༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན།
དེ་རིང་ཞོགས་པར་དུས་ཚོད་སྟོང་པ་འདུག ཉིན་གུང་མཇལ་ཁ་ཁ་ཤས་ཡོད། སྔ་དྲོ་ལས་རིམ་གཞན་མེད་པས་ངོས་རང་འདིར་ཡོང་བ་ཡིན། མི་མང་པོ་ཞིག་གིས་མ་ཎི་རིལ་བུ་ལོངས་སུ་སྤྱོད་པ་དང་རྩ་ཆེན་པོར་བརྩི་བཞིིན་ཡོད་པས་མ་ཎི་ཏོག་ཙམ་གསོག་ཐུབ་ན་བསམ་སོང་། དེར་བརྟེན། འདིར་མ་ཎི་གསོག་པར་ཡོང་བ་ཡིན། ཞེས་བཀའ་སློབ་སྩལ་ཏེ་ཆུ་ཚོད་ཕྱེད་ཙམ་རིང་མ་ཎི་གསོག་སྒྲུབ་མཛད་རྗེས་ཕོ་བྲང་དུ་ཆིབས་སྒྱུར་གྱིས་བོད་རིགས་དང་རྒྱ་གར་བ། སོག་པོ་བཅས་ཀྱི་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་ཡོད་པ་རེད།