༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དྷི་མན་ཌེ་ལ་ཐེབས་རྩ་ཚོགས་པས་༼Gandhi-Mandela Foundation༽གྷན་དྷི་མལ་ཌ་ལ་གསེར་གྱི་གཟེངས་རྟགས་ ༼Gandhi-Mandela Award༽ཐོག་མ་འབུལ་བཞེས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་རཱ་ཇེན་དྷ་ར། ཨར་ལའེ་ཀར་(Rajendra Arlekar)ལགས་དང་། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་། གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་བཱ་ལ་ཁིར་ཞི་ནཱ་(K G Balakrishnan) ལགས་དང་། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་། གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལྕམ་ཛྙཱན་སུ་དྷ་ལགས་(Gyan Sudha)སོགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གདན་ཞུས་ཀྱིས་༸ཞབས་སྟེགས་སུ་འཁོད་མཚམས་གཟེངས་རྟགས་འབུལ་བཞེས་མཛད་སྒོ་དབུ་འཛུགས་ཀྱིས་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་སོགས་སྐུ་མགྲོན་རྣམས་དང་། གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་གཞོན་གྱིས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷན་དྷི་མན་ཌེ་ལ་གསེར་གྱི་གཟེངས་རྟགས་༼Gandhi-Mandela Award༽ཐོག་མ་དེ་འབུལ་བཞེས་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆོས་དད་ཡོད་མཁན་དང་། ལས་རྒྱུ་འབྲས་དང་སེམས་པ་བཟང་པོ་ཡོད་ན་གཞན་ལ་ཕན་པ་དང་རང་ལའང་ཕན་ཟེར་བའི་ཆོས་ཕྱོགས་ཀྱི་བསམ་བློ་ཅན་ཡོད་པ་རེད། ཆོས་ཕྱོགས་ཀྱི་བསམ་བློ་མེད་པར་སྤྱིར་བཏང་གི་མི་ཞིག་གི་འདུ་ཤེས་བྱས་པ་ཡིན་ན། དཔེར་ན། དུད་འགྲོ་ཚོར་ཆོས་མེད་ཀྱང་སེམས་པ་བཟང་པོ་དང་། གཅིག་གིས་གཅིག་ལ་རོགས་བྱེད་པ་ལ་དགའ་བོ་བྱེད་ཀྱི་འདུག དེར་བརྟེན། ང་ཚོ་དེ་རིང་འདིར་འཛོམས་མཁན་ཚོར་ཕྱོགས་གཅིག་ནས་ཆོས་དད་ཡོད་པ་དང་། གཉིས་ནས་ང་ཚོ་ཚང་མ་མི་གཅིག་མཚུངས་ཆགས་ཡོད། འཛམ་གླིང་འདིར་འཚོ་གནས་བྱེད་དགོས་པའི་མི་གཅིག་མཚུངས་ཆགས་ཡོད། སྔ་མོ་འཛམ་གླིང་འདིར་སོ་སོའི་ལུང་པ་དང་མི་རིགས་ཀྱི་སྐད་ཆ་བཤད་ནས་འཐབ་རྩོད་བྱེད་པ་དང་། གསོད་རེས་བྱས་ཏེ་བསྡད་པ་རེད། དེ་ལ་སྙིང་པོ་ཁྱོན་ནས་མེད་པར་རང་མེད་མི་མེད་བཟོས་པ་ཆགས་ཡོད། ངོས་ཀྱི་མི་ཚེ་སྟོད་དུ་བསམ་བློ་བཏང་ན་འཛམ་གླིང་འདིར་གཅིག་གིས་གཅིག་ལ་དབང་ཡོད་དང་ཐུབ་ཚོད། ཁྲག་དོག་བཅས་ཀྱི་ཐོག་ནས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ནས་མཐར་ཐུག་གཉིས་ཀར་གང་ཡང་མེད་པ་རེད། འཛམ་གླིང་འདིར་ཉམས་མྱོང་གསར་པ་ཞིག་ག་རེ་ཡོད་པ་རེད་ཅེ་ན། ང་ཚོ་མི་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས། མི་ཚང་མ་བདེ་སྐྱིད་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས་དེ་རང་གི་ཆ་ནས་གཅིག་གིས་གཅིག་ལ་ཕན་ཐོགས་བྱེད་དགོས། ཕན་ཚུན་ལ་འགྲན་བསྡུར་དང་བརྣག་སེམས་གནོད་སེམས་བྱས་ན་ཕན་ཐོགས་མེད།
འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཆགས་ཡོད། ང་ཚོ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཆགས་ཡོད་པ་ལས་སོ་སོ་བྱེ་བྲག་གི་བདེ་སྐྱིད་རྐྱང་པ་དང་། རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ན་དངོས་ཡོད་གནས་ཚུལ་ལ་རན་གྱི་མེད། དེར་བརྟེན། ངོས་ཀྱིས་འདིར་ཞུ་རྒྱུ་ནི། འདིར་ཡོད་པའི་གྲོགས་པོ་ཚོར་མཚོན་ན་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཡོང་གི་ཡོད་པ་རེད་མ་གཏོགས་མི་རིགས་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བའི་སྐད་ཆ་ང་ཚོས་བཤད་ཀྱི་ཡོད་པ་མ་རེད། ང་ཚོ་ཚང་མས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་གིས་གཅིག་ལ་བརྩེ་བ་དང་དགའ་མོས་བྱས་ཏེ་ཡོང་བ་རེད།
དེ་རིང་ཁ་སང་གི་དངོས་ཡོད་གནས་ཚུལ་ལ། འཛམ་གླིང་གི་ཚ་དྲོད་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ང་ཚོའི་གསུང་རབ་ནང་དུའང་བསྐལ་པ་མེ་འཇིགས། ཆུ་འཇིགས། རླུང་འཇིགས་ཞེས་བཤད་རྒྱུ་ཡོད། ད་ལྟའི་བསྐལ་པ་འདི་ནི་བསྐལ་པ་མེ་འཇིགས་ཀྱི་སྟེང་དུ་སླེབས་ཀྱི་ཡོད་པ་ལྟ་བུ་རེད། དེར་བརྟེན། འཛམ་བུ་གླིང་གི་ཚ་དྲོད་ཤུགས་ཆེ་རུ་འགྲོ་བཞིན་པ་ཚན་རིག་པ་ཚོས་ཀྱང་བཤད་བཞིན་འདུག འཛམ་གླིང་རིམ་བཞིན་བསྐལ་པ་མེ་འཇིགས་ཀྱི་སྐབས་དང་འཁེལ་ནས་མེད་པ་ཆགས་དུས་ང་ཚོ་མི་རྣམས་ཀྱིས་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་རོགས་རམ་དང་ཕན་ཐོགས་བྱེད་རྒྱུ། སྤྱི་བའི་དོན་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་མ་གཏོགས་ང་ཚོའི་རྒྱལ་ཁབ་དང་། ང་ཚོའི་མི་རིགས། ང་ཚོའི་ཆོས་ལུགས་ཞེས་བཤད་པའི་དུས་ཚོད་མི་འདུག གང་ལྟར་ང་ཚོ་ཚང་མ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་ཕན་ཐོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གི་རྒྱུད་ལམ་ཁ་ཤས་ཤིག་ཡོད་པ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་གནས་ཚུལ་སྟེང་སླེབས་ཡོང་གི་འདུག དེར་བརྟེན། མི་སྤྱི་ལ་ཕན་པའི་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་དང་ཁྱོད་ཚོ་ཟེར་བ་དུས་ཚོད་ཡོལ་ཟིན་པ་རེད། ང་ཚོ་ཚང་མ་མཉམ་དུ་སྡོད་དགོས་པ་རེད།
རྒྱ་གར་གྱི་གནའ་རབས་ནས་གོམས་གཤིས་སུ་ཡོད་པའི་ཨ་ཧིམ་ས་(Ahimsa)ཟེར་བ་དང་། ཀཱ་རུ་ཎ་(Karuna)ཟེར་བ་གཉིས་ཧ་ཅང་གལ་ཆེན་པོ་རེད། ཕན་ཚུན་ལ་འཚེ་བ་མི་བྱེད་པར་འཆམ་མཐུན་བྱོས། འཆམ་མཐུན་ཡོང་ཐབས་གཙོ་བོ་ནི་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་བརྩེ་བ་བྱེད་དགོས། གང་ལྟར་ཨ་ཧིམ་ས་(Ahimsa)དང་། ཀཱ་རུ་ཎ་(Karuna) གཉིས་ནི་ཧ་ཅང་གལ་ཆེན་པོ་རེད། ཚ་དྲོད་ཀྱི་རྐྱེན་གྱིས་འཛམ་གླིང་འདི་བསྐལ་བ་མེ་འཇིགས་ཀྱི་མཚམས་ཚིགས་ལ་གང་འཚམ་སླེབས་ཡོང་གི་ཡོད། དེའི་རིང་ལ་ང་ཚོ་ཚང་མས་ཕན་ཚུན་ལ་འཆམ་པོ་དང་རོགས་རམ་བྱེད་དགོས། ངོས་རང་གི་ངོས་ནས་ཉིན་རེར་བཞིན་སྒོམ་རྒྱག་དུས་ཀཱ་རུ་ཎ་(Karuna)འམ་སྙིང་རྗེ་ལ་བསམ་བློ་གཏོང་གི་ཡོད། སྙིང་རྗེ་ལ་བསམ་བློ་གཏོང་སྐབས་འཚེ་བ་མེད་པ་རང་ཤུགས་ཀྱིས་སླེབས་ཡོང་གི་ཡོད་པས་ཧ་ཅང་གལ་ཆེན་པོ་རེད། དེ་ཆོས་ལུགས་དང་སྐྱེ་བ་ཕྱི་མའི་སྐད་ཆ་མིན་པར་ཚེ་འདི་རང་ལ་ཉིན་རེ་བཞིན་སེམས་སྐྱིད་པོ་དང་། སེམས་གུ་ཡངས་པོ་ཡོང་བ་ལ་སྙིང་རྗེའི་བློ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་ཡང་དེའི་ཐོག་ནས་ཡོང་གི་ཡོད། སེམས་ཀྱི་ཞི་བདེ་ཐོབ་ནས་བསམ་བློ་རྒྱ་ཆེན་པོར་ཐོངས་སྐབས་འཚེ་བ་མེད་པ་རང་ཤུགས་ཀྱིས་ཡོང་གི་རེད།
འཛམ་གླིང་འདིར་འདས་པའི་ལོ་རྒྱུས་ནང་དུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ནས་འཁྲུག་པ་བརྒྱབ་པ་དང་། གོ་མཚོན་བཟོ་བ་སོགས་ལ་འགྲོ་སོང་ཧ་ཅང་ཕོན་ཆེན་བཏང་བ་རེད། ཚན་རིག་གི་ཤེས་ཡོན་དེ་གསོད་རེས་གཏོང་བའི་ཐོག་ལ་བེད་སྤྱོད་བཏང་སྟེ་འབྲས་བུ་གང་ཡང་བྱུང་མེད། ང་ཚོའི་དུས་རབས་གསར་པ་འདི་ལ་རྒྱ་གར་གྱི་གནའ་རབས་ནས་ཡོད་པའི་འཚེ་བ་མེད་པ་དང་། བརྩེ་བ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལ་ཆ་བཞག་ན་ཉིན་རེར་བཞིན་སྙིང་རྗེའི་བློ་ལ་བསམ་བློ་གཏོང་གི་ཡོད་པ་རེད་ལ་སེམས་ལ་ཞི་བདེ་ཡོང་བ་ཙམ་དུ་མ་ཟད། ལུས་པོའི་བདེ་ཐང་ལའང་ཧ་ཅང་ཕན་ཐོགས་ཡོད་པ་གསལ་བོ་རེད། ཆུང་ས་ནས་བཤད་ན་སེམས་ལ་ཀཱ་རུ་ཎ་(Karuna)འམ་བྱམས་བརྩེ་ཡོད་པ་དང་། འཚེ་བ་མེད་པའི་ལྟ་བ་ལ་ཡིད་ཆེས་ཡོད་ན་མི་སུ་དང་ཐུག་ནའང་འཛུམ་ཤིག་ཤིག་བྱེད་པ་མ་གཏོགས་ཨམ་གཙིགས་བསྡམས་ནས་སྡོད་དགོས་དོན་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན། སེམས་ལ་འཚེ་བ་མེད་པ་དང་བྱམས་བརྩེ་ཡོད་ན་སོ་སོ་གང་དུ་ཡོད་པའི་སྤྱི་ཚོགས་ནང་དུ་སེམས་ལ་ཞི་བདེ་ཡོང་ཐུབ། འཚེ་བ་ཡོང་བའི་གནད་འགག་ཐུག་ས་ནི་ཆགས་སྡང་གི་བློའི་སྟེང་ནས་ཡོང་གི་ཡོད། ཆགས་སྡང་གི་བློ་ནི་རང་དང་གཞན་རིས་སུ་བཅད་ནས་ཡོང་གི་ཡོད། ང་ཚོར་དགྲ་གཉེན་གྱི་སྣང་བ་དེ་དོན་སྟེང་དུ་ཡོད་པ་མ་རེད་ཅེས་དེང་སང་ཚད་རྡུལ་དངོས་ཁམས་རིག་པས་ཀྱང་བཤད་ཀྱི་འདུག ཅེས་དང་། གྷན་དྷིའི་ལོ་རྒྱུས་ལ་བལྟ་སྐབས་ངོས་ཀྱིས་བསམ་བློ་གུ་ཡངས་པོའི་ཐོག་བཤད་ན། གྷན་དྷིའི་འཚེ་བ་མེད་པའི་ཐོག་ལ་དངོས་གནས་ཤུགས་སྐྱོན་འདུག ཀཱ་རུ་ཎ་(Karuna)ཡི་ཐོག་ལ་ཤུགས་སྐྱོན་ཡོད་མེད་དྲི་བ་འདུག ཅེས་སོགས་བཀའ་སློབ་སྩལ།
གཟེངས་རྟགས་འདི་ནི་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་དང་ལྷོ་ཨ་ཧྥུ་རི་ཀའི་ནེལ་སོན་མན་ཌེ་ལ་(Nelson Mandela)རྣམ་གཉིས་ཀྱི་འཚེ་མེད་ཞི་བའི་དགོངས་དོན་ལ་རླབས་ཆེན་གྱི་བྱས་རྗེས་ཅན་དང་། འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་ལ་ཕུལ་གྱི་ཡོད་པ་དང་། གསེར་གྱི་གཟེངས་རྟགས་འདི་བཞིན་རྒྱ་གར་ནང་དུ་རིན་ཐང་ཆེ་ཤོས་ཀྱི་གཟེངས་ཤིག་ཡིན་པ་མ་ཟད། ཐེངས་འདིར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འདི་འབུལ་བཞེས་འདི་ནི་བལ་ཡུལ་དང་། བྷང་ལ་དྷེ་ཤི། རྒྱ་གར་བཅས་ཀྱི་ཁྲིམས་དཔོན་ཆེ་བ་ཟུར་པ་ལྔ་ཡིས་མཉམ་འབྲེལ་ཐོག་ཐག་གཅོད་གནང་ཡོད་པ་དང་། གྷན་དྷི་མན་ཌེ་ལ་ཐེབས་རྩ་ཁང་ནི་རྒྱ་གར་གཞུང་གིས་ངོས་འཛིན་ཡོད་པའི་ཐེབས་རྩ་ཁང་ཞིག་ཡིན་པ་འདུག