༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ཉིན་གསུམ་པར་རྒྱལ་ཁབ་ ༥༩ ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་མང་པོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་དང་། སྙིགས་མའི་མགོན་པོ་བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་འཛམ་གླིང་གདུང་བ་ཀུན་སེལ་ཞེས་བྱ་བའི་ལུང་སོགས་ཀྱི་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་སྦྱིན་བདག་རྣམ་པས་སྤོས་སྣེས་མདུན་བསུ་དང་བཅས་གསུང་ཆོས་སྡིངས་ཆར་འཁོད་མཚམས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གཉིས་ཀྱིས་གཙོས་བྱང་རྩེ་ཆོས་རྗེ་བཅས་ཀྱིས་མཇལ་ཁ་ཞུས་ཤིང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཀྱི་རབ་བྱུང་ཕོ་མོ་དང་། མི་སྐྱ་ཁག་ཁག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། གདན་ས་གསུམ་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བྱིངས་ནས་བོད་སྐད་ཐོག་ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་མཚམས་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ཀྱིས་སྒྲུབ་ཞག་བྱེད་ཀྱི་ཡིན། ཁྱོད་ཚོས་ཨ་ར་པ་ཙ་བགྲང་གསོག་བྱོས། ང་ཚོས་ནམ་རྒྱུན་འདོན་བཞིན་པའི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། འཇིག་བརྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པདྨ་འདབ་མ་རྒྱས་འདྲའི་སྤྱན་མངའ་བ།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ།། ཞེས་གསུངས་པ་ལྟར། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་མཚོན་ན་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མཐར་རྡོ་རྗེ་གདན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་ཅིང་། ལམ་ལ་བསླབ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་མ་གཏོགས་རྟག་པ་རང་བྱུང་གི་སྐྱེས་བུ་ཆགས་ཀྱི་མེད། ལམ་ལ་བསླབ་ནས་སྤངས་བྱ་ཅི་རིགས་སྤངས་པའི་སྐད་ཆ་མིན་པར་སེམས་རྒྱུད་ཀྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་ཤིང་། དེའི་འབྲས་བུར་བདེན་གཉིས་ཀྱིས་མཚོན་པའི་ཆོས་རྣམས་ཀྱི་ཡིན་ལུགས་ཇི་མ་ཇི་བཞིན་ཐུགས་ལ་ཆུད་ནས་གདུལ་བྱའི་ཁམས་དང་མོས་པར་འཚམ་པའི་ཆོས་ཀྱི་གནས་ལུགས་སྟོན་མཁན་ཞིག་ཆགས་ཡོད་པས། ཁོང་རང་གི་ཉམས་མྱོང་གི་ཐོག་ནས་ང་ཚོར་འབྲས་བུ་སྡུག་བསྔལ་བདེན་པ། རྒྱུ་ཀུན་འབྱུང་བདེན་པ། དེ་ཡང་ཀུན་འབྱུང་བདེན་པ་ནི་མི་ཤེས་པའི་དབང་གིས་ཡོང་གི་ཡོད་པ་གསལ་བོ་གསུངས་ཡོད། ཡིན་ལུགས་ཕྱིན་ཅི་མ་ལོག་པར་བྱེད་པའི་བློ་སྐྱེ་རྒྱུ་ཡོད་པ་ཞིག་དང་། བློ་དེ་སྐྱེས་ཡོང་སྐབས་ཕྱིན་ཅི་ལོག་པའི་ལོག་རྟོགས་སེལ་ནས་དེའི་དྲི་མ་བག་ཆགས་དང་བཅས་པ་སྦྱང་ཐུབ་པར་ཚོད་ཐིག་པ་ཞིག་གསུང་གི་འདུག དེ་ལྟ་བུའི་དྲི་མ་སྤངས་པའི་བྲལ་བའི་ཡོན་ཏན་ཐོབ་རྒྱུ་ཡོད་པར་གསུངས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་ལབ་པ་གཅིག་པུ་མ་ཡིན་པར་བསམ་བློ་ཡག་པོ་ཞིག་བཏང་ན་སེམས་རྒྱུད་དུ་ཡོད་པའི་སྡུག་བསྔལ་གྱི་རྒྱུ་བྱེད་མཁན་སྤོང་ཐུབ་པ་ཞིག་དང་། དེ་སྤངས་བའི་བྲལ་བའི་ཡོན་ཏན་ཐོབ་རྒྱུ་ཡོད་པ་གསུངས་ཡོང་དུས་ང་ཚོའི་སེམས་ལ་རེ་བ་གསར་བ་དང་། སྤོབས་པ་སླེབས་པ་ཞིག་འདུག དོན་དེ་ལྟ་བུ་ལ་དགོངས་ནས་བདག་ཉིད་བདག་གི་མགོན་ཞེས་གསུངས་ཡོད།
འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལྟ་བུ་ལ་གསོལ་བ་བཏབ་ནས་འགྲོ་བ་མིན་པར་རང་རྒྱུད་ཀྱི་སྐྱོན་རྣམས་ལ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་སྦྱངས་ཚེ། དེ་སྤངས་པའི་བྲལ་བའི་ཡོན་ཏན་ཐོབ་ནས་བདག་ཉིད་བདག་གི་མགོན་ཞེས་སླེབས་ཡོང་གི་ཡོད། སྤྱིར་ཆོས་ལུགས་ཚང་མས་གཞན་ཕན་དང་སེམས་པ་བཟང་པོ་བྱེད་རྒྱུ་གསུང་གི་ཡོད། ཚང་མར་གུས་ཞབས་བྱེད་དགོས་པ་རེད། སངས་རྒྱས་པས་བདག་ཉིད་བདག་གི་མགོན་ཞེས་གསུངས་པ་འདི་ལ་གནད་འགག་ཆེན་པོ་འདུག སོ་སོའི་སེམས་རྒྱུད་བཏུལ་ན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་ཐུབ་ཀྱི་ཡོད་པས་བདག་ཉིད་བདག་གི་མགོན་གསུང་གི་ཡོད། དེ་རིང་ནང་པ་སངས་རྒྱས་པའི་གནས་ཆེན་འདིར་ཆོས་གྲོགས་ཚོ་ཐུག་ནས་བསམ་བློ་གཏོང་རྒྱུ་གཙོ་བོ་བདག་ཉིད་བདག་གི་མགོན་ཞེས་པ་ཧ་ཅང་ཤུགས་ཆེན་པོ་རེད། མ་འོངས་པར་སོ་སོ་གང་འདྲ་ཡོང་མིན་རང་ཉིད་ཀྱི་ལག་ཏུ་ཡོད་པ་ཞིག་རེད་མ་གཏོགས་འཇིག་རྟེན་བཀོད་པ་པོ་ཞིག་གི་གཞན་དབང་ལ་བརྟེན་ནས་བདེ་སྡུག་ཡོང་བ་ཞིག་མིན་པར། བསམ་བློ་ཡག་པོ་བཏང་ནས་སེམས་གཏིང་གི་སྐྱོན་རྣམས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་ག་ལེར་སེལ་ཐུབ་ན་སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་ཐོབ་ཐུབ་པ་ཞིག་ཡིན་པས་བདག་ཉིད་བདག་གི་མགོན་ཟེར་བ་ཧ་ཅང་གལ་ཆེན་པོ་རེད།
འཇིག་རྟེན་བཀོད་པ་པོ་གཞན་ཞིག་གིས་ང་ཚོ་བཀོད་པ་མིན་པར་སོ་སོ་རང་གིས་སེམས་རྒྱུད་བཏུལ་མ་བཏུལ་གྱི་ཐོག་ནས་ཡོང་བ་རེད། སེམས་རྒྱུད་ག་ལེར་བཏུལ་ནས་ཐོག་མར་སྡུག་བསྔལ་བདེན་པ་ཤེས། དེ་ནས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་གི་གནད་འགག་ཡག་པོ་ཤེས་པར་བྱས་ཤིང་། ཀུན་འབྱུང་གི་རྩ་བ་མ་རིག་པ་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་པ་ཤེས་ཡོང་དུས་དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་དང་། གཉེན་པོ་དེ་རྒྱུད་ལ་སྐྱེས་ཤིང་གོམས་པའི་ཚེ་སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་ཐོབ་པ་སངས་རྒྱས་པའི་ཆོས་ཀྱི་དམིགས་བསལ་འགྲོ་སྟངས་ཤིག་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་གི་སྒྲུབ་ཞག་མཛད་ཅིང་། ཆོས་ཞུ་བ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་བགྲངས་གསོག་གནང་བ་དང་། སྒྲུབ་ཞག་གྲུབ་ནས་སྐུ་ཡི་རྗེས་གནང་དང་གསུང་གི་རྗེས་གནང་། ཐུགས་ཀྱི་རྗེ་གནང་། འཕྲིན་ལས་ཀྱི་རྗེས་གནང་བཅས་རིམ་པར་སྩལ་གྲུབ་མཚམས་བཀའ་སློབ་སྩལ་དོན།
ངོས་རང་ཆུང་ཆུང་སྐབས་སུ་རྣ་བར་ཐེངས་དང་པོར་གོ་བའི་སྔགས་ཨ་ར་པ་ཙ་རེད། སྐུ་འབུམ་དགོན་པར་ཕྱིན་པའི་སྐབས་སུ་གྲྭ་ཕྲུག་མང་པོས་ཨ་ར་པ་ཙ་བགྲངས་ནས་ཕྱག་འཚལ་གྱི་འདུག ངོས་ཀྱིས་དེ་དུས་གོ་བ་ཡིན། དུས་ད་ལྟའི་བར་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ལ་བརྟེན་ནས་སྡེ་སྣོད་གསུམ་གྱི་དོན་དག་དགའ་རབ་ཤེས་ཀྱི་ཡོད་པ་རེད། རྒྱུད་སྡེ་བཞིའི་གནད་འགག་ཀྱང་དགའ་རབ་ཤེས་ཀྱི་ཡོད། དེར་བརྟེན། ཁྱོད་རང་ཚོས་རྗེ་བཙུན་འཇམ་པའི་དབྱངས་ལ་བརྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་དག་ལ་གོ་བ་ཡག་པོ་ཆགས་པ་བྱོས། ཇི་ལྟར་གོ་བ་ཆགས་པ་བཞིན་ལག་ལེན་གྱི་ཐོག་ནས་སོ་སོའི་སེམས་རྒྱུད་འདུལ་བ་ཞིག་དང་། དེ་དང་འབྲེལ་ནས་གཞན་ལ་ཕན་ཐོགས་བྱེད་པ་ཞིག་ཚང་མས་དགོངས་པར་ཆོངས། ཞེས་བཀའ་སློབ་སྩལ་རྗེས་ཐུབ་པའི་མཚན་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག སྒྲོལ་མའི་གཟུངས་སྔགས། རྟ་མགྲིན་གྱི་གཟུངས་སྔགས། གུ་རུའི་གཟུངས་སྔགས། གཞན་ཡང་། སྙིགས་མའི་མགོན་པོ་བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་འཛམ་གླིང་གདུང་བ་ཀུན་སེལ་ཞེས་བྱ་བའི་ལུང་བཅས་སྩལ་ཏེ་རྡོར་གདན་གྱི་ཉིན་གསུམ་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་ཡོད།