༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་ཆོས་ཀྱི་སྤུན་གྲོགས་གནས་བརྟན་ཐིག་ནཏ་ཧཱན་དགོངས་པ་རྫོགས་པའི་གནས་ཚུལ་གསན་ཏེ་ཐུགས་ཕམ་དང་འབྲེལ་འཛམ་གླིང་སྤྱི་དང་། བྱེ་བྲག་ཝེད་ནམ་ལ་ཡོད་པའི་རྗེས་འཇུག་གདུལ་བྱ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ་རེད།
དེ་ཡང་གསུང་འཕྲིན་ནང་། ཞིང་གཤེགས་ཁོང་གིས་ཝེད་ནམ་གྱི་དམག་འཁྲུག་ལ་ཞི་བདེའི་ངང་ནས་ཁ་གཏད་བཅག་པ་དང་། མར་ཊིན་ལུ་ཐར་ཀིང་ལ་རྒྱབ་སྐྱོར་གནང་བ། དེ་ལས་ཀྱང་གལ་ཆེ་བ་ནི། ཁོང་གི་སྐུ་ཚེའི་རིང་དྲན་པ་ཉེར་བཞག་དང་སྙིང་རྗེ་ལ་བརྟེན་ནས་ནང་སེམས་ལ་ཇི་ལྟར་ཞི་བདེ་བསྐྲུན་ཐབས་ཙམ་མ་ཡིན་པར། གང་ཟག་སྒེར་ཞིག་གིས་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་དོན་དམ་པའི་འཛམ་གླིང་ཞི་བདེ་ཇི་ལྟར་བསྐྲུན་པའི་ཐད་གཞན་ཕན་གྱི་མཛད་པ་བསྐྱངས་ཡོད་པས། སྐུ་ཚེ་དོན་དང་ལྡན་པའི་ངང་ནས་མཛད་པ་མཐར་འཁྱོལ་བ་བྱུང་ཡོད་ངེས་ཡིན། ཞེས་དང་།
དམ་པ་ཁོང་གི་མཛད་པ་ལ་རྗེས་སུ་བསླབས་ཏེ་འཛམ་གླིང་ནང་ཞི་བདེ་འབྱུང་བའི་ཐབས་ལ་འབད་བརྩོན་བྱེད་པ་ནི་རྗེས་དྲན་བྱེད་ཚུལ་གྱི་མཆོག་ཡིན་པ་ལ་ཐེ་ཚོམ་མི་དགོས། ཞེས་གསུང་འཕྲིན་སྩལ་ཡོད་པ་བཅས།།