༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཞི་བའི་ཚལ་དུ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། མཛད་འཕྲིན་ཕྱོགས་བཅུར་ཡར་ངོའི་ཟླ་ལྟར་རྒྱས་ཆེད་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པའི་ཚོགས་འདུ་གཙོས། ལ་དྭགས་སུ་གནས་སྡོད་བོད་མི་དང་དད་ལྡན་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༧།༤༥ ཙམ་ལ་སྔོ་ཞིང་གཙང་བའི་ནམ་མཁར་སྤྲིན་དཀར་ལང་ལོང་རྒྱུ་ཞིང་། ཁྲི་གདུགས་ཉི་མའི་འོད་ཟེར་གྱིས་བྱིན་ཆགས་པའི་ས་གཞི་ཡོངས་སུ་མཛེས་པར་བྱས་ལ། འཇའ་ཚོན་སྣ་ལྔའི་གུར་ཁང་གིས་ཉམས་དགའ་བར་བྱེད་པའི་ཞི་བའི་ཚལ་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་ལྗང་མདོག་གི་ལྗོན་ཤིང་ཕྲེང་བསྟར་སྒྲིག་ཅིང་། སྣ་མང་མེ་ཏོག་གིས་མཛེས་པའི་ཕོ་བྲང་དགེ་འཕེལ་གླིང་ནས་མགོན་པོ་གང་ཉིད་མཆོག་གོལ་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་སྟེ། གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་དད་ལྡན་སྟོང་ཕྲག་མང་པོས་ལག་ཏུ་དར་དཀར་བཟུང་ཞིང་། རང་ལུགས་གྱོན་ཆས་ཀྱི་རྒྱན་སྤྲས་ལྟ་ན་སྡུག་པ་དང་། བདེ་སྐྱིད་ཀྱི་ཉི་མ་ཤར་རིའི་རྩེ་ནས་ལྷོད་ཀྱིས་འཛུམ་པ་ལྟར་དགའ་དད་ཞལ་འཛུམ་གྱིས་ཡོངས་སུ་ཁེངས་ཏེ་ཕེབས་བསུ་གཟབ་རྒྱས་དང་བཅས། བརྩེ་ཆེན་སྟོན་པ་ཆེན་པོ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་ཕེབས་དོན།
ཁ་སང་ཁ་ཉིན་ཆོས་འབྲེལ་བྱས་ཏེ་བྱེད་སྒོ་རྣམས་ལེགས་གྲུབ་བྱུང་པ་རེད། དེ་རིང་འདིར་ཁྱོད་ཚོས་བརྟན་བཞུགས་ཕུལ་གནང་གི་ཡོད། སློབ་མའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པས་དེའི་རྟེན་འབྲེལ་གྱི་མཐུ་ལ་བརྟེན་ནས་བླ་མ་ཡང་ཚེ་རིང་པོར་སྡོད་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་ཡོང་གི་ཡོད། རྨི་ལམ་སོགས་ལ་བལྟས་ཡོང་དུས་ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་བསྡད་ཐུབ་པ་ཞིག་རེད། ཁྱོད་ཚོས་ངོས་ཀྱི་གདོང་ལ་བལྟས་ནས་ལོ་བརྒྱད་ཅུ་གྲངས་སུ་མི་མཐོང་བར་ད་ལྟ་གཞོན་ནུ་ལྟ་བུ་ཞིག་མི་འདུག་གམ། བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་ཡོད། ས་གནས་འདི་ལ་མཚོན་ནའང་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ནང་པ་ཡིན་མིན་ལ་མ་བལྟས་པར་ཏཱ་ལའི་བླ་མ་ཟེར་དུས་དངོས་གནས་དགའ་བོ་བྱེད་མཁན་ཧ་ཅང་མང་པོ་འདུག དེ་ལྟ་བུའི་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཡོང་སྐབས་ངོས་རང་ཏན་ཏན་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་ཐུབ་ཀྱི་རེད།
ཁྱོད་ཚོས་ཀྱང་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་པ་བཞིན་མུ་མཐུད་གནས་པ་ཞིག་དང་། ངོས་རང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གིས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གཙོ་བོར་བྱས་ཏེ་ཉམས་ལེན་བྱེད་ཀྱི་ཡོད་པས་ཁྱོད་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཐོངས། ཚེ་རབས་ནས་ཚེ་རབས་སུ་བདེ་ཞིང་སྐྱིད་པ་ཞིག་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ཐུབ་པ་ཞིག་ཡོང་བ་བརྒྱ་ཆའི་བརྒྱ་ཐམ་པ་ཐག་གིས་ཆོད་པ་རེད། བླ་སློབ་དད་དམ་གཡོ་བ་མེད་པ་ཡིན་པས་བླ་མའི་ཚེ་རིང་པོར་སྡོད་པའི་རྟེན་འབྲེལ་འགྲིག་གི་ཡོད། དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་ཀྱི་ཞལ་འདོན་གསུང་འདོན་གྱིས་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་དང་། དབུ་ཞྭ། བླ་གོས་སོགས་འདེགས་འབུལ་གྱིས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཤིང་། བརྟན་བཞུགས་གོ་སྒྲིག་ཞུ་མཁན་གྱི་འཐུས་མི་ཚོ་དང་སྐུའི་གསུང་བསྒྱུར་ཚོས་མཇལ་ཁ་ཞུས་པ་དང་། ལ་དྭགས་ཀྱི་གཞོན་ནུ་མ་ཁག་གཅིག་གིས་བསྟོད་གཞས་དང་། ཞབས་བྲོ་གཟིགས་འབུལ་ཞུས་མཚམས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སྟེ་བཀའ་སློབ་སྩལ་དོན།
སློབ་མའི་དད་པ་དང་དམ་ཚིག་ཇི་ཙམ་སྟོབས་ཆེ་བའི་ཚོད་ཀྱིས་བླ་མའི་ཚེ་རིང་པོར་གནས་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་རེད། འདིར་བཀའ་ཆོས་དང་མཇལ་མང་གི་ཐོག་ནས་ཁྱོད་ཚོ་མི་མང་དངོས་གནས་རྩེ་གཅིག་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། དེའི་མཐུ་ལས་བླ་མའི་ཚེ་རིང་པོར་གནས་པ་ཞིག་རེད། ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་སྡོད་པའི་མཚན་མ་ཡོང་གི་འདུག ད་ལྟ་ཕན་ཆད་དུ་ངོས་ཀྱིས་བསྟན་པ་དང་འགྲོ་བའི་དོན་བྱས་ཡོད། ད་དུང་འབྱུང་འགྱུར་ལོ་ཉི་ཤུ་སྐོར་ལ་མུ་མཐུད་དུ་བསྟན་པ་དང་འགྲོ་བའི་དོན་བྱེད་པའི་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཀྱི་ཡོད་པ་ལྟ་བུ་འདུག གཙོ་ཆེ་བ་ང་ཚོ་ཚང་མས་ཕྱི་ཆོས་པའི་གཟུགས་སུ་སྣང་བ་དང་། ནང་ཉོན་མོངས་དུག་གསུམ་གྱི་གཞན་དབང་ལ་བཏང་ནས་སྣང་ལ་མ་ངེས་པ་བྱེད་རྒྱུ་མེད། ང་ཚོ་དངོས་གནས་ཆོས་ལ་དད་པ་ཡོད་པ་བཞིན་ནང་བསམ་བློའི་ཐོག་ནས་ཀྱང་སེམས་པ་བཟང་པོ་བྱེད་པ་དང་། ཀུན་ལ་ཕན་སེམས་བྱོས། བརྣབ་སེམས་དང་གནོད་སེམས་ཀྱི་བསམ་བློ་ནི་དོར་བྱ་རེད། དེ་ལྟར་མ་བྱེད། དངོས་གནས་ལྷག་བསམ་རྣམ་དག་གིས་རྒྱལ་བ་སྲས་དང་བཅས་པ་དགྱེས་པ་སྐྱེས་པ་ཞིག་དང་། སོ་སོ་འགྱོད་པ་མེད་པ་ཞིག་བྱེད་དགོས་པ་རེད་ལ། དེ་ལྟར་བྱ་རྒྱུ་ཡིན་བསམ་པའི་སེམས་ཤུགས་བསྐྱེད་དགོས།
ངོས་རང་ལ་ཆ་བཞག་ན་ཁ་སང་ཁ་ཉིན་བཤད་པ་བཞིན། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་ཆགས་མེད་བྱེད་ཀྱི་ཡོད། ཁྱོད་རང་ཚོས་ཀྱང་དེ་དེ་བཞིན་དུ་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་སྔོན་ལ་ཤར་སྒོམ་དང་། དེ་ནས་ག་ལེར་ཏོག་ཙམ་མྱོང་བ་སྐྱེས་ཡོང་སྐབས་རྒྱུད་ཐོག་ལ་ཐོག་མར་རྩོལ་བཅས་ཀྱི་མྱོང་བ་སྐྱེས་པ་དང་། དེ་ནས་ག་ལེར་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་ལ་བཅོས་མིན་གྱི་མྱོང་བ་སྐྱེས་ཐུབ་པ་ཞིག་དང་། དེ་ལྟར་བྱུང་ན་རིམ་པར་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཞིག་རེད། ང་ཚོས་རྒྱུན་དུ་འདོན་བཞིན་པའི་སངས་རྒྱས་ཆོས་ཚོགས་མ་རུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་རྒྱུ་སྐྱབས་ལ་གསོལ་བ་འདེབས་པ་དང་། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་རང་གི་ཐོབ་བྱར་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པར་ཤོག་ཅེས་ཟེར་དུས་འབྲས་སྐྱབས་ལ་གསོལ་བ་བཏབ་པ་ཆགས་ཀྱི་ཡོད། གང་ལྟར་ང་ཚོས་ཉིན་རེ་བཞིན་དུ་ཆོས་ཟེར་བ་ནི་ཁ་ཙམ་ཚིག་ཙམ་མིན་པར་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་ཆོས་ནས་བཤད་པ་ལྟར་ལག་ལེན་ཡག་པོ་ཞིག་བསྐྱལ་རྒྱུ་བྱུང་ན། སེམས་སྐྱིད་པ་དང་ལུས་བདེ་བ། ཀུན་དང་མཛའ་བ། དངོས་ཤུགས་རྒྱུད་གསུམ་ནས་ཀུན་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་བ་རེད། ཚང་མས་ཧུར་ཐག་གནང་ཤོག འདིར་ཉིན་ཤས་རིང་ཆོས་འབྲེལ་སོགས་ཀྱི་སྐབས་སུ་ས་གནས་ཀྱི་གཞུང་གི་ལས་བྱེད་པ་ཚོས་ཧུར་ཐག་གིས་བཀའ་དྲིན་ཆེན་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་མི་མང་ཚོ་ཡིན་ནའང་དད་པ་གཡོ་བ་མེད་པའི་རྣམ་འགྱུར་བསྟན་པ་རེད། ངོས་རང་སེམས་ཤུགས་འཕར་ནས་འབྱུང་འགྱུར་ལོ་མང་པོའི་རིང་འཆར་ཅན་དབྱར་ཀ་ལ་དྭགས་སུ་ཡོང་ཐུབ་པར་བསམ་བློ་གཏོང་གི་ཡིན། ང་ཚོ་ཚང་མ་ཡང་བསྐྱར་ཐུག་ཆོག་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕོ་བྲང་གི་ཚོམས་ཆེན་རྒྱལ་སྒོའི་སར་ལ་དྭགས་ནང་ཚོགས་དང་དགོན་ཚོགས། ཨ་མ་ཚོགས་པ། ནང་པའི་གཞོན་ནུའི་ཚོགས་པ་བཅས་ཀྱི་འཐུས་མི་ལ་ཐེངས་འདིའི་ཆོས་འབྲེལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་གྲ་འགྲིག་པོ་དང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞེས་བཀའ་ཕེབས་ཡོད་པ་བཅས།