༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་བྷང་གྷལ་ཤྲི་ཀུ་རི་ནས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བྷག་དྷོ་ར་(Bagdogra)གནམ་ཐང་ནས་མཁའ་ལམ་བརྒྱུད་གྷ་ཡ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་། གནམ་ཐང་དུ་གྷ་གྷལ་རྫོང་གི་རྫོང་དཔོན་སོགས་ཀྱིས་ཕེབས་བསུ་དང་བཅས་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་རྡོར་གདན་ཁུལ་གྱི་ཚོགས་པ་ཁག་གིས་ཕེབས་བསུའི་ཆེད་ཕེབས་ལམ་དུ་སྒོ་ཆེན་གསར་བཞེངས་དང་། མོས་གུས་གསོལ་འདེབས་ཀྱི་སྦྱར་བྱང་གིས་མངོན་པར་བརྒྱན་ཞིང་། དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཁ་བཏགས་དང་བདུག་སྤོས། མེ་ཏོག་སོགས་ཐོགས་སྟེ་ཕེབས་བསུ་བྱས་པ་དང་། འཛམ་གླིང་ཕྱོགས་མཐའ་གང་ས་ནས་ཆེད་ཕེབས་གནང་བའི་དད་ལྡན་མི་མང་རྣམས་མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་མཇལ་ཏེ་ཇི་སྐད་དུ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས།། བདག་ཅག་བསོད་ནམས་སྐལ་པ་ལྡན།། ཇི་སྲིད་མཆོད་པ་བདག་བགྱིད་ན།། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ།། ཞེས་བསོད་ནམས་ཀྱི་བགོ་སྐལ་ལེགས་པར་ཐོབ་པའི་སྤྲོ་སྣང་གིས་དད་པའི་མིག་ཆུ་དབང་མེད་ཤོར་བ་སོགས་ཆོས་ཀྱི་ཞིང་མཆོག་ཏུ་དགེ་བར་དགེ་ལེགས་ཀྱི་ལྟད་མོས་ངོ་མཚར་བར་བྱས།
གྷ་ཡ་ཁུལ་གྱི་བདེ་སྲུང་མི་སྣ་དང་ཆིབས་བསུའི་རླངས་འཁོར་གྱིས་ཕེབས་ལམ་གཙང་སེལ་དང་། ཆེས་མཐོའི་མི་སྣ་ཕེབས་པའི་བདེ་འཇགས་དུང་བརྡ་དང་བཅས་རུ་སྒྲིག་ཐོག་རྡོར་གདན་བོད་དགོན་དུ་༸ཞབས་སོར་འཁོད་མཚམས་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་འདུས་ཚོགས་ནས་སེར་སྦྲངས་དང་། རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་། ཐའེ་ཡི་ཝ་ཊ་པཱ་དགོན་པའི་མཁན་པོ་མཆོག གཞན་ཡང་། རྡོར་གདན་ཁུལ་བཞུགས་པའི་བླ་སྤྲུལ་མཁན་པོ་སོགས་ཀྱིས་ཕེབས་བསུ་དང་བཅས་བཞུགས་སྒར་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
ཚེས་ ༢༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་སོགས་ནས་གོ་སྒྲིག་ཞུས་པའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་དང་། ཚེས་ ༢༣ ཉིན་འཛམ་གླིང་ཞི་བདེའི་སྨོན་ལམ་ལ་དབུ་བཞུགས། ཚེས་ ༢༩ ནས་ ༣༡ བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཅས་ཀྱི་མཛད་རིམ་བསྐྱང་གཏན་འཁེལ་ཡོད་པ་བཅས།