༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ ༣༠༠ ལྷག་དང་། རྒྱལ་ཁབ་ཁག་ ༦༥ ནས་ཕེབས་པའི་ཆོས་ཞུ་བ་ཁྱོན་༥༠༠༠ བརྒལ་བར་ཐེངས་འདིའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་སྒོ་ཆེན་དུ་ཀོ་རི་ཡའི་མཁན་པོ་ཅིན་ཝོ་ཁུ་(Jinwook KIM)ལགས་ཀྱིས་གཙོས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་པ་དང་། གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་འབྲེལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོར་བཀའ་ཆོས་ཉིན་གཉིས་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ཀོ་རི་ཡའི་ཆོས་གྲོགས་ཚོར་དཀའ་ངལ་མང་པོ་ཡོད་པ་རེད་དེ། ཆོས་ཕྱོགས་ཀྱི་ཐོག་ནས་དངོས་གནས་དྲང་གནས་དད་པ་བརྟན་པོར་སྡོད་པ་ཞིག་ཆགས་འདུག ཀོ་རི་ཡའི་ཆོས་གྲོགས་ཚོར་དམིགས་བསལ་གྱིས་འཚམ་འདྲི་ཞུ་རྒྱུ་དང་། ཁྱོད་ཚོས་ཆབ་སྲིད་དང་དམག་འཁྲུག་གི་དཀའ་ངལ་འོག་ཏུ་སོ་སོའི་སངས་རྒྱས་པའི་ཆོས་ཀྱི་དད་པ་གཡོ་བ་མེད་པར་ཡོད་པ་ལ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧ་ཅང་ཡག་པོ་རེད། ཀོ་རི་ཡ་ལྷོ་བྱང་གཉིས་བྱས་ཏེ་ཀོ་རི་ཡ་བྱང་མས་རྡུལ་ཕྲན་མཚོན་ཆར་བརྟག་དཔྱད་གཏོང་བའི་མཚོན་པས་དེའི་གྲས་དགའ་རབ་གཞི་ལྕི་བོ་འདུག ཞི་བདེ་ཡག་པོ་ཡོང་ཐུབ་རྒྱུ་ང་ཚོ་ཆོས་གྲོགས་ཚང་མའི་ལས་འགན་དང་། སྨོན་ལམ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སོ་སོའི་ལག་ལེན་གྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཐབས་ཤེས་བྱ་རྒྱུ་ཡོད་ན་ཨང་དང་པོ་དང་། དེ་མེད་ན་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་མ་གཏོགས་གང་ཡང་མེད། གང་ལྟར་ཀོ་རི་ཡའི་ཆོས་པ་ཚོས་སེམས་ཤུགས་རྩེ་གཅིག་ཏུ་སྒྲིམ་ནས་སྡོད་ཀྱི་ཡོད།
འཛམ་གླིང་འདིར་དངོས་གནས་ཞི་བདེ་དང་། ཚེ་འདི་ཕྱི་གཉིས་ཡོད་ཅིག་ཡོང་བ་ལ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་པ་བཟང་པོ་དང་། སེམས་ཅན་ཐམས་ཅད་ཅེས་བསམ་བློ་རྒྱ་ཆེན་པོ་ནས་བཏང་ན་སོ་སོ་སྒེར་གྱི་མི་ཚེ་ཙམ་དུ་མ་ཟད་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཞི་བདེ་དང་། སེམས་གཏིང་ནས་སྙིང་སྟོབས་ཡོད་པ་ཞིག་ཡོང་ཐུབ་པ་ཡིན་པས་ཀོ་རིི་ཡའི་ཆོས་གྲོགས་ཚོས་དེ་ལྟར་དགོངས་པ་བཞེས་རོགས།
འཛམ་གླིང་འདིར་དར་རྒུད་སྣ་ཚོགས་ཤིག་འགྲོ་བཞིན་ཡོད། དེ་ཆོས་ཉིད་རེད། ང་ཚོ་བོད་པ་དང་སོག་པོ། ཨུ་རུ་སུའི་ཁོངས་ཀྱི་བྷོ་རེ་ཐུ། ཀོ་རི་ཡ་སོགས་ལ་ཆོས་ལུགས་བསྒྱུར་བའི་སྐད་ཆ་མ་རེད། ལོ་སྟོང་ཕྲག་རིང་ལ་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་ཞུགས་མཁན་རེད། སངས་རྒྱས་པའི་ཆོས་ལ་སྙིང་ཁུངས་རུས་པའི་སྟེང་ནས་དད་པ་ཐོབ་པ་བྱས་ཏེ་བསྡད་པ་རེད། དེང་སང་གི་དུས་ཚོད་འདིར་འགྱུར་བ་མང་པོ་འགྲོ་བཞིན་པ་ཞིག་རེད། དུས་ཚོད་འདིའི་སྐབས་སུ་སེམས་ལ་ཞི་བདེ་དགོས། སེམས་ཀྱི་ཞི་བདེ་ཡོད་པ་ཡིན་ན་ཚེ་རིང་པོ་དང་། ལུས་བདེ་ཐང་ཡོང་བར་ཕན་ཐོགས་ཡོད། དེང་སང་སེམས་ཁམས་རིག་པ་དང་འཕྲོད་བསྟེན་སྐོར་ལ་དོ་སྣང་ཡོད་མཁན། ཨིམ་ཆི་དང་ཚན་རིག་པ་སོགས་མང་པོས་ཆོས་དད་ཀྱི་སྐད་ཆ་མིན་པར། སེམས་ལ་བྱམས་བརྩེ་དང་ཞི་བདེ་ཡོད་ཚེ་རང་བཞིན་གྱིས་ཚེ་རིང་བ་དང་། ནད་མེད་པ་ཡོང་བ་བཤད་ཀྱི་འདུག ང་ཚོ་ཚང་མས་འཛམ་གླིང་འདིར་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ནི་གནམ་ནས་འབབ་རྒྱུ་དང་། ས་ནས་སྐྱེ་རྒྱུ་མེད་པར་སོ་སོའི་སེམས་ནས་བཟོ་དགོས། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། སེམས་དཀྲུགས་མཁན་ཁོང་ཁྲོ་དང་། ཕྲག་དོག ང་རྒྱལ་གྱིས་བྱེད་ཀྱི་ཡོད་པས་དེ་དག་ལ་གཉེན་པོ་བསྟེན་སྟངས་ཇི་ལྟར་ཡིན་པ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད་པས་སངས་རྒྱས་པའི་ཆོས་ལ་ཞེ་ནས་དད་པ་ཐོབ་པ་ཞིག་དང་། ལག་ལེན་ཡག་པོ་སྐྱེལ་བ་ཡིན་ན་སེམས་ཀྱི་ཞི་བདེ་རང་བཞིན་གྱིས་ཡོང་བ་ཞིག་ཆགས་ཀྱི་ཡོད།
ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་སེམས་ཀྱི་ཞི་བདེ་ཚང་མས་འདོད་ཀྱི་ཡོད། ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཟེར་གྱི་ཡོད། ཞི་བདེ་དངོས་མ་ནི་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་བ་མ་གཏོགས་ཆིངས་ཡིག་ལྟ་བུ་འཇོག་པ་དང་། གསུང་བཤད་འདྲ་ཆགས་པོ་ཞིག་གིས་ཞི་བདེ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དཔེར་ན། དེང་སང་ཨུ་རུ་སུའི་ཁོངས་སུ་ཧ་ཅང་དཀའ་ངལ་མང་པོ་ཞིག་ཡོད་པ་ལྟ་བུ་རེད། སེམས་ཀྱི་ཞི་བདེ་ཡག་པོ་མ་བྱུང་ན་ཕྲག་དོག་དང་འགྲན་སེམས། གཡོ་སྒྱུའི་ཐོག་ཕྱིན་པ་ཡིན་ན་ཞི་བདེ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་སེམས་བཟང་པོར་སྡོད་རྒྱུ་གལ་ཆེ། སེམས་དཀྲུག་མཁན་ཁོང་ཁྲོ་དང་ཞེ་སྡང་ཡིན། ཞེ་སྡང་གི་གཉེན་པོ་ག་ཚོད་ཐུབ་ཐུབ་ཀྱིས་བསྟེན་པ་དང་། བྱམས་བརྩེ་ཉམས་ལེན་ག་ཚོད་ཐུབ་ཐུབ་ཀྱིས་བྱེད་ཐུབ་པ་བྱུང་ན། ང་ཚོ་ཆོས་པ་ཞིག་གི་ངོས་ནས་འཛམ་བུ་གླིང་ཞི་བདེ་ཡོང་བར་ཏན་ཏན་ཞབས་འདེགས་སྒྲུབ་ཀྱི་ཡོད། ཚང་མས་ཧུར་ཐག་གནང་གི་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་སྐབས་སུ་བབ་པ་ཀོ་རི་ཡའི་ཆོས་གྲོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀོ་རི་ཡ་ལྷོ་བྱང་གི་དཀའ་ངལ་རྣམས་རིམ་བཞིན་བདེན་པའི་མཐའ་གསལ་ནས་ཞི་འཇམ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་ལ་སྨོན་ལམ་རྒྱག་གི་ཡོད། ཐུགས་རྗེ་ཆེ། ཞེས་སོགས་བཀའ་སློབ་དང་། སྟོང་པ་ཉིད་དང་བདག་མེད་ཀྱི་སྐོར་ལ་དཔྱད་སྒོམ་དང་འཇོག་སྒོམ་གྱི་ཁྲིད་གནང་རྗེས་དྲི་བ་ཁག་ལྔ་ལ་བཀའ་ལན་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་དབུ་མ་རྩ་བ་ཤེས་རབ་ཀྱི་བཤད་ལུང་ལ་དྭགས་ནས་ཁྲི་ཟུར་རིན་པོ་ཆེའི་མདུན་སར་ཞུས་པའི་བཀའ་སློབ་དང་འབྲེལ་ཀོ་རི་ཡ་གཙོས་དད་ལྡན་ཆོས་ཞུ་བ་ལྔ་སྟོང་བརྒལ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་བཤད་ལུང་དབུ་འཛུགས་ཀྱིས་ཕྲད་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བཞི་པའི་བར་དུ་ལེགས་པར་སྩལ་བ་དང་། མཐར་ཆོས་ཞུ་བ་ཡོངས་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་ཀོ་རི་ཡའི་ཆོས་ཞུ་པ་ཚོར་སྐུ་པར་ལྷན་སྒྲོན་གྱིས་ཐེངས་འདིའི་ཀོ་རི་ཡའི་དད་ལྡན་གཙོས་ཆོས་ཞུ་ཡོངས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད།