༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་བསྐྱངས་པ་དང་། ལྷོ་ཤར་ཨེ་ཤི་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ཚོས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་མདོ་ཆོས་ཚན་གཅིག་དང་། བོད་ཀྱི་དགེ་འདུན་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་མང་པོས་བོད་སྐད་ཐོག་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་འབྲེལ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོ་བཙན་བྱོལ་བ་ཆགས་ནས་རྡ་རམ་ས་ལ་གནས་གཞི་བྱས་པ་རེད། ས་ཆ་འདིར་ཆོས་དད་ཡོད་མཁན་གྱི་རྒྱ་མི་གཙོ་བོར་གྱུར་པའི་ནུབ་ཕྱོགས་པ་དེ་སྔ་ཆོས་ལ་དོ་སྣང་མེད་མཁན་དང་། རྒྱུས་མེད་མཁན་ཁྲོད་དུའང་དེང་སང་དོ་སྣང་གསར་པ་སླེབས་ནས་འདིར་འདུས་ཡོང་གི་ཡོད་པ་རེད། ཆོས་ཉམས་ལེན་བྱ་རྒྱུ་ནི་བཙན་དབང་གི་ཐོག་ནས་བྱེད་ཤེས་པ་གང་ཡང་ཡོད་པ་མ་རེད། སོ་སོས་ཆོས་ཀྱི་བསམ་བློ་གཏོང་སྟངས་ཀྱིས་སེམས་ལ་ཞི་བདེ་སླེབས་པ་དང་། སེམས་ཀྱི་ཞི་བདེ་བརྒྱུད་ནས་ལུས་ཁམས་བདེ་བོ་ཡོང་བའི་ཐོག་ལ་དོ་སྣང་སླེབས་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་འདུག གཙོ་བོ་དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་རེད། ངོས་ཀྱིས་ལབ་ན་འདྲ་ཆགས་པོ་མི་འདུག་མ་གཏོགས་ངོས་རང་ལ་དད་མོས་བྱེད་མཁན་ཡང་ཇེ་མང་ཇེ་མང་ལ་འགྲོ་བཞིན་འདུག
གང་ལྟར་འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་། དེའི་ནང་ནས་ནང་པའི་ཆོས་ལ་རྒྱུ་མཚན་གཙོ་བོ་གཅིག་ནི་སེམས་ཁམས་རིག་པ་གཙོ་བོ་བྱས་ཏེ། སེམས་ཞི་བདེ་བཟོ་རྒྱུ་གཅིག་དང་། སེམས་ཞི་བདེ་བཟོ་བའི་རྒྱུ་མཚན་ཡང་དད་པ་གཅིག་པུ་དང་། སྨོན་ལམ་བརྒྱབ་སྡོད་པ་གཅིག་པུ་མ་ཡིན་པར་བསམ་བློ་བཏང་ནས་སེམས་ཁམས་རིག་པའི་འགྲོ་སྟངས་ལ་དོ་སྣང་བྱས་པའི་ཐོག་ནས་དད་མོས་བྱེད་པ་ཞིག་ཡོང་གི་ཡོད། ངོས་ཀྱི་ངོ་ཤེས་པ་ཚན་རིག་པའི་ནང་ནས་དོ་སྣང་བྱས་ཏེ་དམིགས་བསལ་གྱིས་དགའ་མོས་བྱེད་མཁན་འདུག སེམས་ཁམས་རིག་པའི་འགྲོ་སྟངས་རྣམས་ནང་པའི་གཞུང་ལས་གསུངས་པ་དང་། ང་ཚོས་གང་ཐུབ་ཉམས་ལེན་བྱས་པའི་ལག་རྗེས་ཀྱིས་སེམས་ཀྱི་ཞི་བདེ་ཞིག་ཡོང་ཡོད་པ་དེའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཞིག་ཡོང་གི་འདུག དེ་སྔ་ནང་པ་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པའི་ནང་དུའང་ད་ལྟ་གཞི་ནས་ནང་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་བཞིན་འདུག ནང་པའི་ཆོས་ནི་སྨོན་ལམ་བརྒྱབ་སྡོད་པ་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ཀྱི་ཞི་བདེ་བཟོ་བ་དང་། ཉོན་མོངས་ཀྱི་རིགས་ཆགས་སྡང་སོགས་ལ་སེམས་ཁམས་རིག་པའི་ཐོག་ནས་ཉུང་དུ་གཏོང་རྒྱུ་དེ་རེད།
གང་ལྟར་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡག་པོ་རེད། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་ནི་སེམས་ཁམས་རིག་པར་ཉམས་ཞིབ་བྱས་ཏེ་སེམས་དཀྲུག་མཁན་གྱི་ང་རྒྱལ། ཕྲག་དོག འགྲན་སེམས། ཞེ་སྡང་སོགས་ལ་གཉེན་པོ་བསྟེན་ནས་ཤུགས་ཆུ་རུ་འགྲོ་བ་དང་། དེ་ཡང་དད་པ་གཅིག་པུ་མིན་པར་རྒྱུ་མཚན་གྱི་ཐོག་ནས་ཡོང་གི་ཡོད། དེ་དངོས་གནས་གནད་འགག་ཆེན་པོ་རེད། ཚན་རིག་པ་མང་པོ་ཞིག་ངོས་ལ་ཐུག་འཕྲད་དུ་ཡོང་གི་ཡོད། ཁོང་ཚོ་ཆོས་པ་དང་ཆོས་དོན་དུ་གཉེར་མཁན་དམིགས་བསལ་མིན་ཀྱང་། སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེའི་ཐོག་ལ་དམིགས་བསལ་དོ་སྣང་བྱེད་མཁན་རེད། འཛམ་གླིང་འདིར་ཆོས་ལུགས་ཚང་མ་དངོས་གནས་ཕན་ཐོགས་ཡོད་པ་དང་། བསླབ་བྱ་བཟང་པོ་འཁྱེར་མཁན་ཧ་ཅང་ཡག་པོ་རེད། དེའི་ནང་ནས་སངས་རྒྱས་པའི་ཆོས་ཀྱིས་སེམས་ཁམས་རིག་པ་དང་བསྟུན་ནས་འགྲོ་རྒྱུ་བཤད་ཡོང་དུས་དམིགས་བསལ་ཞིག་རེད། སེམས་ཁམས་རིག་པ་དང་བསྟུན་ནས་བཤད་འགྲོ་དུས་ཚན་རིག་དང་མཐུན་པ་བཤད་ཐུབ་ཀྱི་ཡོད། སངས་རྒྱས་ལ་དད་པ་གཅིག་པུ་མ་ཡིན་པར་ལམ་དང་འབྲས་པའི་གནས་སྐབས་ཀྱི་ཡོན་ཏན་ལ་བསམ་བློ་བཏང་བའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཞེ་ནས་དད་པ་ཐོབ་པ་ཞིག་བསམ་བློ་ལ་ཡོང་གི་ཡོད། ཧ་ཅང་ཡག་པོ་རེད། ཅེས་དང་།
ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་ཙམ་ཚིག་ཙམ་གྱིས་སྐྱབས་སུ་མཆི་ཟེར་བ་དང་། དཀོན་མཆོག་མཁྱེན་ཟེར་བ་ལྟ་བུ་གཅིག་པུ་མིན་པར་སེམས་ཁམས་རིག་པ་དང་འབྲེལ་ནས་ཞེ་སྡང་། ང་རྒྱལ། ཕྲག་དོག་གི་གྲས་སོགས་ཉུང་དུ་གཏོང་བ་དང་། བྱམས་པ་དང་བརྩེ་བ་ཡར་རྒྱས་ལ་གཏོང་དགོས། དེ་ནི་སྐྱེ་བ་སྔ་ཕྱིའི་སྐད་ཆ་མིན་པར་ཚེ་འདི་ལ་ཆ་བཞག་ནའང་སེམས་ཁམས་རིག་པ་དང་འབྲེལ་ཡོང་དུས་སེམས་ཀྱི་ཞི་བདེ་ཡོང་བ་ལ་ཏན་ཏན་ཕན་ཐོགས་ཡོང་བས་ཧ་ཅང་ཡག་པོ་རེད་འདུག
ངོས་རང་འདིར་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། འདིར་ནང་ཆོས་ཀྱི་འགྲོ་སྟངས་སྤྱི་དང་། ལྷག་པར་དུ་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་འདུག གང་ལྟར་ནང་པ་ཆགས་ན་མ་ཆགས་ན་སེམས་ཁམས་རིག་པ་ཤེས་པའི་ཐོག་ནས་སེམས་ཞི་ཞིང་དུལ་བ་ཞིག་བྱེད་པ་ནི་ཆོས་ཀྱི་སྐད་ཆ་མེད་པར་འཛམ་གླིང་སྤྱིའི་ཞབས་འདེགས་རེད། བསམ་བློའི་ཐོག་ནས་ཞི་བདེ་སྒྲུབ་པ་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་དང་། གལ་ཆེ་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆོས་ཞུ་བའི་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་བ་དང་། མཐར་མ་ཎི་ཡི་གེ་དྲུག་མའི་བཟླས་ལུང་སྩལ་རྗེས། ཆུ་ཚོད་ ༩།༢༢ ཐོག་ལྷོ་ཤར་ཨེ་ཤི་ཡ་གཙོ་བོར་གྱུར་པའི་རྒྱལ་ཁབ་ ༥༩ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་ཐེངས་འདིའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད།