༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཆེད་ལྡི་ལི་ནས་ནུབ་བྷང་གྷལ་བྷག་དྷོ་ར་(Bagdogra)གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་ཤིང་། དེར་ཐད་འཕུར་གནམ་གྲུར་བཞུགས་སྟེ་སྒང་ཏོག་ཏུ་༸ཞབས་སོར་བདེ་བོར་འཁོད་ཡོད་པ་རེད།
དེ་ཡང་བྷག་དྷོ་ར་ནས་མཁའ་ལམ་བརྒྱུད་སྒང་ཏོག་དམག་མིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྟ་མང་ཕུ་རུམ་སངྷ་(Shri Prem Singh Tamang)མཆོག་གིས་གཙོས་འབྲས་ལྗོངས་མངའ་སྡེའི་དཔོན་རིགས་དང་། དགོན་སྡེ་ཁག་གི་མཁན་བླ་སྤྲུལ། སྒང་ཏོག་དང་རྡོ་རྗེ་གླིང་། ཀ་ལོན་སྦུག་བཅས་སུ་གནས་སྡོད་བོད་རིགས་སྐུ་ཚབ་སོགས་ནས་ཕེབས་བསུ་ཞུས་པ་དང་། དམག་མིའི་གནམ་ཐང་ནས་ཏན་རྫོང་(Denzong)གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་སྐབས་འབྲས་ལྗོངས་ཁུལ་གྱི་པདྨ་ཡང་རྩེ་དགོན་པ་སོགས་དགོན་ཁག་བཅུ་གཅིག་གིས་ཕེབས་ལམ་དུ་སེར་སྦྲེངས་སྤོས་འཛིན་དང་། འབྲས་ལྗོངས་པ་གཙོས་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་མཇལ་དར་དང་། བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་དང་བཅས་བཞུགས་གནས་ཏན་རྫོང་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་ཅིང་། གསོལ་མགྲོན་ཁང་གི་སྒོ་མདུན་དུ་མངའ་སྡེའི་བདེ་སྲུང་དམག་མིས་རུ་སྒྲིག་གུས་འདུད་ཞུས་ཤིང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། འབྲས་ལྗོངས་ཆོས་རིག་ལྷན་ཁང་གི་བློན་ཆེན་བསོད་ནམས་བླ་མ་མཆོག གཞན་ཡང་མངའ་སྡེའི་མཐོ་རིམ་དཔོན་རིགས་བཅུ་ཕྲག་དང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་བཅས་ནས་ཕེབས་བསུའི་མཇལ་ཁ་ཞུས་མཚམས་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ལྗགས་སྨིན་གྲུབ་རྗེས་འབྲས་ལྗོངས་ཀྱི་སྲིད་སྐྱོང་ལཀྵ་མཎ་ཨཱ་ཙཱ་རྱ་མཆོག་དང་ཁོང་གི་སྐུ་ཟླ་གཉིས་ལ་མཇལ་ཁ་སྩལ་ཡོད།
འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནི། ཧི་མ་ལ་ཡའི་ཤར་ཁུལ་རི་རྒྱུད་དུ་གཏོགས་ཤིང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༡༦༥༠ མཚམས་སུ་ཡོད། དུས་རབས་ ༢༠ ནང་གནས་འདི་ནི་ལྷ་ས་དང་ཀ་ལི་ཀ་ཏའི་དབར་གྱི་ཚོང་འབྲེལ་ལྟེ་གནས་ཤིག་ཆགས་ཡོད། སྒང་ཏོག་ནི་རྒྱ་གར་གྱི་བྱང་ཤར་ཁུལ་དུ་གནས་ཤིང་། བྱང་དང་བྱང་ཤར་བོད་དང་ས་འབྲེལ་ཡིན་ལ། ཤར་ཕྱོགས་སུ་འབྲུག་རྒྱལ་ཁབ་དང་། ནུབ་ཕྱོགས་སུ་བལ་ཡུལ། ལྷོ་ཕྱོགས་སུ་ནུབ་བྷང་གྷལ་དང་ས་འབྲེལ་ཡིན། འབྲས་ལྗོངས་ལོ་རྒྱུས་ཞེས་པར་གསལ་བ་ལྟར་ན། འབྲས་ལྗོངས་རྒྱལ་རྒྱུད་ནི་བོད་ཀྱི་བཙན་པོའི་གདུང་རྒྱུད་དང་འབྲེལ་ཞིང་། ཡུལ་སྲོལ་གོམས་གཤིས་དང་དད་མོས་བོད་དང་གཅིག་མཚུངས་ཡིན། འབྲས་ལྗོངས་རྒྱལ་པོའི་བཙུན་མོ་བོད་ནས་ཕེབས་མྱོང་ཡོད་པ་མ་ཟད། འབྲས་ལྗོངས་རྒྱལ་པོའི་སྲས་མོ་བོད་དུ་མནའ་མར་ཕེབས་མྱོང་བ་སོགས་ཆོས་དང་འཇིག་རྟེན་གཉིས་ཆ་ནས་བོད་དང་འབྲེལ་བ་ཤུགས་ཆེར་ཡོད་པ་རེད།