༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཐུགས་སྨོན་སྐྱབས་འཇུག་མཛད་རྗེས་བཀའ་སློབ་སྩལ་དོན།
ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་འདིར་མ་ཎི་དུང་སྒྲུབ་འགོ་འཛུགས་ཀྱི་ཡོད། ཡི་གེ་དྲུག་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་རེད། བོད་གངས་ཅན་ལྗོངས་ཀྱི་སེར་སྐྱ་ཡོངས་ཀྱིས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་བགྲང་གི་ཡོད། ཚང་མས་རང་བཞིན་གྱིས་ཁ་ནས་ཐོན་ཡོང་བ་ཞིག་རེད། སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་བུ་གླིང་གི་སེམས་ཅན། བྱེ་བྲག་ཏུ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་རྒན་གཞོན་ཚང་མས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་རང་བཞིན་གྱིས་བག་ཆགས་ལྟ་བུར་གསལ་ཡོད། དེ་ཧ་ཅང་གནད་འགག་ཆེན་པོ་རེད། སྤྱིར་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་དང་། ཕྱག་ན་རྡོ་རྗེས་སྲུང་སྐྱོབ་བྱེད་པ་དང་། སྤྱན་རས་གཟིགས་སེམས་འདུལ་བའི་ལྷག་པའི་ལྷ་མཆོག་གཞན་དང་མི་འདྲ་བ་ཞིག་ཡིན། ངེས་དོན་གྱི་སྤྱན་རས་གཟིགས་ཞེས་ལབ་ཆོག་གི་རེད།
འདུན་པ་གཉིས་ལྡན་གྱི་གོ་བ་ཆེན་པོ་མེད་ནའང་། རྒྱུན་དུ་སེམས་བཟང་པོ་དང་། འཕགས་པ་སྤྱན་རས་གཟིགས་ཡི་དམ་དུ་བྱེད་མཁན་ཚང་མས་སྙིང་རྗེ་ལྡན་པ་ཞིག་དང་། འབུ་སྲིན་ཚུན་ལ་སྙིང་རྗེ་བྱེད་དགོས། བོད་པ་ཚོ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཅེས་བཤད་ནས་གོམས་སྲོལ་ཡོད། བོད་གངས་ཅན་པ་ཚོར་ལྷན་སྐྱེས་ལྟ་བུར་སྲོག་ཆགས་ཀྱི་སྲོག་ལ་གནོད་པ་མི་བྱེད་པའི་གོམས་གཤིས་ཤིག་ཡོད། དེ་ཧ་ཅང་རྩ་ཆེན་པོ་རེད། སུ་གཅིག་ལའང་གནོད་འཚེའི་བསམ་པ་མེད། ང་ཚོ་གངས་ཅན་པ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལ་སྐྱེས་ནས་ཆོས་སྐལ་དུ་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཡིན་ཡང་། ལུང་དང་རིགས་པས་གཏན་ལ་ཕབ་པ་ཞིག་ཡོད།
ངོས་རང་ལ་ཆ་གཞག་ན་ཆུང་ཆུང་སྐབས་ནས་བློ་རིག་དང་རྟགས་རིགས་སྦྱངས་པ་ཡིན། བློའི་འགྲོ་སྟངས་ཆུང་ཆུང་སྐབས་ནས་སྦྱང་ཡོང་དུས་ཧ་ཅང་གལ་ཆེན་པོ་རེད། དེང་སང་བོད་ཀྱི་སངས་རྒྱས་པའི་ཆོས་ཇི་ལྟ་བུ་ཞིག་ཡོད་པ་ལ་གཞི་ནས་འཛམ་གླིང་དུ་དོ་སྣང་སླེབས་ཏེ། བོད་ཀྱི་སངས་རྒྱས་པའི་ཆོས་ནི་རྨོངས་དད་མིན་པར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ངོ་འཕྲོད་ཀྱི་ཡོད། ངོས་རང་ཆོས་ལུགས་ཚང་མར་གུས་ཞབས་ཡོད། ཧ་ཅང་ཡག་པོ་རེད། རྒྱུ་མཚན་གྱི་ཐོག་ནས་དཔྱད་པ་བྱས་ཏེ་འཇིག་རྟེན་བཀོད་པ་པོས་གནང་བ་རེད་ཟེར་བ་ལྟ་བུ་མིན་པར་མིའི་འགྲོ་བའི་སེམས་ཁམས་ཐོག་ནས་བསམ་བློ་གཏོང་བ་ནི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་རེད། ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པ་ཚོས་སེམས་འདུལ་དགོས་པ་དང་། སེམས་དུལ་ནས་འདུན་པ་གཉིས་ལྡན་གྱི་སེམས་སྐྱེ་བ་བཅས་ཧ་ཅང་ཟབ་མོ་རེད། འཕྲལ་དུ་ཡིན་ནའང་སེམས་ལ་ཞི་བདེ་སླེབས་པ་ཞིག་རེད།
ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཉིན་ལྟར་སྒོམ་བཞིན་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བ་ལ་བྱང་ཆུབ་ཀྱི་སེམས། ལུས་བདེ་བ་ལ་བྱང་ཆུབ་ཀྱི་སེམས། སེམས་ཞི་ལྷོད་ཡོང་བ་ལ་བྱང་ཆུབ་ཀྱི་སེམས། ཚོགས་བདེ་བླག་ཏུ་རྫོགས་པ་ལ་བྱང་ཆུབ་ཀྱི་སེམས། ཧ་ཅང་གལ་ཆེན་པོ་རེད། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་པ་དང་། ལྟོས་ས་ལྟོས་འཇོག་གིས་བོད་པ་ཚོར་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཅེས་སེམས་བཟང་པོའི་གོམས་གཤིས་མིག་ལྟོས་ཤིག་ཡོད། ཁ་སང་དེ་རིང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བ་ཞིག་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་ཆོས་དང་རིག་གཞུང་རྒྱ་ཆེན་པོ་ཞིག་ཡོད་པ་དེ་ལ་རྒྱ་མི་གུང་བྲན་བསམ་བློ་རྒྱ་ཆེན་པོ་མེད་མཁན། འཕྲལ་སེལ་བདེ་སྡུག་གི་བསམ་བློ་གཏོང་མཁན་ཚོས་དམ་དྲག་བྱེད་བཞིན་ཡོད། ཡིན་ནའང་། དེང་སང་རྒྱ་རིགས་རང་གི་ནང་དུ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་དང་། ངོས་རང་ལ་དད་མོས་བྱེད་མཁན་རྒྱ་རིགས་ཀྱང་ཇེ་མང་ཇེ་མང་རེད། འགྱུར་བ་མང་པོ་འགྲོ་བཞིན་འདུག ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཆོས་ལ་བར་སྐབས་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། རིམ་པར་ཉི་མ་ཤར་བཞིན་བདེན་པའི་མཐའ་གསལ་ཡོང་སྐབས། དེ་སྔ་ཆོས་དད་མེད་མཁན་ཚོས་ཀྱང་བོད་ཀྱི་ཆོས་ནི་རིགས་པའི་ལམ་ནས་བསམ་བློ་གཏོང་བ་དང་། སེམས་པ་བཟང་པོའི་གཞན་ཕན་གྱི་བསམ་བློ། དེ་བཞིན་ཆོས་ཐམས་ཅད་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པར་བརྟེན་ནས་བཏགས་ཙམ་ཡིན་པ་བཅས་སྟོང་ཉིད་ཀྱི་ལྟ་བར་གོ་བ་སྦྲེལ་ཡོང་སྐབས་གཞན་དང་མི་འདྲ་བར་གོ་བ་རླབས་ཆེན་པོ་དང་། སེམས་རྒྱུད་ལ་ཕན་ཐོགས་པ་ཞིག་ཡོད། བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན། རྒྱལ་མཆོག་གོང་མ་རྣམས། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་ཚོས་ང་ཚོའི་གངས་ཅན་ལྗོངས་སུ་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་གནང་མེད་ཀྱང་། ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་པ་ལ་བདག་པོ་སྐྱོན་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
མཐར། དེང་སང་ང་ཚོས་མ་ཎི་དུང་སྒྲུབ་བྱེད་བཞིན་ཡོད། མ་ཎི་ཡག་པོ་ཞིག་བསག འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བགྲངས་པ་དང་ཆབས་ཅིག་སྙིང་རྗེའི་ལྷ་ཡིན་སྟབས། སྙིང་རྗེ་སྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱང་ཆུབ་ཀྱི་སེམས་བསམ་པ་བཟང་པོ་བྱས་ནས་སྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་གི་མི་དང་བསྡུར་ན་བོད་མི་རྣམས་འཛུམ་ཤིག་ཤིག་ཡོད་པ་མུ་མཐུད་རྒྱུན་འཛིན་བྱེད་ཐུབ་དགོས། མི་རབས་གསར་པ་ཡོང་མཁན་རྣམས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། སེམས་པ་བཟང་པོ་བྱེད་དགོས་ཞེས་པ་འདི་ཕྲུ་གུ་ཆུང་ངུའི་སྐབས་ནས་སེམས་ལ་འཇགས་ཐུབ་པ་ཞིག་ཚང་མས་གནང་ཤོག
མ་ཎི་བསག་རྒྱུ་དེ་ཚིག་ཙམ་མིན་པར་དོན་དག་གཞན་ཕན་གྱི་བློ་དེར་བསམ་བློ་ཡག་པོ་བཏང་། ལག་ལེན་གྱི་ཐོག་ནས་ཀྱང་གང་ཐུབ་གཞན་ཕན་བསྒྲུབ་རྒྱུ་དང་། གཞན་ལ་བརྣབ་སེམས་དང་གནོད་སེམས་མི་བྱེད་རྒྱུ་ནི་བོད་པའི་གོམས་གཤིས་ཡིན་པ་མ་ཟད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྟགས་མཚན་ཡང་ཆགས་ཡོད། ང་ཚོ་ཚང་མས་ཧུར་ཐག་གནང་ཤོག མ་ཎི་དུང་སྒྲུབ་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བསམ་བློ་ཡག་པོ་གཏོང་རྒྱུ་དེ་རེད།
བོད་ནང་འགྱུར་བ་ཏན་ཏན་ཡོང་ས་རེད། དེང་སྐབས་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་འདུག འདིར་ངོས་ལ་འབྲེལ་བ་དེ་འདྲ་ཡོང་བཞིན་འདུག རིང་པོར་མི་ཐོགས་པར་གཞིས་ལུས་རྒྱ་ཆེ་མི་མང་དང་ང་ཚོ་ཚང་མ་ཐུག་ནས་རྩེ་ཕོ་བྲང་དང་ལྷ་སའི་ཇོ་བོ་སོགས་ལ་ཡག་པོ་མཇལ་རྒྱུ་དང་། ངོས་ཀྱིས་རྟག་པར་འདི་ལྟར་དྲན་གྱི་འདུག ལྷ་སར་བཞུགས་ཁྲི་གླིང་ཁ་ཞེས་རྒྱ་ཆེན་པོ་ཞིག་ཡོད་པ་དེར་ངོས་ཀྱིས་སངས་རྒྱས་པའི་ཆོས་ངོ་སྤྲོད་དང་འབྲེལ་ནས་སོ་སོར་བསམ་ཚུལ་ཡོད་པ་དེ་ཕྲན་བུ་བཤད་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་ཡོང་རྒྱུའི་བཟོ་འདུག ཚང་མས་ཧུར་ཐག་གནོངས།
དེ་རིང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་མ་ཎི་དུང་སྒྲུབ་བྱེད་ཀྱི་ཡོད། ཁ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཚིག་ཙམ་བརྗོད་པ་མིན་པར་སེམས་ཀྱི་གཏིང་ནས་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བ་དང་། སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་ཐབས་ཤེས་ཟུང་འབྲེལ་གྱི་བློ་སྦྱང་རྒྱུ་དེ་དག་ཚང་མས་གང་ཐུབ་གཟབ་གཟབ་གནང་ཤོག ངོས་ནས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། གང་ལྟར་ཁྱེད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུར་ཚང་མས་ཧུར་ཐག་གནང་ཤོག བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།