༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་དྷི་ནེ་ཤཱི་ཡ། མཱ་ལེ་ཞི་ཡ། འབར་མ། ཤྲི་ལངྒ། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་པ་རྣམས་ལ་གཙོ་བོར་དམིགས་ཏེ་དྲ་ལམ་བརྒྱུད་མདོ་དྲན་པ་ཉེར་བཞག་གི་ཉིན་གཉིས་རིང་གི་བཀའ་ཆོས་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་འབར་མ་དང་མཱ་ལེ་ཞི་ཡ། ཨིན་རྡི་ནཱེ་ཞི་ཡ་བཅས་རྒྱལ་ཁབ་སོ་སོ་ནས་རིམ་བཞིན་དྲ་ལམ་བརྒྱུད་དགེ་འདུན་པ་ཚོས་པཱ་ལིའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།
དེ་རིང་བཀའ་ཆོས་ཉིན་གཉིས་པ་རེད། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་རྒྱུ་ཡིན་པ་གསུངས་ཡོད། ད་ལྟ་ལོ་ཉིས་སྟོང་ལྷག་ཕྱིན་ཟིན་པ་རེད། ཆོས་ལུགས་མང་པོ་ཡར་རྒྱས་ལ་འགྲོ་བ་དང་མར་རྒུད་འགྲོ་བ་ཡོང་གི་ཡོད། སངས་རྒྱས་པའི་ཆོས་འདི་ཕལ་ཆེར་ཧ་ཅང་བརྟན་པོར་གནས་འདུག ལྷག་པར་དུ་དེང་སང་ནུབ་ཕྱོགས་པའི་ཡུལ་གྲུའི་ནང་དང་། དེ་སྔ་སངས་རྒྱས་པའི་ཆོས་མེད་སའི་ཡུལ་གྲུའི་ནང་དུའང་དོ་སྣང་བྱེད་མཁན་ཡོང་གི་འདུག འདི་ལྟ་བུའི་དུས་ཚོད་ལ་ལོ་སྟོང་ཕྲག་རིང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་པ་རྣལ་མ་ཡིན་པ། ང་ཚོས་ཕན་ཚུན་གྱི་གནས་ཚུལ་ཤེས་པའི་ཐོག་ནས་ཐུན་མོང་གིས་བཅོམ་ལྡན་གྱི་ཆོས་ཚུལ་འདི་འཛམ་གླིང་ལ་ད་ལྟའི་བར་དུ་གནས་ཡོད་པ་མུ་མཐུད་གནས་པ་དང་། བར་སྐབས་ཉམས་པ་རྣམས་ཉམས་པ་སོར་ཆུད་ཐུབ་པ་ཞིག་དགོས། དཔེར་ན། རྒྱ་ཧོར་བོད་གསུམ་གྱི་ཡུལ་གྲུ་ཁག་མང་པོ་ཞིག་ཏུ་བར་སྐབས་བསྟན་པ་ཏོག་ཙམ་ཉམས་ཡོད་པ་རེད། དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ་ཆོས་གྲོགས་རྣམ་པ་ཚོས་ཀྱང་དེ་དགོངས་པར་བཅིངས་རོགས།
དེ་མིན་དེ་སྔ་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་མཁན་ཚོས་ཀྱང་སངས་རྒྱས་པའི་ཆོས་ཀྱི་ནང་གི་སེམས་ཁམས་རིག་པའི་སྐོར་དང་། ལྟ་གྲུབ་ཀྱི་སྐོར་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཡོད་པ་ཡིན་པས་ཆོས་དད་ཡོད་མེད་ལ་མ་ལྟོས་པར་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་རེད། འདི་ལྟ་བུའི་དུས་ཚོད་ལ་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་མཚུངས་ནམ་རྒྱུན་བཤད་སྟངས་ལྟར་བྱས་པ་ཡིན་ན་པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་ཡོད་པ་ཚོས་ཕན་ཚུན་ལ་འབྲེལ་བ་བྱེད་རྒྱུ་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་ཆེ་རུ་གཏོང་དགོས། སྐབས་རེར་ང་ཚོ་འབྲེལ་བ་ཉུང་དྲག་པ་ལྟ་བུ་འདུག པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་དབར་ལ་མ་འོངས་པར་བགྲོ་གླེང་བྱ་རྒྱུ་བྱུང་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད། རྡོ་རྗེ་གདན་དུ་ཐའེ་ལན་གྱི་ལྟེ་གནས་ཆུང་ཆུང་ཞིག་ཡོད་པ་རེད། ངོས་རང་དེར་ཚར་ཁ་ཤས་ཕྱིན་པ་ཡིན། དེ་ལྟར་ཆོས་བརྒྱུད་གཉིས་ལྷོད་ལྷོད་བྱས་ཏེ་འབྲེལ་བ་བཟང་དུ་འགྲོ་ཆེད་བགྲོ་གླེང་ཞིག་བྱུང་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་སློབ་སྩལ་བ་དང་། དེ་ནས་དྲན་པ་ཉེར་བཞག་གི་མདོའི་ཆོས་འབྲེལ་དང་། མཐར་དྲི་བ་ཁག་བརྒྱད་ལ་བཀའ་ལན་སྩལ།
དེ་རྗེས་ཐའེ་ལན་ཌི་ནས་བརྒྱུད་པའི་སེ་ཡམ་མཱ་ཧ་ནི་ཁཱ་ཡཱ་(Siyam Maha Nikaya)ནང་པའི་ཆོས་བརྒྱུད་ཀྱི་སྤྱི་ཁྱབ་དྲུང་ཆེ་ནཱ་རམ་པཱ་ནཱ་ཝེ་ཨནྣཱ་ཌ་ནཱ་ཡ་ཁེ་ཏེ་རོ་(Narampanawe Ananda Nayake Thero) ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྟེ། ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་དྲན་པ་ཉེར་བཞག་ཆེན་མོའི་གསུང་ཆོས་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཆོས་ཞུ་བ་ཡོངས་ལ་ཕན་ཐོགས་བྱུང་ཡོད་པའི་རེ་བ་ཞུ་བཞིན་ཡོད། ཅེས་དང་། མདོ་དྲན་པ་ཉེར་བཞག་གིས་མཚོན་པའི་སངས་རྒྱས་པའི་ཆོས་གཞུང་རྣམས་ནི་དེང་གི་དུས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ནད་ཡམས་ཛ་དྲག་ཆེ་བའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ནས་བཀའ་ཆོས་བཀའ་དྲིན་སྩལ་བར་ཆོས་ཞུ་བ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་རྗེས་དྲ་ལམ་བརྒྱུད་ནས་བཀའ་ཆོས་སྩལ་བ་འདིས་འཛམ་གླིང་གི་སེམས་ཅན་མང་པོ་ཞིག་ལ་ཕན་ཡོད་པའི་སྐོར་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་ཡོད་པ་བཅས་ཉིན་གཉིས་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་བཀའ་ཆོས་འདི་བཞིན་སྐད་རིགས་བཅོ་བརྒྱུད་ཀྱི་གསུང་བསྒྱུར་གྱིས་དྲ་ལམ་ཁག་སོ་སོ་ནས་ཐད་གཏོང་ཞུས་ཡོད་པ་རེད།