱེར་མཁན་བཀའ་བློན་ལས་རོགས་བཤད་ཟུར་གྱིས་གུ་རུ་སྣང་སྲིད་ཟིལ་གནོན་ལ་གླེང་གཞི་ཡོད་པས་གུ་རུ་རྒྱ་གར་མ་བཞེངས་ན་ཡག་པོ་ཡོད་ཅེས་གསུངས་ནས་གུ་རུ་རྒྱ་གར་མ་བཞེངས་པ་རེད། རྗེས་སུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་གུ་རུ་རྒྱ་གར་མ་ཞིག་བཞེངས་འདུག་ཅེས་ཞུ་དུས། ༸རྒྱལ་དབང་དང་དཔོན་སློབ་ཁ་ཤས་རྒྱ་གར་ལ་ཕེབས་ཐུབ་པ་ཡོང་རྒྱུ་རེད་ཅེས་བཀའ་གནང་འདུག དེར་བརྟེན་ང་རང་ལ་དེའི་ཐད་འགྱོད་པ་ཡོད།
རྒྱ་གར་ལ་སླེབས་རྗེས་ཐོག་མར་གཙུག་ལག་ཁང་བཞེངས་པ་ཡིན། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་འདི་ཡང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྐུ་གཏོར་བའི་དབུའི་དུམ་བུ་གསུམ་ངའི་ལག་ཏུ་འབྱོར་བ་ནས་གཅིག་གཟུངས་གཞུག་ཏུ་ཕུལ་ནས་གསར་དུ་བཞེངས་པ་ཡིན། ལྷ་སར་རིག་གནས་གསར་བརྗེ་མ་བྱུང་གོང་ཙམ་དུ་ང་ལ་རྨི་ལམ་ཞིག་རྨིས་བྱུང་། ང་རང་གཙུག་ལག་ཁང་ལ་མཆོད་མཇལ་དུ་འགྲོ་གི་འདུག ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་མདུན་ལ་སླེབས་ནས་ཡར་མཇལ་དུས་རང་བྱུང་ལྔ་ལྡན་གྱིས་སྤྱན་བཙུམས་ཀྱིས་ཡར་ཤོག་ཅེས་བརྡ་གནང་གི་འདུག ང་རང་ཧ་ཅང་དགའ་པོ་བྱུང་། ཡར་ཕྱིན་ནས་རང་བྱུང་ལྔ་ལྡན་གྱི་སྐུའི་མགུལ་ལ་འཐམས་ནས་བསྡད་པ་ཡིན། རང་བྱུང་ལྔ་ལྡན་གྱི་ཞལ་ནས། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའི་ཚིགས་བཅད་གསུངས་པ་ངས་ཀྱང་མཉམ་དུ་བཏོན་པ་ཡིན། དེ་རྗེས་རིག་གནས་གསར་བརྗེ་ལངས་ཏེ་རང་བྱུང་ལྔ་ལྡན་གྱི་སྐུ་གཏོར་བ་རེད། དེར་བརྟེན་སེམས་ཤུགས་མ་ཆག་གསུང་གི་ཡོད་འདུག ལྷ་སར་གུ་རུ་སྣང་སྲིད་ཟིལ་གནོན་བཞེངས་མ་ཐུབ་པ་དེ་ལ་འགྱོད་པ་སྐྱེས་ནས་སྣང་སྲིད་ཟིལ་གནོན་གྱི་སྐུ་འདི་བཞེངས་པ་ཡིན།
སྣང་སྲིད་ཟིལ་གནོན་གྱི་སྐུ་བཞེངས་རྗེས་རིག་འཛིན་གདུང་སྒྲུབ་ཀྱི་ཚོགས་ཕུལ་བ་ཡིན། ཉིན་དང་པོར་དགེ་ལུགས་ཀྱི་བཙུན་དགོན་དགེ་ལྡན་ཆོས་གླིང་གི་བཙུན་མ་ཚོ་སླེབས་ཡོད། འོན་ཀྱང་ཉིན་གཉིས་པར་སླེབས་མ་བྱུང་། ག་རེ་བྱས་པ་རེད་ཟེར་དུས་ཁོང་ཚོ་ཞེད་སྣང་བྱེད་ཀྱི་འདུག་ཟེར། གང་ཡིན་ཞེ་ན་ཁོང་ཚོ་དགེ་ལུགས་པ་ཡིན་པར་མ་ཟད། དགེ་ལྡན་ཆོས་གླིང་ཐོག་མར་སྒོ་འབྱེད་སྐབས་ཤུགས་ལྡན་གྱི་གསོལ་ཁ་བཏང་བར་ཤུགས་ལྡན་གྱིས་དགེ་ལུགས་པ་གཙང་མ་བྱེད་དགོས་ཞེས་ནན་བཤད་བྱས་འདུག དེས་ཁོང་ཚོ་ཞེད་སྣང་གིས་ཡོང་མི་ནུས་པ་དང་། དེ་བཞིན་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བ་ལྡི་ལི་ནས་དཔར་གསར་པ་བརྒྱབ་པ་དེ་ཨ་ནེ་ཚོས་མཐོང་བས་ཁོང་ཚོ་བླ་འདར་ནས་ཞེད་ཐག་ཆོད་པ་རེད་ཟེར། དེབ་དེ་ངས་མཐོང་བ་དང་ཅུང་ཟད་བློ་ཕམ་བྱུང་། ལོ་ཤས་གོང་གནས་ཆུང་གིས་ང་ལ་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིག་གི་མི་འདུག་ཅེས་གསུངས་བྱུང་། སྐུ་རྟེན་སྔོན་མའི་སྐབས་རེད། ངས་གནས་ཆུང་ལ་ཨ་སྲས་འཁྱམས་པོ་ཞེས་ཤུགས་ལྡན་ལ་ཟེར་གྱི་ཡོད་པ་མ་རེད་དམ་ཞུས་པ་ཡིན། རེད་གསུང་གི་འདུག འོ་ན་ཞལ་ཁ་བཞུགས་ན་ཡག་གི་རེད། ཤུགས་ལྡན་བསྟེན་མཁན་མང་པོ་རེད། དེ་འདྲ་གསུང་ན་དམ་ཚིག་བསྲེས་ལྷད་འགྲོ་རྒྱུའི་ཉེན་ཁ་ཡོད་ཅེས་ཞུས་པ་ཡིན། ལགས་སོ་གསུངས་ཏེ་དེ་ནས་བཟུང་གནས་ཆུང་གིས་ལོ་མང་པོའི་རིང་ཚིག་གཅིག་གསུང་མ་བྱུང་། དེ་རྗེས་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བ་ཐོན་པ་མཐོང་ནས་བསམ་བློ་གཏོང་དུས་ང་རང་དྲང་པོ་མིན་པ་ལྟ་བུ་ཆགས་འདུག གནས་ཆུང་ལ་ཞལ་ཁ་བཞུགས་ཞེས་ཞུས་པ་རེད། ཚུར་ཕྱོགས་དོལ་རྒྱལ་ཕྱོགས་གཏོགས་པ་ཚོས་སྣང་བར་གང་དྲན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། དེ་རྗེས་གནས་ཆུང་སྤྱན་འདྲེན་ཞིག་གི་སྐབས་ལ་ངས་སྔོན་མ་ཁྱེད་རང་གིས་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིག་གི་མི་འདུག་གསུང་དུས་ངས་ཞལ་བཀག་པ་ཡིན། ཁྱེད་ཀྱིས་ཀྱང་ཉན་འཇོག་གནང་བྱུང་། ད་ཆ་ཕར་ཕྱོགས་དོལ་རྒྱལ་བསྟེན་མཁན་ཚོས་གང་བྱུང་མ་བྱུང་བཤད་ཀྱི་འདུག་པར་བརྟེན་ཁྱེད་ཀྱིས་གང་གསུང་རྒྱུ་ཡོད་ནའང་གསུང་ན་འགྲིགས་ཞེས་ཞུས་པ་ཡིན། གནས་ཆུང་གིས་དོལ་རྒྱལ་བསྟེན་ན་དཔལ་ལྡན་ལྷ་མོ་འཁོན་གྱི་ཡོད་ཅེས་གསུང་བྱུང་། དཔལ་ལྡན་ལྷ་མོ་ནི་སྤྱིར་འཇིག་རྟེན་ལས་འདས་པའི་སྲུང་མ་ཚད་ལྡན་ཞིག་ཡིན་པ་དང་། ཡང་སྒོས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ནས་འབྲས་སྤུངས་ཀྱི་སྲུང་མ་ཐུན་མོང་མ་ཡིན་པ་ཆགས་ཡོད། འབྲས་སྤུངས་དང་འབྲེལ་བའི་ཐོག་ནས་མདོ་སྟོད་སྨད་ས་ཁུལ་གྱི་དགོན་ཁག་མང་པོ་ཞིག་ལ་ལྷ་མོ་གཙོ་བོ་ཆགས་ཡོད།
ང་སྒེར་གྱི་ངོས་ལ་ཆ་བཞག་ན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐབས་ནས་བཟུང་དཔལ་ལྡན་ལྷ་མོ་༸རྒྱལ་བ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་སྲུང་མ་ཆགས་ཡོད་པ་དང་། ལྷ་མོ་བླ་མཚོའི་ནང་ནས་ཨ་ཀ་མ་ཞེས་ཡི་གེ་གསུམ་ཐོན་པར་བརྟེན་གཞི་ནས་ཨ་མདོའི་ཕྱོགས་ལ་ཡང་སྲིད་འཚོལ་བར་འགྲོ་རྒྱུ་དེ་ཨ་ཞེས་པའི་ཡི་གེ་ལ་གོ་བ་བླངས་ནས་ཨ་མདོ་ཟེར་བ་དང་། ཀ་ཞེས་པ་སྐུ་འབུམ། མ་ཞེས་པ་ཀརྨ་པ་རོལ་པའི་རྡོ་རྗེ་དེ་འདྲའི་གོ་བ་བླངས་པའི་འགྲེལ་ལུགས་གཅིག་འདུག ཡང་ང་རང་གིས་བསམ་བློ་གཏོང་སྐབས་ངའི་མིང་ལ་ལྷ་མོ་དོན་གྲུབ་ཟེར། ང་ཚོའི་ཁྱིམ་ཚང་གི་མཆོད་གནས་སྐུ་འབུམ་དགོན་པའི་དགེ་བཤེས་གཅིག་ཡོད་པ་བརྗོད་ཀྱི་འདུག ཁོང་ཤར་ཙོང་རི་ཁྲོད་ལ་དབྱར་ས་དགུན་ས་བྱས་ཏེ་ཕེབས་ཀྱི་ཡོད་པ་དང་། གནས་ཚང་ང་ཚོའི་ནང་ལ་བཞུགས་ཀྱི་ཡོད་འདུག པཱ་ལགས་ཁོང་ཚོས་ང་སྐྱེས་པའི་སྐབས་སུ་ཁོང་ལ་མིང་གཅིག་ཞུས་པར་ཁོང་གིས་ང་བུ་ཡིན་ཀྱང་ལྷ་མོ་དོན་གྲུབ་ཅེས་བཏགས་འདུག མ་གཞི་ཨ་མདོ་ཚོ་ཏན་ཏན་རང་མེད། ལྷ་མོ་ཚེ་རིང་ཟེར་བ་དང་། ལྷ་མོ་དོན་གྲུབ་ཟེར་བ་བུ་ལ་བུ་མོའི་མིང་བཏགས་པ་མང་པོ་འདུག གང་ལྟར་ངའི་མིང་ཅུང་ཟད་མི་འདྲ་བ་ནི་ལྷ་མོ་ཞེས་པ་འདི་རེད། མིང་གཞིའི་ཡི་གེར་ཨ་ཀ་མ་ཞེས་པའི་ནང་གི་མ་དེ་མིན་ནམ་སྙམ་པ་དང་། ཡིན་པར་གྱུར་ཅིག་བརྗོད་ཀྱི་ཡོད། གཞན་ཀརྨ་པ་ཟེར་དུས་༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་ནང་། ༸རྒྱལ་བ་ལྔ་པ་རང་ཉིད་འཁྲུངས་ཚེས་གཟའ་བཟང་བ་དང་། ཚེས་བཟང་བ། འཕྲོད་སྦྱོར་སོགས་མང་པོ་གསུངས་རྗེས་ཚེས་གྲངས་དེའི་ཉིན་སྐྱེས་པའི་ཁྱི་རྒན་རྒྱའུ་ཡང་མང་པོ་ཡོད་ཅེས་གསུངས་ཡོད། དེ་དང་འདྲ་བར་ཀརྨ་པ་ཞེས་བརྗོད་ན་དེ་ཁུལ་མི་མང་པོ་ཡོད་པ་རེད། ལྷ་མོ་དོན་གྲུབ་ཅེས་ངའི་མིང་གཞིའི་ཐོག་མ་ཕྱིན་ན་གཞན་མང་པོ་ཨེ་ཡོད། དེ་འདྲ་ཡིན་དུས་ང་རང་སྒེར་གྱི་ངོས་ལ་ཆ་བཞག་ན་དཔལ་ལྡན་ལྷ་མོ་ཐུན་མོང་མ་ཡིན་པ་ཡིན།
ངས་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ལོ་བཅུ་དྲུག་ནས་བླངས་པ་ཡིན། ལོ་བཅུ་དྲུག་ནས་བཟུང་བོད་བསྟན་སྲིད་ཀྱི་དོན་གལ་ཆེ་བ་ཚང་མ་སྟེ་གྲོ་མོར་འགྲོ་དང་མི་འགྲོ་དང་། རྒྱ་ནག་ལ་འགྲོ་དང་མི་འགྲོ། རྒྱ་གར་ལ་འགྲོ་དང་མི་འགྲོ། དེ་དང་དེས་མཚོན་པའི་གལ་ཆེ་བ་ཚང་མ་༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་ལྷ་མོའི་སྐུ་ཐང་གསུང་བྱོན་མ་འབྲལ་མེད་དེའི་སྐུ་མདུན་ལ་ཟན་བརྟག་སྒྲིལ་ནས་ཐག་གཅོད་ཀྱི་ཡོད། བསླུ་བ་གཏན་ནས་བྱུང་མ་མྱོང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་བཀའ་གནང་གི་ཡོད། ལྷ་མོ་གསུང་བྱོན་མའི་སྐུ་མདུན་ལ་འཕྲིན་བཅོལ་བཏང་ནས་ཟན་བརྟག་བསྒྲིལ་ན་དེ་ལ་བསླུ་བ་གཏན་ནས་མེད། གང་ཡིན་ཞེ་ན། ༸གོང་ས་ལྔ་པ་ཆེན་པོ་ལྗགས་དབུགས་ཆད་ཟིན་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཤུམ་ནས་ད་ལྟ་ཕོ་བྲང་དམར་པོ་རྩིག་བཞིན་པའི་སྐབས་འདིར་ཁྱེད་རང་དགོངས་པ་རྫོགས་ན་ང་གང་འདྲ་བྱེད་དགོས་སམ་ཞེས་ངུ་འབོད་གནང་སྐབས་༸གོང་ས་ལྔ་པ་ཆེན་པོ་ལྗགས་དབུགས་སླར་ཡང་གསོས་ཏེ། ལས་ཀ་གལ་ཆུང་བ་རྣམས་ཁྱེད་རང་གི་རྣམ་དཔྱོད་ཀྱིས་ཐག་གཅོད། གལ་ཆེ་བ་རྣམ་དཔལ་ལྡན་ལྷ་མོའི་གསུང་བྱོན་མའི་སྐུ་མདུན་ལ་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད་ཅེས་ཞལ་ཆེམས་གནང་ཡོད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ང་ལ་བཀའ་གནང་གི་ཡོད། དེ་ལྟར་བྱས་ཏེ་ལྷ་མོའི་སྐུ་མདུན་ཟན་བརྟག་བསྒྲིལ་ནས་དུས་ད་ལྟ་བར་དུ་ཕྱིན་པ་ཡིན། བསླུ་བ་གཏན་ནས་ཡོད་མ་རེད།
སྤྱིར་དགེ་འདུན་གྲུབ་པའི་ཐུན་མོང་མ་ཡིན་པ་དང་། ཡང་སྒོས་༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གཞུང་གི་ལུགས་གཉིས་དབང་སྒྱུར་སྐབས་དཔལ་ལྡན་ལྷ་མོ་དང་གནས་ཆུང་གཉིས་ཐུན་མོང་མ་ཡིན་པའི་སྲུང་མ་དམར་ནག་གཉིས་རེད། བཀྲ་ཤིས་ལྷུན་པོས་སྲུང་མ་དམར་ནག་ལྷ་མོ་དང་ལྕམ་སྲིང་གཉིས་ལ་བརྩི་ཡི་ཡོད། དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་གཉིས་ལྷ་མོ་དང་གནས་ཆུང་རྡོ་རྗེ་གྲགས་ལྡན་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་འབྲས་སྤུངས་ལ་ཡང་ལྷ་མོ་དང་། རྡོ་རྗེ་གྲགས་ལྡན་གཙོ་བོ་བརྩི་གི་ཡོད་པ་རེད། ང་རང་སྒེར་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་དཔལ་ལྡན་ལྷ་མོས་བདག་པོ་བརྒྱབ་པ་ལྟ་བུ་རེད། དེར་བརྟེན་དཔལ་ལྡན་ལྷ་མོ་འཁོན་གྱི་ཡོད་ན་དེ་ནི་ཧ་ཅང་གནད་འགངས་ཆེན་པོ་རེད་སྙམ་བྱུང་། འོན་ཀྱང་གནས་ཆུང་གིས་གསུངས་པ་གཅིག་པུར་ཆ་མ་བཞག་པར་ཟན་བརྟག་བསྒྲིལ་བ་ཡིན། དེ་དུས་ངས་དོལ་རྒྱལ་བསྟེན་གྱི་ཡོད། དོལ་རྒྱལ་གྱི་སྲོག་གཏད་ཞུ་རྒྱུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་སྙན་སེང་ཞུས་ཟིན་པ་ཡིན། སྐྱབས་རྗེ་རིན་པོ་ཆེས་དོལ་རྒྱལ་གྱི་སྲོག་གཏད་གནང་སྐབས་ལམ་རིམ་ཆེན་མོའི་ཕྱག་དཔེ་གཅིག་དགོས་པ་ཁྲི་བྱང་རིན་པོ་ཆེར་དམིགས་བསལ་ཁྱད་མཚར་ཞིག་གི་ཐོག་ནས་དགའ་ལྡན་པར་རྙིང་གི་ལམ་རིམ་ཆེན་མོ་ཞིག་ཕུལ་མཁན་བྱུང་པ་སྲོག་གཏད་ཀྱི་སྐབས་སུ་གནང་དགོས་དགོངས་ནས་ཐུགས་ཉར་གནང་འདུག དེ་འདྲའི་སྐབས་སུ་ཕ་རྒོད་བླ་མའི་ཞལ་ལུང་ཐོན་པ་རེད། ངས་སྔོན་མ་གནས་ཆུང་གི་ཞལ་བཀག་པ་ཡིན། ད་ཆ་དེབ་དེ་ཐོན་ནས་གནས་ཆུང་ལ་གང་གསུང་རྒྱུ་ཡོད་ཀྱང་གསུངས་ཞེས་ཞུས་པ་ཡིན། ལྷ་མོ་འཁོན་གྱི་ཡོད་ན་དེ་འགངས་ཆེན་ཞིག་ལ་བརྩིས་པ་ཡིན།
སྐབས་དེ་དུས་གསེར་ཀོང་རིན་པོ་ཆེ་ཡང་དོལ་རྒྱལ་གྱི་སྲོག་གཏད་ཞུ་རྒྱུའི་གྲ་སྒྲིག་གནང་ནས་བཞུགས་འདུག དེ་རྗེས་ངས་ཟན་བརྟག་བསྒྲིལ་བ་ཡིན། དང་པོ། དོལ་རྒྱལ་བསྟེན་གསོལ་བྱེད་པ་འདི་རིམ་པས་འཚམས་འཇོག་བྱས་ན་བཟང་ཞེས་པ་གཅིག་དང་། གཉིས་པ། ནམ་རྒྱུན་འཆར་ཅན་ལོ་གསར་ཚེས་གསུམ་གྱི་བསྐང་གསོའི་སྐབས་ཆོས་འཁོར་ཡང་རྩེའི་ཤུགས་ལྡན་གྱི་ལུང་བསྟན་ལྟར་ཤུགས་ལྡན་གྱི་བསྐང་གསོ་རྒྱས་པ་འདོན་གྱི་ཡོད་པ་འདི་ལོ་གྲུབ་མཚམས་ནས་བཞག་ན་བཟང་ཟེར་བ་གཅིག གསུམ་པ། ད་ལྟ་རང་ལ་མཚམས་བཞག་ན་བཟང་ཟེར་བ་གཅིག་བཅས་དོན་ཚན་གསུམ་བསྒྲིལ་བར་ད་ལྟ་རང་མཚམས་བཞག་དགོས་ཟེར་བ་ཐོན་སོང་། དེ་ནས་ལམ་སང་མཚམས་བཞག་པ་ཡིན། གྲྭ་ཚང་གི་སྐུ་ཞབས་ཚོས་འཆར་ཅན་མཆོད་བཞེང་སྐབས་ཤུགས་ལྡན་གྱི་གཏོར་མ་བཞེང་གི་ཡོད་པ་ཐོག་མར་ཤོད་མི་ཤེས་པ་ལྟ་བུ་བྱུང་ཡང་རྗེས་སུ་ཤུགས་ལྡན་གྱི་གཏོར་མ་བཞེངས་མི་དགོས་བཤད་པ་ཡིན། དེ་ནས་བྱང་རྩེ་གྲྭ་ཚང་ལ་བཀྲ་མི་ཤིས་པ་ཡོང་གི་འདུག་ཅེས་པའི་ཐུགས་དམ་ས་བོན་ཞིག་འབྱོར་བྱུང་། དེའི་གོང་དུ་བྱང་རྩེ་གྲྭ་ཚང་ནས་བཀྲ་མི་ཤིས་པ་ཞིག་ཡོང་གི་འདུག་ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཐུགས་དམ་ཞུས་འདུག ཁྲི་བྱང་རིན་པོ་ཆེས་སྲུང་མ་འཁོན་འདུག་ཅེས་བཀའ་གནང་འདུག མཁན་ཟུར་རྒན་བསམ་གཏན་ལགས་ཀྱིས་ཀྱང་ཁྲི་བྱང་རིན་པོ་ཆེས་ཁྱེད་རང་ཚོའི་དེར་ལྷ་མོ་འཁོན་པའི་རྟགས་ཤིག་འདུག་ཅེས་བཀའ་གནང་བྱུང་གསུང་གི་འདུག རྗེས་སུ་ཐུགས་དམ་ས་བོན་འབྱོར་པ་རེད། ཤུགས་ལྡན་བསྟེན་ན་ལྷ་མོ་འཁོན་གྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། བྱང་རྩེ་གྲྭ་ཚང་ལ་ཐུགས་དམ་བཀའ་ལན་ནང་བྲིས་མེད། ཐོག་མར་ཡིན་སྟབས་བརྗོད་བདེ་པོ་མི་འདུག ངས་ཟན་བརྟག་བསྒྲིལ་བ་ཡིན། བྱང་རྩེ་གྲྭ་ཚང་ལ་བཀྲ་མི་ཤིས་པ་ཡོང་བ་དེ་ལྷ་མོ་འཁོན་པ་ཡིན་ནམ་མིན་ཞེས་པར། ལྷ་མོ་འཁོན་པ་ཡིན་ཞེས་བབས་བྱུང་། ལྷ་མོ་འཁོན་པ་ཡིན་ན་ཤུགས་ལྡན་བསྟེན་པས་ལྷ་མོ་འཁོན་པ་ཡིན་དང་། ཡང་ན་རྒྱུ་མཚན་གཞན་གྱིས་ལྷ་མོ་འཁོན་པ་ཡིན་ཞེས་པར། ཤུགས་ལྡན་བསྟེན་པའི་དབང་གིས་ལྷ་མོ་འཁོན་པ་ཡིན་ཞེས་བབས་ཏེ་ར་འཕྲོད་གསལ་པོ་བྱུང་། ཡིན་ནའང་ཐུགས་དམ་བཀའ་ལན་ནང་བྲིས་མེད། བྱང་རྩེའི་བསམ་གཏན་རྒྱའུ་གྲྭ་ཚང་མཁན་པོ་རེད། ཁོང་དང་གསེར་ཀོང་མཚན་ཞབས་རིན་པོ་ཆེ་གཉིས་ཕེབས་ཤོག་ཅེས་བརྗོད་དེ་ཁོང་གཉིས་ལ་ཐུགས་དམ་ས་བོན་འདི་འདྲ་ཞིག་འབྱོར་བྱུང་། ངས་གལ་ཆེན་པོར་བརྩིས་ནས་ཟན་བརྟག་བསྒྲིལ་བར་དེ་ལྟར་བབས་སོང་། ཐུགས་དམ་བཀའ་ལན་ནང་གསལ་པོ་བྲིས་མེད། ནང་དོན་འདི་འདྲ་རེད། ཁྱེད་རང་གཉིས་ཀྱིས་ངག་ཐོག་ནས་འབྲེལ་ཡོད་བྱང་རྩེ་གྲྭ་ཚང་གི་ལས་སྣེ་ཚོར་འགྲེལ་བཤད་གནང་དགོས་ཞེས་བརྗོད་པ་ཡིན། འགོ་སྟོད་དེ་འདྲ་བྱས་ཏེ་ཕྱིན་པ་རེད།
དེ་རྗེས་ང་དགའ་ལྡན་ལ་བསྐྱོད་དེ་དང་པོ་བྱང་རྩེ་གྲྭ་ཚང་ལ་བསྡད་པ་དང་། དེ་ནས་ཤར་རྩེ་གྲྭ་ཚང་ལ་དགོང་མོ་ཁ་ཤས་བསྡད་པ་ཡིན། སང་ཉིན་དེ་ནས་ཐོན་ཏེ་དགའ་ལྡན་ཚོགས་ཆེན་ལ་མཆོད་མཇལ་ཞུ་རྒྱུ་དང་། དེ་ནས་ཡོངས་འཛིན་གླིང་རིན་པོ་ཆེའི་གཟིམས་ཤག་ལ་བཅར་ནས་གསོལ་ཚིགས་གནང་རྒྱུ་གཏན་འཁེལ་ཡོད། དེའི་ཐོ་རེངས་རྨི་ལམ་ལ་ད་ལྟ་སྣེ་ལེན་གྱི་ལས་བྱེད་དང་སྐབས་དེར་སྐུ་སྲུང་བ་ཡིན་པ་ཆོས་རྒྱལ་རྨི་ལམ་བཏང་བྱུང་། ནམ་རྒྱུན་ང་ལ་རྨི་ལམ་བཏང་དུས་མིའི་མིང་སྒྲ་དེར་འབྲེལ་བ་ཅུང་ཙམ་ཡོད་པ་འདྲ་པོ་དེ་འདྲ་ཡོང་གི་ཡོད། མཚོ་གཅིག་གི་ཁར་བསྡད་པ་དང་། དེར་ལྕགས་རྒྱུག་གཅིག་འདུག ཆོས་རྒྱལ་གྱིས་དེ་ལ་ཤུགས་ལྡན་གྱི་བླ་སྲོག་གནས་ཡོད། རྩ་བ་ནས་བཤིགས་ཏེ་ཆུ་ལ་གཡུག་ཟེར་། ང་རང་ཡ་མཚན་བྱུང་། ཁྱད་མཚར་བསམས་ནས། གཉིད་སད་པ་དང་ད་ལྟའི་རྨི་ལམ་འདིར་ཆ་འཛིན་བྱེད་འོས་དང་མི་འོས་ཕྲེང་མོ་ཞིག་བརྒྱབ་པ་ཡིན། ཆ་འཛིན་བྱེད་འོས་ཞེས་བབས་སོང་། དེ་ནས་དགའ་ལྡན་ཚོགས་ཆེན་གྱི་ལས་ཀ་བྱེད་མཁན་ཚོར་ད་ལྟ་ཚོགས་ཆེན་ལ་མཆོད་མཇལ་ལ་ཡོང་སྐབས་ཟན་བརྟག་གཅིག་བསྒྲིལ་རྒྱུ་ཡོད་ཅེས་ལན་སྤྲད་པ་དང་། ཚོགས་ཆེན་ཐོག་ཁར་ཏོག་ཙམ་བསྡད་རྗེས་ཟན་བརྟག་བསྒྲིལ་བ་ཡིན།
དང་པོ། ཆོས་རྒྱལ་ཁང་དུ་ཡོད་པའི་དོལ་རྒྱལ་གྱི་འདྲ་བརྙན་དེ་ཕྱིན་ཆད་དགའ་ལྡན་ཚོགས་ཆེན་ཉམས་གསོ་བྱེད་དུས་མེད་པ་བཟོ་དང་། གཉིས་པ། སྨོན་ལམ་གྲོལ་ཏེ་ཕྱིར་ལོག་ཟིན་རྗེས་མེད་པ་བཟོ། གསུམ་པ། ད་ལྟ་རང་གཙང་མ་བཟོ་དགོས་བཅས་དོན་ཚན་གསུམ་བསྒྲིལ་བར་ད་ལྟ་རང་མེད་པ་བཟོ་དགོས་ཞེས་པ་དེ་བབས་བྱུང་། སྐབས་དེ་དུས་ཀྱི་མཁན་པོ་སུ་དང་སུ་ཡིན་ད་ལྟ་མིང་དྲན་གྱི་མི་འདུག་ཀྱང་ཁོང་རྣམ་པ་ཚོ་ཕེབས་ཡོད་པ་ལྟར་ད་ལྟ་ཟན་བརྟག་བསྒྲིལ་བའི་དོན་གནས་འདི་འདྲ་ཡིན། ཟན་བརྟག་ནས་འདི་བབས་སོང་བ་དེ་ལུགས་ཁྱེད་རང་ཚོས་དགོངས་པ་བཞེས་དགོས་ཞུས་པ་ཡིན། རྗེས་སུ་ཚོགས་ཆེན་དབུ་མཛད་བྱང་རྩེའི་འབའ་པ་གཟུགས་པོ་ཆེན་པོ་དེས་སྐུ་དེ་འཁྱེར་ཕྱིན་ནས་མེད་པ་བཟོས་པ་རེད་ཟེར་གྱི་འདུག སྙིང་རྗེ། དེ་ལྟར་ཐག་བཅད་རྗེས་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་གསོལ་ཚིགས་ཞུ་བར་བཅར་ཏེ་དེ་རིང་ངས་མགོ་ལོག་བཙལ་པ་ཡིན་ཞེས་ཞུས་པར། ག་རེ་བྱས་པ་ཡིན་གསུངས་བྱུང་། གོང་གསལ་གནས་ཚུལ་རྣམས་ཞུས་པ་ཡིན། འགྲིགས་འདུག་གསུངས་བྱུང་། ངས་ཁ་སང་རོབ་ཙམ་ཞུས་ཟིན་པ་བཞིན། གླིང་རིན་པོ་ཆེས། ང་དང་པོ་ནས་བདེ་པོ་དེ་ཙམ་མེད། ཟན་བརྟག་བསྒྲིལ་ནས་ཐག་གཙང་མ་བཅད་པ་ཡིན་དུས་འགྲིགས་འདུག་གསུངས་བྱུང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཡང་སྙན་སེང་ཞུས་པ་ཡིན། ཁྲི་བྱང་རིན་པོ་ཆེས་གནས་ཆུང་འགག་དོག་སར་སླེབས་སྐབས་བསླུ་བ་གཏན་ནས་མེད། ཏན་ཏན་དེ་ལ་རྒྱུ་མཚན་ཡོད་པ་རེད། ཡང་སྒོས་ལྷག་པར་ཅན་དུ་ལྷ་མོ་གསུང་བྱོན་མའི་སྐུ་མདུན་ལ་ཟན་བརྟག་བསྒྲིལ་བ་དེ་ལ་བསླུ་བ་གཏན་ནས་མེད་པས། དེ་འདྲ་བབས་པ་ཡིན་དུས་དེ་ལ་ཏན་ཏན་དགོས་པ་རྒྱུ་མཚན་ཡང་དག་པ་ཞིག་ཡོད་པས། འགྲིགས་འདུག ཐག་གཅོད་བྱེད་ཀྱང་བྱེད་ཅེས་བཀའ་གནང་བྱུང་།
དེ་དུས་ངས་ཁྲི་བྱང་རིན་པོ་ཆེར་སྐྱབས་རྗེ་རིན་པོ་ཆེ་རྗེ་ཕ་བོང་ཁའི་སྲས་ཀྱི་ཐུ་བོ་ཡིན་པས་དོལ་རྒྱལ་བསྟེན་པ་གནང་གི་ཡོད། དེ་ཡང་སྐུ་ཐོག་གོང་མའི་སྐབས་ནས་འབྲེལ་བ་ཡོད་པས་མཚམས་འཇོག་གནང་རྒྱུ་བདེ་པོ་ཡོད་པ་མ་རེད། ཡིན་ནའང་ཞེ་ས་མ་ཞུས་ན་དཔལ་ལྡན་ལྷ་མོ་ནང་གི་ཨ་མ་ལྟ་བུ་གཙོ་བོ་དང་། གནས་ཆུང་དེའི་འོག་གི་ཕྱག་མཛོད་ལྟ་བུ། རྒྱལ་པོ་ཤུགས་ལྡན་དེའི་འོག་གི་གཉེར་བ་ལྟ་བུ་ལས་ཀ་ཆུང་གྲས་བྱེད་མཁན་ལ་ངོས་འཛིན་གྱིས་གོ་རིམ་མ་འཆོལ་བའི་འཕྲིན་བཅོལ་གནང་ན་ཨའུ་ཙམ་མིན་ནམ་ཞུས་པ་ཡིན། ཤེས་སོང་ངམ། ངས་དེ་བཤད་དགོས་དོན་ནི་དགའ་ལྡན་ཕོ་བྲང་དང་ང་སྒེར་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་འདི་ཡིན། དེའི་སྐབས་སུ་༸རྒྱལ་བ་ལྔ་པའི་འཕྲིན་བཅོལ་དེ་མཐོང་ཡོད་པ་མ་རེད། ངས་བྱང་རྩེ་གྲྭ་ཚང་གི་གནས་ཚུལ་དེ་བཤད་པ་ནས་ཕྱི་ལ་གསལ་པོ་ཆགས་པ་དང་། དེ་རྫེས་དོལ་རྒྱལ་ཚོགས་པ་བཙུགས་པ་རེད། དོལ་རྒྱལ་ཚོགས་པས་ལས་འགུལ་རྒྱ་ཆེ་ལ་དྲག་རྩུབ་ལྡན་པ་སྤེལ་བ་དང་། ཡིག་ཆ་འདྲ་མིན་འགྲེམ་སྤེལ་བྱས་པ་དེ་ཚོའི་ནང་༸རྒྱལ་བ་རིན་པོ་ཆེ་རྫུན་མ་རེད་ཅེས་བཀོད་ཡོད་པ་རེད། ངས་འབོར་ཤོབ་བཤད་ན་ང་རྫུན་མ་ཡིན་ནའང་འཛམ་གླིང་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་རེད། ༸རྒྱལ་བ་གོང་མ་ཚོ་དང་བསྡུར་ན་ངས་མི་གོ་བཅད་ཡོད། རྫུན་མ་ཡིན་ནའང་མི་གོ་བཅད་ན་འགྲིགས་ཡོད། ཅེས་ངས་རྩེད་མོ་དང་སྦྲགས་ཤོད་ཀྱི་ཡོད། དབྱིན་ཡུལ་དུ་ཡོད་པའི་གཙང་པ་སྐལ་བཟང་རྒྱ་མཚོ་ཕྱུག་པོ་ཆགས་ཡོད། དོལ་རྒྱལ་དམ་དྲག་བྱས་ཚར་ཙམ་ལ་ང་དབྱིན་ཡུལ་དུ་བསྐྱོད་པ་དེ་རིང་འབྱོར་རྒྱུའི་ཁ་སང་དེར་གསར་འགྱུར་འགོད་མཁན་ཐུག་འཕྲད་བྱས་འདུག ང་དབྱིན་ཡུལ་གྱི་གནམ་ཐང་ལ་འབྱོར་སྐབས་སྐལ་བཟང་རྒྱ་མཚོའི་པར་དང་ང་ལ་སྐྱོན་བརྗོད་བྱས་པའི་ཚགས་པར་མང་པོ་བཀྲམ་འདུག ང་ལ་ཁྱད་པར་གང་ཡང་མི་འདུག་ཀྱང་། དེའི་ནང་གི་དོན་ཚན་ཧ་ལས་དགོས་པ་གཅིག་ལ་ཏཱ་ལའི་བླ་མས་བོད་ལ་ཕན་པ་སྣེ་གཅིག་བྱས་ཡོད་པ་མ་རེད་ཟེར་བཀོད་འདུག དེ་ནི་ཧམ་པ་རེད། གང་ལྟར་སྨོན་ལམ་དབང་གིས་ཡིན་ནམ། དོལ་རྒྱལ་ཤུགས་ཆེ་བསྟེན་མཁན་ཚོས་ང་ལ་མཐའ་གཅིག་ཏུ་མི་དགའ་བ་བྱེད་ཀྱི་འདུག ཤེས་སོང་ངམ།
ཁོང་ཚོས་ཚོགས་པ་བཙུགས་ཏེ་དེའི་རྒྱབ་རྟེན་ལ་༸གོང་ས་ལྔ་པ་ཆེན་པོས་འཕྲིན་བཅོལ་བརྩམས་ཡོད་པ་བརྗོད་ཀྱི་ཡོད། འཕྲིན་བཅོལ་དེ་བཞིན་༸གོང་ས་ལྔ་པའི་གསུང་ཕྱི་མ་དང་། གསུང་ནང་མ། གསུང་བཀའ་རྒྱ་མ། ཚང་མའི་ནང་ལ་ཡོད་མེད་ཞིབ་འཇུག་བྱེད་སྐབས་གསུང་གསང་བ་རྒྱ་ཅན་ནང་གཟིམས་ཁང་གོང་ལ་འཚུབ་ཆ་ཡོད་པ་དང་། གཟིམས་ཁང་གོང་ཤུལ་མེད་བཟོ་དགོས་ཞེས་ཧ་ཅང་གསལ་པོ་འདུག འཕྲིན་བཅོལ་མཛད་པ་གསུང་ཕྱི་མའི་ནང་ཡོད་མེད་ཞིབ་འཇུག་བྱེད་སྐབས་གསུང་འབུམ་པོད་ད་པའི་ནང་གཟུ་དཔང་དུ་དཔལ་མགོན་ཕྱག་དྲུག་པ་སོགས་ལ་འཕྲིན་བཅོལ་མཛད་པ་ཞིག་འདུག་པ་དེའི་ནང་།
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས།།
སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས།།
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།།
མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག།
ཅེས་སོགས་ཧ་ཅང་གསལ་པོ་འདུག ༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པ་དང་། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་པ་བཅས་སུ་གསུངས་པ་དེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་གསོལ་མཆོད་བྱས་ན་མི་བདེ་བ་ཆེན་པོ་ཡོད།
ལོ་རྒྱུས་ལ་བལྟས་ན་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་སྐུ་ཚེའི་སྟོད་ལ་རིས་མེད་གནང་མཁན་ཞིག་ཡིན་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ང་ལ་བཀའ་གནང་གི་ཡོད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཆུང་ཆུང་སྐབས་སུ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཆུ་བཟང་རི་ཁྲོད་ལ་བཞུགས་ཀྱི་ཡོད་པ་དང་། ཁྲི་བྱང་རིན་པོ་ཆེ་ཡང་ཆུ་བཟང་རི་ཁྲོད་ལ་བཞུགས་ཀྱི་ཡོད། དེ་དུས་ཕ་བོང་ཁ་རིན་པོ་ཆེས་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་ལ་བཞུགས་ཏེ་སྦྱིན་བསྲེགས་གནང་རྒྱུའི་རིལ་བུ་མང་པོ་སྒྲིལ་གནང་སོང་། སྐྱབས་རྗེ་རིན་པོ་ཆེ་ནས་ཀྱང་རིལ་བུ་མང་པོ་བསྒྲིལ་བ་ཡིན་ཞེས་བཀའ་གནང་གི་འདུག གང་ལྟར་སྐུ་ཚེ་སྟོད་ལ་རིས་མེད་གནང་མཁན་ཞིག་རེད་འདུག སྐུ་མདུན་སྐུ་གོང་མས་ཀྱང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་དམིགས་བསལ་གྱི་གཟིགས་སྐྱོང་ཆེན་པོ་མཛད་དེ་རྨེ་རུ་དཔྱིད་ཆོས་ཞེས་པ་དགའ་ལྡན་ཁྲི་རིན་པོ་ཆེས་གནང་གི་ཡོད་པ་དེ་ཡང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་གནང་དུ་བཅུག་སྟེ་དམིགས་བསལ་གྱི་གཟེངས་བསྟོད་གནང་འདུག དེ་རྗེས་ཀྱི་དུས་སྐབས་ཤིག་ལ་ཕ་བོང་ཁ་རིན་པོ་ཆེའི་མཚན་ལམ་ཡིན་ནམ་གང་ལྟར་དོལ་རྒྱལ་གྱི་ཆོ་འཕྲུལ་ཞིག་བྱུང་བ་དེ་ནས་ཞེད་སྣང་ལྟ་བུས་དོལ་རྒྱལ་དང་འབྲེལ་བ་བྱུང་འདུག དོལ་རྒྱལ་དང་འབྲེལ་བ་བྱུང་བ་ནས་བཟུང་སྐུ་མདུན་སྐུ་གོང་མའི་གཟིགས་ཕྱོགས་བྱུང་བ་ཁ་སང་ཞུས་པ་བཞིན། བོད་ནས་པར་པ་དཔལ་ལྡན་ཟེར་བས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་ཟུར་འདེབས་ཤིང་པར་བསྐོས་པ་དེའི་ནང་གསལ་པོ་འདུག གང་ལྟར་སྐུ་གོང་མའི་གཟིགས་ཕྱོགས་བྱུང་ནས་ཐ་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་གསུང་ཆོས་གནང་རྒྱུར་ཡང་ཐུགས་བསུན་གནང་དགོས་པ་ཞིག་ཆགས་ཡོད། དེ་སྐོར་བཤད་ཟུར་གྱིས་ང་ལ་བརྗོད་པར། ཐེངས་ཤིག་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་སྐུ་མདུན་སྐུ་གོང་མའི་མཇལ་ཁར་བཅར་ཆོག་པ་ཞིག་བྱུང་ཡོད། སྐུ་མདུན་ནས་དེང་སང་ཁྱེད་རང་ག་རེ་བྱེད་རྩིས་ཡོད་ཅེས་བཀའ་འདྲི་གནང་བར། ཕ་བོང་ཁ་རིན་པོ་ཆེས་གོ་སྐབས་ཡག་པོ་ཞིག་བྱུང་སོང་དགོངས་ནས་ལམ་རིམ་བཤད་རོགས་ཟེར་མཁན་གྱི་སྦྱིན་བདག་ཁ་ཤས་ཡོད་པས། ལམ་རིམ་འཆད་དགོས་མིན་ནམ་སྙམ་ནས་བསྡད་ཡོད་ཅེས་སྙན་སེང་ཞུས་པར། སྐུ་མདུན་སྐུ་གོང་མས་དེའི་བཀའ་ལན་དུ་གནས་སྐབས་བྲེལ་བ་ཡོད་པ་མ་རེད་ཅེས་བཀའ་གནང་བ་སྐྱབས་རྗེ་ཕ་བོང་ཁ་རང་གིས་བཤད་ཟུར་ལ་གསུངས་པ་དང་བཤད་ཟུར་གྱིས་ང་ལ་བཤད་བྱུང་། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ལམ་རིམ་གསུང་ཆོས་གནང་རྒྱུར་དགག་བྱ་གནང་དོན་ནི། ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེ་གནང་བ་དེ་ལ་༸རྒྱལ་བ་སྐུ་གོང་མ་མ་མཉེས་པ་བྱུང་བས་རེད།
སྐུ་མདུན་སྐུ་གོང་མའི་སྐུ་གསུང་ཐུགས་ཀྱི་མཛད་པར་ཡིད་འཕྲོག་ནས་སྐུ་མདུན་གྱི་ལམ་སྟོན་འོག་ཤར་བསྐྱོད་གནང་མཁན་དགའ་ལྡན་ཁྲི་པ་ཡེ་ཤེས་དབང་ལྡན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་ཕྲན་བུ་གཟིགས་ཕྱོགས་ཡོད་འདུག དེ་རྗེས་དགའ་ལྡན་ཁྲི་ལ་ཕེབས་མཁན་གཙང་པ་ལྷུན་གྲུབ་བརྩོན་འགྲུས་ལ་སྐུ་མདུན་སྐུ་གོང་མ་ཧ་ཅང་མཉེས་པོ་ཡོད་འདུག ལྷུན་གྲུབ་བརྩོན་འགྲུས་ཀྱིས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ནས་འགོ་སྟོད་གསུང་ཆོས་རྩ་བ་ནས་གསན་མེད། ཕྱིས་སུ་སྐུ་མདུན་སྐུ་གོང་མ་གཤེགས་རྗེས་གསུང་ཆོས་གསན་ཡུལ་གཞན་མེད་པའི་གནས་སྟངས་འོག་ཐ་མ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་ཞིག་གསན་འདུག དེ་ཡང་གཟིམ་ཤག་ལྷ་ཀླུར་སློབ་མ་གཞན་མེད་པར་རིན་པོ་ཆེ་སྐུ་རྐྱང་གིས་གསན་རྒྱུ་གནང་འདུག དེ་མ་གཏོགས་གཞན་སྐུ་མདུན་སྐུ་གོང་མའི་རྗེས་འབྲངས་དེང་སང་གི་སྐད་ཆ་ལྟར་ན་ཤར་བསྐྱོད་གནང་མཁན་དེ་ཚོའི་གྲས་ཀྱིས་འཐེན་འཐེན་ལྟ་བུ་གནང་འདུག ཁང་གསར་རྡོ་རྗེ་འཆང་དང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རྣམ་གཉིས་ཕན་ཚུན་བླ་སློབ་དང་ཆོས་གྲོགས་ཡིན་འདུག ཁང་གསར་རྡོ་རྗེ་འཆང་ནི་བསམ་གྱིས་མི་ཁྱབ་པའི་བླ་མ་དགའ་ལྡན་ཕོ་བྲང་ལ་ཞེན་ཁོག་ཆེན་པོ་གནང་མཁན་ཞིག་རེད། ཡོངས་འཛིན་རིན་པོ་ཆེས་ང་ལ་བཀའ་གནང་བར་ཁང་གསར་རིན་པོ་ཆེས་རྩེ་ཕོ་བྲང་ལ་དུས་འཁོར་དབང་ཆེན་ཞིག་གནང་སྐབས་ཡོངས་འཛིན་རིན་པོ་ཆེ་བཀའ་དབང་ཞུ་མཁན་གྱི་གྲས་སུ་ཡོད། དེ་སྐབས་རྒྱལ་བའི་ཡང་སྲིད་སྐོར་ལ་གསལ་ཆ་གང་ཡང་མི་འདུག ག་རེ་ཡིན་ནམ་ཞེས་གསུངས་ནས་ཧ་ཅང་བཤུམ་སོང་གསུང་གི་འདུག གང་ལྟར་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཆེན་པོ་ཡོད་པ་ཞིག་རེད། དེའི་དབང་གིས་སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་དར་སྤེལ་གནང་བ་དེ་ལ་ཐུགས་མི་བདེ་བ་ཡོང་གི་ཡོད། འབྲས་སྤུངས་ཀྱི་མཁན་པོ་ཁྲི་པ་བསྟན་པ་བསྟན་འཛིན་ལགས་ཀྱིས་ང་ལ་གསུངས་པར། ཁང་གསར་རྡོ་རྗེ་འཆང་དང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་གཉིས་ཆོས་གྲོགས་དང་། བླ་སློབ་ཡང་རེད། འོན་ཀྱང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་དར་གསོ་གནང་བ་དེ་གང་འདྲ་ཡིན་ནམ། དེ་ནི་དགའ་ལྡན་ཕོ་བྲང་ལ་ཡག་པོ་མེད་ཅེས་སྐབས་དེར་དྲུང་ཡིག་ཆེ་མོ་ཞིག་ལ་བཀའ་གནང་བ་རེད་ཅེས་ཁོང་གིས་ཐོས་མྱོང་གསུང་གི་འདུག དྲུང་ཡིག་ཆེ་མོ་དེ་ནི་ང་ལ་ཡི་གེ་སློབ་མཁན་སྤྱི་ཁྱབ་མཁན་པོ་དམ་པའི་ཤག་ཚང་གི་དྲུང་ཡིག་ཆེ་མོ་དེ་ཡིན་ཞིང་། ཁོང་ཁང་གསར་རྡོ་རྗེ་འཆང་དང་ཐུགས་ཉེ་པོ་ཡོད། ཁང་གསར་རིན་པོ་ཆེར་ཞབས་ཕྱི་དང་སློབ་མ་ཡིན་པ་འབྲས་སྤུངས་སྒོ་མང་མངའ་རིས་དགེ་བཤེས་ཞལ་རས་ནག་པོ་ཤ་སྐམ་པོ་ཞིག་ཡོད། ཁོང་མཁན་པོ་དམ་པའི་གཟིམས་ཤག་ལ་མཚམས་རེ་ཕེབས་ཀྱི་འདུག དེ་དུས་ང་ཆུང་ཆུང་ཡིན་པས་གཟིམས་འགག་གི་མཇིང་པར་བཞོན་ནས་ནོར་བུ་གླིང་ཁའི་ལྕགས་རིར་བསྐོར་བར་འགྲོ་གི་ཡོད། གཟིམས་དཔོན་མཁན་པོ་གཟིམ་ཤག་ནས་ངས་ཁོང་མཐོང་བྱུང་། གོང་གསལ་མཁན་ཁྲི་བསྟན་པ་བསྟན་འཛིན་གྱིས་ང་ལ་སྔོན་དུས་ཤིག་གསུངས་པ་འདི་གལ་ཆེན་པོ་ཡིན་དུས་རྗེས་སུ་སླར་ཡང་མཁན་ཁྲིར་བཀའ་འདྲི་ཞུས་པར། ཁོང་གིས་ད་ག་རང་ཡིན་གསུང་གི་འདུག
རྩ་བའི་ལོ་རྒྱུས་ཀྱི་ཡོང་སྟངས་གང་འདྲ་ཡིན་པ་དེ་རིང་ཁྱེད་རང་ཚོར་བཤད་འདོད་བྱུང་། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་ནང་གསལ་ཡོད། རྣམ་ཐར་ནང་ལ་སྐུ་གོང་མ་མ་གཤེགས་གོང་མ་མཉེས་པ་བྱུང་ཏེ་བཀའ་ཉེས་ཕོག་པའི་གཞུང་ཞབས་དེ་ཚོའི་གྲས་ལ་ངེས་འབྱུང་སྤུ་སུད་སྐྱེས་ཏེ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཞབས་ལ་གཏུགས་མཁན་ཆགས་པ་དེའི་ནང་གཞུང་ཞབས་ཁ་ཤས་ཡོད་པ་ང་ལ་བཤད་རྒྱུ་ཡོད། ཤེས་སོང་ངམ། དཔོན་པོ་༼གསོལ་དཔོན་མཁན་པོ་༽ཡོན་ཏན་གང་ཡང་མེད་པར་མ་བྱན་རང་བྱས་ནས་ཡོང་བ་རེད། དཔོན་པོ་སྐྱིད་པོ་བྱུང་ན་གཞས་ཤིག་གཏོང་རྒྱུ་ཡོད། དཔོན་པོ་དེ་སྔོན་གཙང་དབེན་ས་དགོན་གྱི་གྲྭ་པ་རེད། སྐྱིད་པོ་བྱུང་དུས་སྐད་ཆུང་ཆུང་བྱས་ཏེ་གཞས་ཤིག་གཏོང་གི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ང་རང་མི་སྡོད་གཙང་གྱི་གཞུང་ལ་ལོག་འགྲོ། གཙང་གི་སྐྱིད་པ་གཞིས་ཀ་རྩེ་ལ་ལོག་འགྲོ། སྨུག་ཆུང་དྲེལ་ལ་རྒྱབ་ཆ་བཀལ་ནས་ལོག་འགྲོ། ཞེས་པའི་གཞས་འདི་གཏོང་གི་རེད། དཔོན་པོ་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་གནད་དོན་གང་ལ་དོ་སྣང་ཡོད་པ་ཞིག་མིན་ཡང་། བླ་མ་དེ་དང་གཞུང་ཞབས་དེ་དང་དེའི་གྲས་སྐུ་མདུན་སྐུ་གོང་མ་མ་གཤེགས་བར་མནན་ནས་བཞུགས་པ་དང་། སྐུ་མདུན་སྐུ་གཤེགས་མ་ཐག་དེ་དག་གིས་འཕག་འཚག་བརྒྱབ་སོང་ཞེས་དེ་ཚོའི་མིང་དང་བཅས་པ་ང་ལ་ཤོད་ཀྱི་ཡོད།
སྐུ་གོང་མའི་གཟིགས་ཕྱོགས་ཀྱིས་བཀའ་ཉེས་ཕོགས་པའི་གྲས་བཞི་སྡེ་ཏཱ་བླ་མ་ཟེར་བ་ཞིག་ཡོད་པ་དེ་ལ་དགོང་མོ་གཅིག་རྨི་ལམ་དུ་ཤུགས་ལྡན་སྐུ་ཕེབས་ཀྱི་རྨི་ལམ་ཞིག་བཏང་། ཤུགས་ལྡན་ཡིན་སྙམ་པའི་རྣམ་པ་ཤར་བ་དེས་དགུ་རྫོགས་གནམ་གང་ཡིན་དཱ་ཟེར་སྐད་གསངས་མཐོན་པོས་བསྒྲགས་ཡོད་པ་རེད། སྐད་གསངས་མཐོན་པོ་ཟེར་བ་ནི་གཏམ་བཟང་པོ་ཞིག་ཡིན་ན་སྐད་གསངས་མཐོན་པོས་བཤད་ཆོག་པ་ཡིན། གཏམ་སྡུག་པ་ཞིག་ཡིན་ན་རྒྱལ་བ་དགེ་འདུན་གྲུབ་པ་བཀྲ་ཤིས་ལྷུན་པོར་བཞུགས་སྐབས་ནུབ་གཅིག་གཟིམ་ལམ་ལ་བུད་མེད་གཅིག་གིས་ངའི་མིང་པོ་གྲོངས་སོང་ཟེར་ནས་སྨྲེ་སྔགས་འདོན་པ་ཞིག་བྱུང་འདུག དུས་ཚོད་དེ་ལ་ལྷ་སར་རྗེ་བཙུན་ཤེས་རབ་སེང་གེ་དགོངས་པ་རྫོགས་ཡོད་འདུག དགོངས་པ་རྫོགས་པ་དེ་ནི་སྨྲེ་སྔགས་བཏོན་ནས་བཤད་རྒྱུ་ལས་སྐད་གསངས་མཐོན་པོས་བཤད་རྒྱུ་ཞིག་མིན། དགུ་རྫོགས་གནམ་གང་ཡིན་དཱ་ཟེར་ནས་སྐད་གསངས་མཐོན་པོས་སྨྲས་པར་བརྟེན། ཏཱ་བླ་མ་ཡ་མཚན་བྱུང་ནས་དེ་ཉིན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་ང་ལ་རྨི་ལམ་འདི་འདྲ་ཞིག་བྱུང་ཞེས་ཞུས་པར། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་རྨི་ལམ་གྱི་དུས་ཚེས་ཐོ་འགོད་བྱེད་ཅེས་གསུངས་ནས་ཐོ་བཀོད་འདུག དེ་ནས་ཏག་ཏག་ཟླ་བ་དགུ་པ་རྫོགས་ནས་བཅུ་པའི་གནམ་གང་ཉིན་༸གོང་ས་སྐུ་གོང་མ་སྐུ་གཤེགས་པ་རེད། སྐུ་གཤེགས་ཚེས་དེ་སྐད་གསངས་མཐོན་པོས་སྨྲས་པ་ཡ་མཚན་རེད།
དེ་འདྲའི་ཐོག་ནས་བསམ་བློ་གཏོང་དུས། སྐུ་མདུན་སྐུ་གོང་མ་བཀའ་དྲིན་ཅན་གཤེགས་དུས་དགའ་བསུ་བྱེད་མཁན་ཕལ་ཆེར་བོད་ལྗོངས་ལྷ་མིའི་ནང་ནས་དོལ་རྒྱལ་དང་། དེ་མིན་མི་རེ་ཟུང་ལས་གཞན་ཕལ་ཆེར་མེད། ང་ལ་འབྲས་ལྗོངས་ཁུལ་ངོ་ཤེས་པ་དེ་འདྲ་ཡོད། ཁོང་ཚོས་སྐུ་མདུན་སྐུ་གོང་མ་གཤེགས་པའི་གནས་ཚུལ་རྒྱལ་རྩེ་བརྒྱུད་ལན་འབྱོར་པ་དང་འབྲས་ལྗོངས་པ་ཚོས་མྱ་ངན་ཤུགས་ཆེ་བྱས་པ་ཡིན་བརྗོད་ཀྱི་འདུག སྙིང་རྗེ། བོད་པ་ནང་ཁུལ་དང་། དེའི་ནང་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཡིན་ཁུལ་བྱེད་མཁན་སྐུ་མདུན་སྐུ་གོང་མ་གཤེགས་དུས་གཏམ་བཟང་པོར་བརྩི་མཁན་དེ་ཡག་རྟགས་མ་རེད། ཤེས་སོང་ངམ། དེ་དག་ལ་ཚང་མས་དགོངས་པ་ཡག་པོ་ཞིག་བཞེས་དང་། ངས་གློ་བུར་མི་བྱེད་དགུ་བྱེད་བྱས་པ་མིན། ཚང་མ་གུང་བསྒྲིགས་ནས་བསམ་བློ་བཏང་ན་ཤེས་ཀྱི་རེད། ལྷ་མོ་འཁོན་པས་མ་ཚད་དམ་ཅན་ཆོས་རྒྱལ་དང་ཡང་མི་འགྲིགས་པ་ཡོད་པ་ཤིན་ཏུ་གསལ་པོ་རེད། འདིར་ཁྱེད་ཚོར་བཤད་ན་མི་འགྲིགས་པ་མི་འདུག རྒྱུད་སྨད་ཀྱི་མཁན་པོའི་ནང་དགའ་ལྡན་བྱང་རྩེའི་རྒན་སྦྲ་ཏི་(དགེ་བཤེས་བསོད་ནམས་རྒྱལ་མཚན་)རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དང་མཁན་པོ་གནང་ཡོད། ཁོང་སྔོན་མ་ནས་ཤུགས་ལྡན་སྐོར་ལ་གང་ཙམ་ཤུགས་ཆེན་པོ་ཡོད། བྱང་རྩེ་གྲྭ་ཚང་ནས་ཐག་བཅད་ཟིན་པ་རེད། ཁྱེད་རང་ཚོས་བསྐྱར་ནན་ཡང་ནན་བྱེད་དུས་ཁོང་གིས་ཚུར་ཡི་གེ་ཧ་ཅང་ཚ་པོ་ཞིག་བཏང་འདུག
དེར་བརྟེན་ཁོང་བྱང་རྩེ་གྲྭ་ཚང་གིས་སྐྱིད་སྡུག་ནང་མེད་ཅེས་གནས་དབྱུང་བཏང་བ་རེད། རྒྱུད་སྨད་ཀྱི་མཁན་པོ་བྱས་ཏེ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཆགས་ཟིན་པས་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གནས་དབྱུང་གཏོང་རྒྱུ་དཀའ་བའི་གནས་ཚུལ་ཡིན་ཡང་། བྱང་རྩེ་གྲྭ་ཚང་ནས་དེ་ལྟར་ཐག་གཅོད་བྱས་ཟིན་སྟབས། རྒྱུད་སྨད་གྲྭ་ཚང་ཁུ་སིམ་དུ་སྡོད་ཐབས་བྲལ་བར་བརྟེན་རྒྱུད་སྨད་ཀྱིས་དོན་དེ་གལ་ཆེན་པོ་ཡིན་པས་མགོན་པོ་དང་ཆོས་རྒྱལ་གཉིས་ལ་འཕྲིན་བཅོལ་བཏང་ནས་རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་བརྒྱུད་འདེབས་ནས་འདོན་དང་མི་བཏོན་ཟན་བརྟག་བསྒྲིལ་བར་བཏོན་ཞེས་བབས་འདུག དེ་ནི་མགོན་པོ་དང་ཆོས་རྒྱལ་གཉིས་ཀྱིས་ཐག་བཅད་པ་རེད། རྒྱལ་པོ་སྐུ་ལྔའི་རྒྱབ་རྩ་ལྷ་མོ་དང་། དེའི་རྒྱབ་རྩ་དམ་ཅན་ཆོལ་རྒྱལ། དེའི་རྒྱབ་རྩ་མགོན་པོ་ཕྱག་དྲུག་པས་གནང་གི་ཡོད་འདུག ལོ་གཅིག་ངའི་རྨི་ལམ་དུ་དགའ་ལྡན་གྱི་ཤུགས་ལྡན་བཙན་ཁང་ཡོད་ས་དེ་རེད་འདུག ཕལ་ཆེར་ང་རང་སོག་པ་ཁང་ཚན་གྱི་ནང་ཡོད་པ་ལྟ་བུ་འདུག དེ་འདྲ་ཞིག་ལ་མགོན་པོ་ཕྱག་དྲུག་ཐོག་བརྩེགས་ཁ་ཤས་ཡོད་པ་ཞིག་འདུག མགོན་པོ་ཕྱག་དྲུག་པའི་ཞབས་དོལ་རྒྱལ་གྱི་བཙན་ཁང་སྟེང་ལ་བཞག་སོང་བ་དེ་མ་ཐག་བཙན་ཁང་ཞིག་འགྲོ་བ་ཞིག་རྨིས་བྱུང་། འདི་དང་། ད་ལྟའི་ཟན་བརྟག་གཉིས་གུང་བསྒྲིགས་དུས་དོལ་རྒྱལ་བསྟེན་ན་རྗེ་རིན་པོ་ཆེས་བཀའ་བསྒོས་གཉེར་གཏད་ཡོད་པའི་མགོན་པོ་དང་དམ་ཅན་ཆོས་རྒྱལ་གཉིས་འཁོན་གྱི་ཡོད་པ་ཤིན་ཏུ་གསལ་པོ་རེད། ངས་སྐད་ཆ་རྒྱ་བསྐྱེད་དེ་མང་པོ་བཤད་དགོས་དོན་ཁྱེད་རང་ཚོ་ཡིད་ཆེས་རྙེད་རྒྱུར་ཕན་ཐོགས་ན་བསམ་ནས་དངོས་བྱུང་གནས་ཚུལ་བཤད་པ་ལས། ང་རང་འདི་འདྲ་བསམ་བྱུང་ཞེས་བཤད་པ་རྩ་བ་ནས་མིན། ཤེས་སོང་ངམ། ཁག་གཅིག་གིས་སྐད་ཆ་མང་པོ་བཤད་རྗེས་འདི་འདྲ་བསམ་བྱུང་ཞེས་ཤོད་མཁན་ཡོད། ངས་བཤད་པ་རྣམས་དེ་འདྲ་མིན། རྒྱུ་མཚན་གཅིག་དང་གཉིས་བྱས་ཏེ་བཤད་ཡོད།
དེ་རིང་ངས་འགྲེལ་བཤད་བརྒྱབ་སྟེ་ཞུས་པ་རྣམས་མང་ཆེ་བས་ཡིད་ཆེས་གནང་གི་རེད། རྒྱུད་སྨད་མཁན་ཟུར་ཏྲེ་ཧོར་རྒན་ཨོ་རྒྱན་ཚེ་བརྟན་ཁོང་དེ་སྔོན་དོལ་རྒྱལ་ཤུགས་ཆེ་བསྟེན་གྱི་ཡོད། ངས་དམ་དྲག་བྱས་པའི་རྗེས་སུ་ང་ལ་ཡི་གེ་ཞིག་གནང་བྱུང་། ཨོ་རྒྱན་ཚེ་བརྟན་མཇལ་དུས་ བླ་མའི་བཀའ་དང་ཆོས་སྐྱོང་གི་བཀའ་གཉིས་ཀྱི་ནང་ནས་ངས་བླ་མའི་བཀའ་གལ་ཆེ་བར་རྩི་ཡོད་པས། ༸རྒྱལ་བ་རིན་པོ་ཆེས་གང་བཀའ་གནང་བ་དེ་ལ་སེམས་ཐག་གཙང་བཅད་ཡིན་གསུངས་བྱུང་། སྙིང་རྗེ་ཏྲེ་ཧོར་ཁམས་པ་རྒན་ཐུབ་བསྟན་ངག་དབང་གིས། དོལ་རྒྱལ་སྐོར་༸རྒྱལ་བ་རིན་པོ་ཆེས་དམ་དྲག་གནང་བའི་རྗེས་སུ་གཙང་མ་བཞག་པ་ཡིན། གང་ཡིན་ཟེར་ན་༸རྒྱལ་བ་རིན་པོ་ཆེ་ང་ཚོ་བོད་ཀྱི་ནང་པ་ཡོངས་རྫོགས་ཀྱིས་གཙུག་ཏུ་བཀུར་ཡུལ་རེད། ལྷག་པར་ང་རང་དགེ་ལུགས་པ་ཞིག་ཡིན་པའི་ངོས་ནས་༸རྒྱལ་བ་རིན་པོ་ཆེ་གཙུག་ཏུ་བཀུར་གྱི་ཡོད། གཙུག་ཏུ་བཀུར་ཡུལ་དེ་དང་རྒྱག་གཅིག་མཆོངས་གཅིག་བྱས་ཏེ་འགྲོ་རྒྱུ་ལས་ཐེ་ཚོམ་སོམ་ཉི་བྱ་རྒྱུ་གང་ཡང་མེད་ཅེས་བཤད་སོང་། ཡག་པོ་འདུག སྙིང་རྗེ། ངས་ཕན་ན་བསམས་ནས་བཤད་པ་ལས་ང་སྒེར་ལ་ཁེ་ཕན་ཡོང་རྒྱུ་གང་ཡང་མེད། ད་དུང་ཕྲན་བུ་མི་བདེ་བ་འདུག་རུང་།
གཅིག་ནས་བོད་སྤྱི་པའི་དོན་དང་། གཉིས་ནས་འཇམ་མགོན་བླ་མའི་བསྟན་པར་སྐྱོན་འཛུགས་ས་སྣེ་གཅིག་མེད་པ་འདི་ལ་དོལ་རྒྱལ་གྱིས་རྐྱེན་བྱས་ནས་སྔོན་མ་དྲུང་ཆེ་ཏཱ་བླ་མས་ང་ལ་གསུངས་པར། འབྲུག་ནང་གི་འབྲུག་པ་ཁ་ཤས་ཀྱིས་དགེ་ལུགས་པའི་ཆོས་ཡག་པོ་རེད། ‘འོན་ཀྱང་དགེ་ལུགས་པའི་རྗེས་ལ་འདྲེ་ཞིག་ཡོང་གི་ཡོད་པ་དེ་ཡག་པོ་གཏན་ནས་མེད་ཟེར་གྱི་འདུག་ཅེས་གསུངས་བྱུང་། དེ་ནི་ཞབས་འདྲེན་རེད། དེས་དགེ་ལུགས་པའི་བསྟན་པར་ཕན་གྱི་འདུག་དང་གནོད་ཀྱི་འདུག་བསམ་བློ་བཏང་ན་ཤེས་ཀྱི་རེད། དེ་བཞིན་ང་སྔོན་མ་འབྲས་ལྗོངས་ཁུལ་ལ་འགྲོ་དུས་༸རྒྱལ་བ་རིན་པོ་ཆེ་ཡིན་སྟབས་རྙིང་མ་བཀའ་བརྒྱུད་ས་སྐྱ་བཅས་པ་ཚང་མས་སྐད་གཏོང་གི་ཡོད། ངས་ཀྱང་དེ་དག་ལ་བསྐྱོད་དེ་ང་ཕྱིར་ལོག་བྱས་པའི་རྗེས་སུ་ཁ་ཤས་ཀྱིས་ང་སྡོད་སར་བསངས་བདུག་བྱེད་ཀྱི་འདུག་ཟེར། འདིར་རྒྱལ་བ་རིན་པོ་ཆེ་བཞུགས་པར་བརྟེན་དོལ་རྒྱལ་གནས་ཡོད་པ་རེད་ཟེར་གྱི་ཡོད། དེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པར་ཕན་གྱི་འདུག་དང་གནོད་ཀྱི་འདུག
ཡང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཀརྨ་པ་སྐུ་གོང་མ་ཐུགས་ཉེ་ནང་མ་ཡིན་ཞིང་། བཞུགས་སྒྲོམ་གཅིག་ནང་མཉམ་བཞུགས་དང་། གསོལ་ཚིགས་མཉམ་བཞེས་ཀྱིས་བཀའ་མོལ་ནང་མ་གནང་ནས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ཐེངས་གཅིག་ཀརྨ་པ་རིན་པོ་ཆེ་གློ་བུར་ཁྲི་བྱང་རིན་པོ་ཆེ་མཇལ་བར་ཕེབས་ཀྱི་ཡིན་ཞེས་བཀའ་ཞིག་འབྱོར་འདུག ཁྲི་བྱང་རིན་པོ་ཆེ་སྐབས་དེར་དོལ་རྒྱལ་གྱི་ཟླ་བསྐང་གཏོང་བ་གནང་རྒྱུའི་མཆོད་པ་བསྒྲིགས་ནས་ཟླ་བསྐང་གསུང་གྲབས་ཡོད་གསུང་གི་འདུག གློ་བུར་ཀརྨ་པ་ཕེབས་ཀྱི་ཡོད་པའི་ལན་འབྱོར་པ་དང་བྲེལ་འཚུབ་ཀྱིས་མཆོད་པ་རྣམས་བསྡུ་གསོག་རྒྱག་དགོས་བྱུང་གསུང་གི་འདུག གང་ཡིན་ཟེར་ན་ཀརྨ་པ་རིན་པོ་ཆེ་དོལ་རྒྱལ་ལ་མཉེས་པོ་མེད་པ་ཁྲི་བྱང་རིན་པོ་ཆེས་མཁྱེན་གྱི་ཡོད་པ་རེད། དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་སྲུང་མ་རྙིང་མ་བཀའ་བརྒྱུད་ཀྱི་ཆོས་གྲོགས་ཚོར་ངོམ་ཆོག་པ་ཞིག་ཡོད་ན། གསང་སྦས་གནང་དགོས་དོན་མེད། ཤུགས་ལྡན་སྦས་གནང་དགོས་བྱུང་བ་དེ་ལ་གནད་དོན་ཡོད་པ་གསལ་པོ་རེད།
དངོས་གནས་ཤུགས་ལྡན་བསྟེན་ནས་དགེ་ལུགས་པའི་བསྟན་པ་ལ་ག་རེ་ཕན་འདུག་ཞིབ་རྩིས་ཡག་པོ་ཞིག་རྒྱོབ་དང་། ཁམས་ཁུལ་གྱི་བླ་མ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་ཨ་ལགས་འཇིགས་མེད་དམ་ཆོས་ལ་ཕྱག་བྲིས་ཤིག་ཕུལ་གནང་བ་ཚེ་ཏན་ཞབས་དྲུང་གིས་ཨ་ལག་འཇིགས་མེད་དམ་ཆོས་ཀྱི་རྣམ་ཐར་བྲིས་པའི་ནང་གསལ་པོ་འཁོད་པ་འདི་ལྟར། སྐུ་ཞབས་ཕ་བོང་ཁ་པ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་རྙིང་གི་གྲུབ་མཐའ་ཆེན་པོ་རྩོད། པདྨ་འབྱུང་གནས་ཀྱི་སྐུ་དང་ཞི་ཁྲོའི་ལྷ་བཤིག་པ། བཛྲ་གུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་ལ་སོགས་པའི་ལོག་སྤྱོད་མང་པོ་དང་། གཞན་ཡང་མ་ཎི་སོགས་ཀྱི་འཁོར་ལོ་སྐོར་བ་དང་གཤིན་པོར་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང་། མཆོག་གསུམ་ཀུན་འདུས་རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་པ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིག་བཅོམ་སོགས་རང་མཚང་མང་ཞིང་། རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། སྤྱི་ལ་ཕན་པའི་སྤྲིངས་ཡིག་ཅིག་མཛད་ནས་པར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་ལ་བཀྱེས་པར་མཛད་ན་བསྟན་པའི་འཁྲུགས་སེལ་ལ་བཀའ་དྲིན་ཆེ་ཞུ། ཞེས་གསུང་འདུག དེ་ལྟར་ཡིན་ཐག་ཆོད་རེད། ཆབ་མདོ་ཁུལ་ལ་ཤུགས་ལྡན་གཙོ་འཁོར་དགུ་ཡིན་ཟེར་བ་ཁོག་བརླམས་བྱེད་མཁན་བྱུང་ནས་སློབ་དཔོན་གྱི་སྐུ་ཆུ་ལ་བསྐྱུར་ཡོད། དེ་ཚོའི་གྲས་ཀྱིས་དངོས་གནས་ཆོས་ལུགས་དབར་དམ་སེལ་ཆེན་པོ་བཟོས་ཡོད།
ལོ་གཅིག་གཉིས་ཀྱི་གོང་དུ་ཁམས་ཁུལ་དགེ་དགོན་གྱི་ལས་སྣེ་ཞིག་ང་ཐུག་པར་སླེབས་བྱུང་། ཁོང་ཚོའི་དགོན་པས་དོལ་རྒྱལ་བསྟེན་གྱི་ཡོད། དོལ་རྒྱལ་བསྟེན་པའི་སྐབས་སུ་ཉེ་འཁོར་གྱི་ས་སྐྱའི་དགོན་པ་དང་། བཀའ་བརྒྱུད་ཀྱི་དགོན་པ། རྙིང་མའི་དགོན་པ་བཅས་དང་འབྲེལ་བ་ཡག་པོ་ཞིག་རྩ་བ་ནས་ཡོང་གི་མེད། དགོན་པ་ཕན་ཚུན་མ་འཆམ་པ་སྨོས་ཅི་སྦྱིན་བདག་ཚོ་ཡང་མ་འཆམ་པར་གཅིག་གིས་གཅིག་ལ་མ་དགའ་བ་བྱེད་ཀྱི་ཡོད། བར་སྐབས་ཁོང་ཚོའི་དགོན་པས་དོལ་རྒྱལ་བསྟེན་གསོལ་རྩ་བ་ནས་མཚམས་འཇོག་བྱས་པ་ཡིན། དེ་ནས་བཟུང་དེ་ཁུལ་ས་དགེ་བཀའ་རྙིང་གི་དགོན་ཁག་བཅུ་བདུན་ཙམ་ཡོད་པ་ཚང་མ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཧ་ཅང་ཡག་པོ་བྱུང་བ་དང་། དགོན་པ་ཚོ་ཐུགས་མཐུན་བྱུང་བར་བརྟེན་སྦྱིན་བདག་ཚོ་ཡང་འཆམ་མཐུན་ཡག་པོ་བྱུང་ཞེས་བརྗོད་ཀྱི་འདུག དེར་བརྟེན་དོལ་རྒྱལ་བསྟེན་ན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུ་ལས་ལྡོག་ཏེ་ཕན་ཚུན་འགལ་ཟླ་ཆགས་ནས་དགེ་ལུགས་པར་སྐྱོན་འདོགས་བྱེད་ཀྱི་ཡོད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་སྤུས་དག་པོ་པོ་ཏི་བཅོ་བརྒྱད་ལ་ལྟོས་དང་། མཁས་པ་མཁས་པའི་ནང་ལ་མཛེས་ཞེས་གསུངས་པ་ལྟར་ཕྲན་བུ་བརྡར་ཤ་གཅོད་རྒྱུ་འདྲ་ཡོང་བ་ལས། དེ་མིན་མཁས་པ་འཇུ་མི་ཕམ་གྱིས་རྗེ་རིན་པོ་ཆེར་བསྟོད་པ་མཛད་པ་དེའི་ནང་ལ་རྗེ་རིན་པོ་ཆེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་པ་དེ་ལ་དམིགས་བསལ་གྱིས་བསྟོད་བསྔགས་གནང་འདུག མཁས་པ་མཁས་པའི་ནང་ལ་མཛེས། ཟེར་བ་དེ་རེད།
དེ་བཞིན་དུ་སྟག་ཚང་ལོ་ཙཱ་བས་རྗེ་རིན་པོ་ཆེར་འགལ་བའི་ཁུར་ཆེན་བཅོ་བརྒྱད་སྤུངས་ནས་དགག་པ་ཆེན་པོ་གནང་ཡོད་ཀྱང་། རྗེས་སུ་རྗེ་རིན་པོ་ཆེའི་གསུང་གི་འཕྲིན་ལས་གཟིགས་དུས་བསྟོད་བསྔགས་ཧ་ཅང་ཆེན་པོ་གནང་ཡོད། གང་ལྟར་རྗེ་རིན་པོ་ཆེའི་གསུང་ཧ་ལས་དགོས་པའི་སྤུས་དག་པོ་ཡོད། གྲུབ་མཐའི་བློས་ཕྱོགས་སུ་ལྷུང་བའི་གནས་ཚུལ་ནི་ཐ་དད་རེད། དེ་འདྲའི་ཐོག་ནས་དགེ་ལུགས་པར་ཞེན་ཁོག་བྱས་ན་འགྲིགས་པ་ཡིན། དེ་མིན་རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ཀྱི་དོན་མ་ཤེས་པར་གླེང་གཞི་ཅན་གྱི་དྲེགས་པ་ཞིག་ལ་ཧ་ཅང་བསྟོད་ནས་བསྟེན་པ་ཡིན་ན་དེ་ནི་ངོ་ཚ་དགོས་པ་དང་། དགེ་ལུགས་པའི་ཞབས་འདྲེན་ཡིན། ཤེས་སོང་ངམ། དངོས་གནས་དགེ་ལུགས་པར་ཞེན་ཁོག་ཡོད་ན་བྱེད་སྟངས་དེ་འདྲ་མིན། གང་ལྟར་དོལ་རྒྱལ་སྐོར་གྱི་རྙོག་དྲའི་རྒྱབ་ལྗོངས་དེ་འདྲ་རེད། ཐོག་མར་ངས་ཀྱང་བསྟེན་པ་ཡིན། རྗེས་སུ་ངས་གནས་ཚུལ་རྣམས་ཤེས་པ་དང་མཚམས་འཇོག་གཙང་མ་བྱས་པ་ཡིན།
བར་སྐབས་རྒྱ་གར་ནང་དང་། བོད་ནང་བཅས་པར་དེ་སྔ་དོལ་རྒྱལ་བསྟེན་མཁན་མང་པོ་ཞིག་གིས་གོང་གསལ་གནས་ཚུལ་ཚང་མ་ཤེས་རྟོགས་བྱུང་རྗེས་མང་ཆེ་བས་མཚམས་འཇོག་གཙང་མ་བྱས་ཏེ་ཧ་ཅང་ཡག་པོ་ཡོད། ཡིན་ནའང་རྒྱ་གར་ནང་ཆ་བཞག་ན་བར་སྐབས་དགའ་ལྡན་རྡོ་ཁང་ཁང་ཚན་ཟུར་གྱེས་བྱས་ཡོད། ན་ནིང་ང་དགའ་ལྡན་དུ་སླེབས་སྐབས་ཤར་རྩེའི་ཁོངས་སུ་ཡོད་པ་ཚོས་རྡོ་ཁང་གསར་པ་ཡིན་རྗོད་ཀྱི་འདུག ངས་ཁྱེད་ཚོ་ག་རེ་ཤོད་ཀྱི་ཡོད་དམ། རྡོ་ཁང་གསར་པ་ཟུར་གྱེས་བྱེད་མཁན་ཚོ་ཡིན་པ་ལས་ཁྱེད་རང་ཚོ་སྔར་ནས་ཡོད་པའི་ཁང་ཚན་རང་ཡིན་པས་གསར་པ་ཡིན་ཞེས་ཤོད་དགོས་དོན་མེད་ཅེས་བཤད་པ་ཡིན། སེ་ར་སྤོམ་པོ་ར་ཁང་ཚན་ལ་ཆ་བཞག་ན་གཤིས་ཀ་སློག་མཁན་དེ་ཚོ་གྲ་རྒྱས་ཐག་ཆོད་ཡོད། དེ་ནི་རྒྱབ་དཔུང་རྒྱ་ནག་གུང་ཁྲན་ཏང་ལ་བཅོལ་བས་ཡིན། ད་ལམ་ཉེ་ཆར་གནས་ཚུལ་གསལ་པོ་འབྱོར་བ་ཞིག་ལ། ནིའུ་ཡོག་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནགགཞུང་ཚབ་ཁང་གིས་དོལ་རྒྱལ་ཚོགས་པའི་མི་ཁ་ཤས་སྐད་བཏང་ནས་ཁོང་ཚོ་གོ་བསྡུར་བྱས་པའི་གནས་ཚུལ་འདུག དེ་བཞིན་བོད་ནང་ལ་ཆ་བཞག་ན་གངས་ཅན་བླ་མ་ཟེར་བ་དེ་ཚོའི་གྲས་བོད་ལ་སླེབས་དུས་རྒྱ་ནག་གཞུང་གིས་དམིགས་བསལ་སྣེ་ལེན་བྱེད་ཀྱི་འདུག བོད་མི་ཆབ་སྲིད་ཉམས་ཞིབ་པ་གྲགས་ཅན་ཞིག་གིས་ཁོ་རང་ངོ་མ་ཁམས་ཁུལ་གྱི་དགོན་པ་བརྒྱ་ཙམ་ལ་ཉམས་ཞིབ་ཏུ་ཕྱིན་པ་ཡིན་ཟེར།
དེ་དག་གི་ནང་ནས་རྒྱ་ནག་གི་རྒྱལ་དར་འཛུགས་མཁན་ཆ་ཕྲེང་བསམ་འཕེལ་གླིང་དགོན་པ་གཅིག་པུ་ལས་གཞན་དག་མི་འདུག་ཅེས་རྩོམ་ཡིག་ནང་བཀོད་འདུག དོལ་རྒྱལ་བསྟེན་མཁན་ཚོར་རྒྱ་ནག་གུང་ཁྲན་ཏང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་ནི་རྒྱ་ནག་གུང་ཁྲན་ཏང་རྒྱལ་པོ་ཤུགས་ལྡན་ལ་ཡིད་ཆེས་དང་དད་པ་ཡོད་ནས་བྱས་པ་མ་ཡིན་པར། རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ཁོང་ཚོར་ཕན་ཐོགས་ཡོད་པར་བརྟེན་ཁོང་ཚོའི་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱེད་ཀྱི་ཡོད། ཤེས་སོང་ངམ། དངོས་གནས་བྱས་ན་རྒྱ་མི་གུང་ཁྲན་ཚོ་ལྐུགས་པ་རེད། བོད་མི་མང་ཆེ་བས་རྒྱལ་བ་རིན་པོ་ཆེའི་རྗེས་སུ་འབྲངས་པ་ལས་དོལ་རྒྱལ་གྱི་རྗེས་སུ་འབྲང་གི་མ་རེད། རྒྱ་དཔོན་མཁྲེགས་བཟུང་མཁན་དེ་ཚོའི་ཀླད་པ་བྱིའུའི་ཀླད་པ་ཙམ་ལས་མེད་པའི་ལྐུགས་པ་རེད་འདུག འཕྲལ་སྒང་ཕྲུ་གུ་ཆུང་ཆུང་རླུང་ལངས་པ་ལྟར་བྱས་ནས་སྐད་ཆ་རྩུབ་པོ་དང་དོན་མེད་སྐྱོན་འཛུགས་བྱས་ན་མིའི་སྣང་བར་འགྲོ་གི་མ་རེད་བསམ་པ་འདི་ཙམ་ཡང་ཤེས་ཀྱི་མི་འདུག ཧ་ཅང་ཐབས་སྐྱོ་བོ་རེད།
ཡིན་ནའང་དཔལ་འབྱོར་ཐད་ཁོང་ཚོར་དངུལ་ཧ་ཅང་མང་པོ་ཡོད་ལ། དབང་ཆ་ཆེན་པོ་དང་མེ་མདའ་ཡང་ཡོད་པ་རེད། དེ་བརྟེན་བོད་ནང་དོལ་རྒྱལ་བསྟེན་མཁན་ཚོར་རྒྱ་ནག་གཞུང་གི་རྒྱབ་སྐྱོར་དང་དངུལ་ཐོབ་ཀྱི་ཡོད། ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཡོད་དུས་སྤོབས་པ་མཐོ་རུ་འགྲོ་བ་དང་། དེ་འདྲའི་ཐོག་ནས་ལས་འགུལ་སྤེལ་གྱི་འདུག སྐབས་རེ་༸རྒྱལ་བ་རིན་པོ་ཆེས་བཤད་པ་དྲང་དོན་རེད། ༸རྒྱལ་བ་རིན་པོ་ཆེས་རྙིང་མར་སྤྲེལ་ལད་འཁྲབ་ནས་ཤུགས་ལྡན་བཀག་འགོག་བྱས་པ་རེད་ཟེར་བ་དང་། ཡང་སྐབས་རེ་༸རྒྱལ་བ་རིན་པོ་ཆེས་སྔར་དོལ་རྒྱལ་བསྟེན་པ་དང་། མ་འོངས་པར་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་གྱི་རེད་ཅེས་ཤོད་པ་དང་། ཡང་ཁ་ཤས་ཀྱིས་དེ་དག་༸རྒྱལ་བ་རིན་པོ་ཆེས་བཤད་ཡོད་པ་མ་རེད། འོག་གི་ལས་བྱེད་པས་དཀྲོགས་པ་རེད་ཅེས་ཤོད་ཀྱི་ཡོད། དེ་འདྲ་ཡིན་དུས་དོལ་རྒྱལ་གྱི་གནས་ཚུལ་འདི་ཕར་ཕྱོགས་ནས་རྒྱ་ནག་གུང་ཁྲན་ཏང་གིས་རྒྱབ་སྐྱོར་བྱེད་ཡུལ་ཞིག་ཆགས་ཏེ་ཆེད་མངགས་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། ང་ཚོ་ཚུར་ཕྱོགས་ནས་དེ་ལུགས་ཀྱི་ཡིད་གཟབ་བྱེད་དགོས་པ་ཡིན། ཤེས་སོང་ངམ། དེའི་བྱུས་གཏོགས་༸རྒྱལ་བ་རིན་པོ་ཆེ་མི་གཅིག་ལ་འཁྲིས་པས་༸རྒྱལ་བ་རིན་པོ་ཆེ་ཤོད་དུ་བཅུག ང་ཚོ་ལ་བྱུས་གཏོགས་མེད་བསམས་ནས་བསྡད་ན་འགྲིག་གི་མ་རེད། ཤེས་སོང་ངམ། ང་རང་ལོ་ ༧༦ ལ་སླེབས་སོང་། ངའི་ཚེ་ལྷག་གི་མི་ཚེ་སྐྱིད་པོའི་ངང་བསྐྱལ་རྒྱུ་ཡིན། སྡུག་ན་ཁྱེད་རང་ཚོ་སྡུག་གི་རེད། ང་ཤི་རྗེས་ཟང་ཟིང་མང་པོ་བྱུང་ན་ང་ལ་གྱོང་རག་རྒྱུ་གང་ཡང་མེད། ཤེས་སོང་ངམ།
ད་ལྟ་བར་དུ་ངས་བཤད་པ་རྣམས་བོད་སྤྱིའི་དོན་ལ་ལྷག་བསམ་བཅངས་པ་དང་། ཁྱེད་རང་ཚོར་ཤ་ཚ་ནས་བཤད་པ་ལས། ཁྱེད་ཚོར་གནག་གནག་བྱས་ནས་བཤད་པ་མིན། དོལ་རྒྱལ་ཚོགས་པའི་མི་ཚོར་ཆ་བཞག་ནའང་ངས་ཤ་ཚ་བྱས་ཏེ་ཁོ་ཚོ་ལམ་ལོག་པ་ལས་ཚུར་བསྐྱབ་ཐུབ་ན་བསམས་ནས་ཤོད་ཀྱི་ཡོད། ངས་གོང་དུ་ཐག་གཅོད་བྱས་ཏེ་བཤད་པ་རྣམས་གནས་ཆུང་གིས་གསུང་གི་འདུག་ཅེས་ངས་ཧོལ་རྒྱུག་བྱས་པ་མིན། ལོ་ནས་ལོ་བསྟུད་དེ་ཞིབ་འཇུག་མཐིལ་ཕྱིན་བྱས་པ་དང་། ཡོངས་འཛིན་རྣམ་པ་གཉིས་ལ་སྙན་སེང་ཞུས་ཏེ་བློ་བདེ་གདེང་འཁེལ་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས་ངས་ཚ་གི་ཚི་གི་དང་། འ་རི་འུ་རི། མགོ་སླ་པོ་བཅས་བྱས་པ་རྩ་བ་ནས་མིན། དེ་ལུགས་ཁྱེད་རང་ཚོས་བསམ་བློ་གཏོང་དགོས། ཤེས་སོང་ངམ། དོལ་རྒྱལ་དང་འབྲེལ་བ་ཡོད་པ་དགེ་ལུགས་དང་། ས་སྐྱ་གཉིས་ཡིན། ས་སྐྱ་ལ་ཆ་བཞག་ན་ས་སྐྱ་བདག་ཁྲི་རིན་པོ་ཆེས་བར་སྐབས་བོད་ཕྱི་ནང་ལ་བཀའ་སློབ་གནང་ཡོད། མ་གཞི་སྔ་མོ་ནས་ཁང་གསར་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་མང་པོ་ཞིག་གིས་དོལ་རྒྱལ་ལ་དམ་དྲག་གནང་ཡོད། བདག་ཁྲི་རིན་པོ་ཆེས་བར་སྐབས་བོད་ནང་ལན་བསྐུར་གནང་བ་སོགས་ཀྱིས་བོད་ནང་ལ་ཤུགས་རྐྱེན་ཡག་པོ་བྱུང་འདུག བོད་ནང་གི་དགེ་ལུགས་དགོན་པ་མང་པོས་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད། ས་སྐྱའི་དགོན་པ་ཡིན་ནའང་འདྲ། དགེ་ལུགས་དགོན་པ་ཡིན་ནའང་འདྲ། ལྷག་པར་རྙིང་མ་བ་ཚོས་དེ་ནི་དགེ་ལུགས་པའི་རྙོག་དྲ་རེད་ཅེས་འཇོག་རྒྱུ་མེད། ཤེས་སོང་ངམ།
ཡང་རྙིང་མ་བ་ཁ་ཤས་ཀྱིས་དེ་ནི་དགེ་ལུགས་པའི་རྙོག་དྲ་རེད། ང་ཚོ་དེའི་ནང་ཚུད་དགོས་དོན་མི་འདུག་ཅེས་ཤོད་མཁན་ཡོད། དེ་ནི་བོད་ཀྱི་བསྟན་སྲིད་སྤྱིའི་དོན་ལ་ཐུག་ཡོད་པའི་གནད་འགག་ཁྱེད་རང་ཚོས་ཤེས་པ་བྱེད་དགོས། གོ་བྱུང་ངམ། ཁོང་ཚོ་ཁ་ཤས་ཀྱིས་ངའི་སྐད་གོ་གི་མེད་ན་རྗེས་སུ་ཁྱེད་རང་ཚོས་ཕན་ཚུན་བཤད་ན་འགྲིགས། ཤེས་སོང་ངམ། གང་ལྟར་དེ་ནི་བསྟན་པ་སྤྱིའི་དོན་དང་། བཅོམ་ལྡན་འདས་ཀྱི་རྗེས་འཇུག་དགེ་ཕྲུག་ཚང་མ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པའི་དོན་དུ་བཤད་པ་ཡིན། ཕན་ཚུན་ཆོས་གྲོགས་ཀྱི་འདུ་ཤེས་བཞག་དགོས་པ་ལས། དགེ་ལུགས་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། རྙིང་མ་ཞེས་རིས་སུ་བཅད་ན་ཕན་ཐོགས་གང་ཡང་མེད། བཅོམ་ལྡན་འདས་ཐུགས་ཕམ་རྒྱུ་དང་། རྗེ་རིན་པོ་ཆེ་ཐུགས་ཕམ་རྒྱུ་ལས་ཁོང་རྣམ་པ་མཉེས་པོ་ཡོང་གི་མ་རེད། རྗེ་རིན་པོ་ཆེའི་དགོངས་པ་གང་ཡིན་པ་༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཁྱེན་གྱི་རེད། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས། སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ། ཞེས་དང་། རང་བསྟན་པ་འཛིན་པར་ཁས་ལེན་ཅིང་། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། ཞེས་སྐབས་དེར་རྒྱལ་བ་དགེ་འདུན་གྲུབ་པ་གསུང་སྐད་ཤོར་ཡོད། དེང་སང་ཆོས་ལུགས་འཐེན་འཁྱེར་བྱེད་པ་འདི་དག་མི་དགོས་པ་ཡིན། ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་སུ་གནས་དགོས། ཡང་དམ་ཚིག་འོ་ཆུ་གཅིག་འདྲེས་ཡིན་ཞེས་རང་ལུགས་ལ་གཏད་སོ་མེད་པ་དེ་འདྲ་མིན་པར་གུང་ཐང་རིན་པོ་ཆེས། རང་ལུགས་གཏད་སོ་ཡོད་པ་གྱིས་ཤིག་ཨང་། ཞེས་གསུངས་པ་ལྟར་བྱེད་དགོས།
བསྲེས་ལྷད་ཀྱི་སྐོར་ངས་སྔོན་མ་ནས་བཤད་ཡོད། བསྲེས་ལྷད་ཟེར་བ་ནི་གང་ཟག་གཅིག་གིས་རྙིང་མའི་ཆོས་དང་། དགེ་ལུགས་པའི་ཆོས། ས་སྐྱའི་ཆོས། བཀའ་བརྒྱུད་པའི་ཆོས་བཅས་བྱེད་པ་ལ་ཟེར་བ་མིན། ༸གོང་ས་ལྔ་པ་ཆེན་པོས་ལམ་རིམ་འཇམ་དཔལ་ཞལ་ལུང་གསུང་སྐབས་དེའི་ནང་རྫོགས་ཆེན་གྱི་ཆོས་སྐད་བསྲེས་གནང་མེད་པ་དང་། རྫོགས་ཆེན་གྱི་རིག་འཛིན་ཞལ་ལུང་གསུང་སྐབས་དེའི་ནང་དགེ་ལུགས་པའི་ཆོས་སྐད་བསྲེས་པ་གནང་མེད། བསྲེས་ལྷད་ཟེར་བ་ཕན་ཚུན་ཆོས་སྐད་བསྲེས་པ་ལ་ཟེར་བ་ཡིན། ༸རྒྱལ་བ་ལྔ་པ་རང་ཉིད་ཀྱིས་དགེ་ལུགས་པ་དང་། ས་སྐྱ། རྙིང་མ་བཅས་གནང་གི་ཡོད་པ་དེ་ལ་བསྲེས་ལྷད་ཟེར་བ་མིན། ཕྱིས་སུ་དེ་ལ་གོ་ནོར་གྱིས་དགེ་ལྡན་བསྟན་ལ་བསྲེས་ལྷད་འཇུག་པ་ཟེར་བ། དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་ན་བསྲེས་ལྷད་བྱས་པ་ཡིན་པས་ཤུགས་ལྡན་གྱིས་ཚར་གཅོད་ཀྱི་རེད་ཅེས་ཤོད་ཀྱི་ཡོད། ཤེས་སོང་ངམ།
བོད་ནང་གི་སེ་འབྲས་དགེ་གསུམ་དང་། རྒྱུད་གྲྭ་སྟོད་སྨད་གཉིས་སོགས་འབྲེལ་ཡོད་དགེ་ལུགས་ཀྱི་དགོན་པ་ཚང་མས་ཤེས་དགོས་པར་ངོས་ཀྱིས་དོལ་རྒྱལ་དམ་དྲག་བྱས་པ་འདིའི་མཇུག་གནོན་བྱ་རྒྱུ་ཁྱེད་ཚོ་སྤྱི་ལ་འཁྲི་བའི་ལས་འགན་ཡིན། དེ་ལུགས་ཁྱེད་ཚོས་མཇུག་གནོན་བྱས་ཏེ་ཁུངས་སོ་སོའི་འབྲེལ་ཡོད་དགོན་པ་ཚོར་བླ་སྤྱིའི་ཐོག་ནས་ཡི་གེ་གཏོང་དགོས་པ་བླ་སྤྱིས་བཏང་། གྲྭ་ཚང་སོ་སོའི་ཐོག་ནས་གཏོང་དགོས་པ་གྲྭ་ཚང་སོ་སོ་དང་། ཡང་ཁང་ཚན་སོ་སོའི་ཐོག་ནས་གཏོང་དགོས་པ་ཁང་ཚན་སོ་སོས་བཏང་སྟེ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས། ཤེས་སོང་ངམ། དོལ་རྒྱལ་གྱི་སྐོར་འདི་༸རྒྱལ་བ་རིན་པོ་ཆེ་གཅིག་པུ་ལས་ང་ཚོར་བྱུས་གཏོགས་མེད་བསམ་པ་མ་བྱེད་ཅེས་ཁྱེད་རང་ཚོར་བཤད་འདོད་བྱུང་། རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་ཁུར་བླངས་ཏེ་བོད་ནང་གི་འབྲེལ་ཡོད་སོ་སོར་ཡིག་འགྲུལ་བྱས་ཏེ་མ་གོ་མ་ཐོས་པ་མེད་པ་བཟོ་དགོས། དེ་ལྟར་བྱས་ན་མགོ་རྨོངས་ཏེ་དོལ་རྒྱལ་བསྟེན་མཁན་དེ་ཚོའི་གྲས་གོ་རྟོགས་སད་རྒྱུ་དང་། ཤེས་བཞིན་ཁྱད་གསོད་དང་། དྲིན་ལན་ལོག་འཇལ། གནས་དུས་ཚོད་རྩིས་བཅས་བྱེད་མཁན་གྲས་ཉུང་ཤས་དེ་དག་ཕོ་རོག་དཀར་པོ་ཐོན་རྒྱུ་རེད། ཤེས་སོང་ངམ།
རྒྱ་དམར་གུང་ཁྲན་གྱིས་ང་བདུད་རེད་ཟེར་གྱི་ཡོད་པ་དང་། དེ་བཞིན་དོལ་རྒྱལ་བསྟེན་མཁན་ཚོས་ཀྱང་ཏཱ་ལའི་བླ་མ་བསམ་བཞིན་དུ་སྨོན་ལམ་དབང་གིས་དགེ་ལུགས་པའི་བསྟན་པར་གནོད་པ་བྱེད་མཁན་ལ་སྐྱེས་པ་རེད་ཤོད་ཀྱི་ཡོད་རེད། དེ་སྔ་ཨ་ལོ་ཆོས་མཛད་ཀྱིས་དེ་འདྲའི་ཡི་གེ་བྲིས་ཡོད། ང་ལ་ཁྱད་པར་གང་ཡང་མི་འདུག ང་བདུད་རེད་ཅེས་བཤད་ནའང་འགྲིག་གི་འདུག ༸རྒྱལ་བ་ལྔ་པས་ཕར་སྨོན་ལམ་ལོག་པའི་དམ་སྲི་རེད་ཅེས་གསུངས་ཡོད། ཁོང་ཚོས་ཚུར་ང་ལ་སྨོན་ལམ་ལོག་པའི་དམ་སྲི་རེད་ཅེས་ཤོད་སྲིད། ང་སྨོན་ལམ་ལོག་པའི་དམ་སྲི་ཡིན་ནའང་་འགྲིག་གི་འདུག ང་རང་གི་ངོས་ནས་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་མཁན་ཞིག་དམ་སྲི་ཡིན་ནའང་ཨའུ་ཙི་མ་རེད་དམ། དེ་རིང་མི་མང་པོ་འཛོམས་ཐོག་འདིར་སྐད་ཆ་བཤད་ན་བསམས་ཏེ་བཤད་པ་དང་། དེ་ཡང་བཀའ་བཏང་བ་ལྟ་བུ་མིན་པར་རྒྱུ་མཚན་ཁུངས་ལུང་དང་བཅས་ཏེ་འགྲེལ་བཤད་ཞུས་ཡོད་པ་དེ་དག་ཚང་མའི་དགོངས་པར་འཇགས་པ་གནང་རོགས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་དང་།
ཡང་གཏམ་མཇུག་བསྡུའི་སྐད་ཆ་བཟང་པོ་ཞིག་ཞུ་འདོད་བྱུང་། གཙོ་བོ་ བོད་ནང་ཡོད་པའི་ཁྱེད་རང་ཚོ་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་ཚང་མས་ཧུར་ཐག་གནང་གི་འདུག དེ་བཞིན་རྒྱ་གར་ནང་ལོ་ཤས་སློབ་གཉེར་བྱས་ཏེ་བོད་ནང་འགྲོ་མཁན་ཚོས་ཧུར་ཐག་གནང་གི་འདུག དེ་དག་ནི་དངོས་གནས་བསྟན་པའི་ཞབས་འདེགས་ཡིན་པས་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ཡི་རངས་དང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་རང་དབང་ལུང་པའི་ནང་ལོ་ལྔ་བཅུ་ང་གྲངས་སྡོད་རིང་གདན་ས་གསུམ་གཙོ་བོར་འགྱུར་པའི་བཤད་གྲྭ་ཁག་དེ་དག་གིས་ཧུར་ཐག་བྱས་ཡོད། ཐོག་མར་སྦག་སར་སྡོད་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡོད། དེ་ནས་རིམ་པས་གདན་ས་ཁག་ཚུགས་ཏེ་ཚང་མས་ཧུར་ཐག་གནང་ཡོད། དཔེ་འཁྲིད་དགེ་རྒན་ཚོ་དང་། མཁན་པོ་ལས་ཟུར་ཚོས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཚོད་ཁག་པོ་དེའི་སྐབས་ང་མི་གཅིག་ལ་ཕྱག་སྟོང་སྤྱན་སྟོང་གི་སྤྲུལ་པ་བསྟན་རྒྱུ་མེད་ཀྱང་ཡན་ལག་དང་ཉིང་ལག་ལྟ་བུ་ཁྱེད་རང་ཚོ་ཆགས་ཡོད། ངས་འགོ་ཁྲིད་པ་དང་ཁྱེད་རང་ཚོས་ཀྱང་ང་ལ་བློ་གཏད། ཡིད་ཆེས་གནང་སྟེ་ཧུར་ཐག་འབད་ཐག་གནང་ཡོད། ང་ཚོ་དུས་ཚོད་ཁག་པོའི་སྐབས་སུ་བཟང་པོའི་ལས་འབྲེལ་བྱུང་བའི་ནུས་པ་འདི་མ་འོངས་པར་ཚེ་རབས་ནས་ཚེ་རབས་བར་གནས་རྒྱུ་ཡིན་པས་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས། ངས་ཁྱེད་རང་ཚོ་དུས་རྟག་ཏུ་བརྗེད་ཀྱི་མ་རེད། མཁྱེན་སོང་ངམ། ད་དུང་ཡང་ཧུར་ཐག་གནང་རོགས། ད་བར་དུ་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་པ་བཅས། །