༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པ་མ་ཟིན་ཙམ་ལ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམ་པ་དང་། གནད་ཡོད་ཁག་ཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་སྒྲུབ་ཞག་གནང་མཁན་ཡོངས་ནས་བརྟན་བཞུགས་དངོས་གཞིའི་ཆོ་ག་དབུ་འཛུགས་མཛད་པ་དང་། ཐོག་མར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཚེ་རིལ་དང་ཚེའི་བདུད་རྩི་ཕུལ་ཞིང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གིས་མཎྜལ་ལྗགས་བཤད་གནང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་གིས་སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་ཀྱི་རྟེན་འབུལ། ༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་གིས་སྐུ་ཆོས་ཆོས་གོས་དང་། བཞུགས་གདིང་འདེགས་འབུལ། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ ༢༦ པ་མཆོག་གིས་ལྷུང་བཟེད་དང་མཁར་གསིལ་འདེགས་འབུལ། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ ༢༧ པ་མཆོག་གིས་དབུ་ཞྭ་ས་ཞུ་འདེགས་འབུལ་ཞུས་ཤིང་། ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཀྲི་ཏ་བཛྲ་མཆོག་གིས་གཏང་རག་གི་མཎྜལ་འདེགས་འབུལ་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་མཆོག་གིས་རྒྱལ་སྲིད་སྣ་བདུན་འདེགས་འབུལ། ༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་རྫས་བརྒྱད་འདེགས་འབུལ་ཞུས་ཏེ་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཏེ། མཐར་སྒྲུབ་ཞག་གནང་མཁན་ཡོངས་ནས་བཀྲ་ཤིས་འདོད་གསོལ་འགྲོ་བདེ་མ་གསུང་པ་དང་བསྟུན་བླ་ཆེན་རྣམ་པ་དང་གནད་ཡོད་མི་སྣ་དགུ་ནས་མཇལ་ཁ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་མཛད་ནས་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་རེད། སྒྲོལ་དཀར་ཡེ་ཤེས་འཁོར་ལོ་ང་ཚོའི་ཚེ་ལྷ་རེད་ལ་འཆར་ཅན་འདོན་བཞིན་ཡོད། ས་སྐྱ་བདག་ཁྲི་རིན་པོ་ཆེས་དབུ་མཛད་པའི་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་བཅས་ཐུན་མོང་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངོས་རང་ལ་མཚོན་ན་བཅོ་བརྒྱད་རིན་པོ་ཆེའི་སྐུ་མདུན་ནས་ཀྱཻ་རྡོར་དང་། ས་སྐྱའི་ལམ་འབྲས་ཞུས་ཡོད། ཀྱཻ་རྡོར་ངོས་ཀྱིས་ཉིན་རྒྱུན་འདོན་བཞིན་ཡོད། ལམ་འབྲས་ཞུས་པ་དང་ཀྱཻ་རྡོར་ཉིན་རྒྱུན་འདོན་བཞིན་ཡོད་པས་ངོས་རང་གསང་ཆེན་སློབ་བཤད་པའི་གྲལ་མཐའ་རུ་ཡོད་མཁན་ཞིག་དང་། ས་སྐྱའི་ལམ་འབྲས་པ་ཞེས་ཞུས་ཆོག་པ་ཞིག་ཆགས་ཡོད། གང་ལྟར་བོད་གངས་ཅན་ལྗོངས་ཀྱི་རིས་མེད་ཀྱི་ཆོས་བརྒྱུད་དག་ལ་སོ་སོའི་ཐུན་མོང་མ་ཡིན་པའི་མན་ངག་རེ་རེ་ཡོད་པས་གཞན་དང་མ་འདྲ་བ་ཞིག་རེད།
དེ་རིང་བརྟན་བཞུགས་དམིགས་བསལ་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དུས་ངོས་རང་ཚེ་རིང་པོ་ཞིག་ལ་སྡོད་མ་ཐུབ་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བོད་རྒྱ་ཆེའི་མི་མང་གི་རེ་འདུན་བསྐང་ཐུབ་ཀྱི་མ་རེད་བསམ་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། དེར་བརྟེན། ལོ་བརྒྱ་ཟིན་མ་ཟིན་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ཁྱོད་རང་ཚོས་ཀྱང་དེ་ལུགས་ཀྱིས་ཐུགས་སྨོན་གནོངས།
ང་ཚོ་བཙན་བྱོལ་བ་རེད། ང་ཚོའི་ལྟེ་གནས་གཙོ་བོ་དེ་བོད་དུ་ཡོད། དཔེར་ན། ས་སྐྱར་ཆ་བཞག་ན་རི་དཀར་པོ་ཞིག་གི་མདུན་དུ་འདུག དེ་ནི་ཆོས་རྗེ་ས་པཎ་ལ་སོགས་པས་བྱིན་གྱིས་རླབས་པའི་གནས་རེད། བླ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་དང་། ཁྱོད་ཚོ་དེ་དག་གི་བསྟན་པའི་རྒྱུན་འཛིན་མཁན་ཆགས་ཡོད། ཁྱོད་ཚོར་གཞུང་ཆེན་སློབ་གཉེར་ཡོད་པ་དང་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ལ་ཉམས་ལེན་ཡོད་པ་བཅས་མདོ་སྔགས་ཟུང་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ཚང་མས་ཧུར་ཐག་གནོངས། རིན་པོ་ཆེ་ཆུང་ཆུང་སྐབས་ནས་ངོས་ཀྱི་ངོ་ཤེས་པ་རེད། ཧུར་ཐག་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཏེ་བརྟན་བཞུགས་ལེགས་པར་གྲུབ་ཡོད།