༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩོལ་སྐབས་དད་ལྡན་ཆོས་ཞུ་པས་ཞུས་པའི་དྲི་བ་ཁག་གི་བཀའ་ལན།
དྲི་བ། ནང་ཆོས་སློབ་གཉེར་ལས་དང་པོ་བ་ཞིག་ཡིན་ན་ཉིན་རེའི་འཚོ་བའི་ཁྲོད་ནང་ཆོས་ཉམས་ལེན་ཇི་ལྟར་བྱ་དགོས་སམ།
བཀའ་ལན། ཆོས་ཞེས་པ་ནི་འདོན་པ་འདོན་པ་དང་ཆོ་ག་འདོན་པ་སོགས་ཕལ་བ་རེད། ཆོས་ཞེས་པ་ནི་གཙོ་བོ་སེམས་རྒྱུད་འདུལ་བ་དང་། ཐབས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ། སྙིང་རྗེ་སྒོམ་པ། ཤེས་རབ་ཀྱི་ཆ་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་དེ་ཆོས་ངོ་མ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་སྒོ་ནས་སྔགས་ཀྱི་ཆོ་ག་འདོན་པ་དང་ལྷ་སྒོམ་པ་སོགས་ནི་ཆོས་སུ་འགྲོ་བ་ལས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་མེད་པར་ལྷ་སྒོམ་ན་ཆོས་ལ་འགྲོ་གི་མེད། ལྷ་སྒོམ་ཏེ་སོ་སོ་མི་དགའ་སར་ངན་སྔགས་རྒྱག་པ་དང་གཏོར་མ་འཕེན་པ་སོགས་ནི་སྡིག་པ་བསགས་པ་ལས་ཆོས་མ་རེད། ཆོས་ཆོས་སུ་འགྲོ་བ་ལ་སེམས་རྒྱུད་ཆོས་དང་འབྲེལ་བ་ཞིག་དགོས་པ་རེད། སེམས་རྒྱུད་ཆོས་དང་འབྲེལ་ཞེས་པ་ནི་སེམས་བཟང་པོ་བྱེད་པ་དང་། ཆོས་གང་ཞིག་ཡིན་ནའང་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ཚོགས་པའི་སྒོ་ནས་ཡོང་བ་བློར་སླེབས་ན། བསམ་བློ་གུ་ཡངས་པོར་འགྱུར་གྱི་རེད། རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ཚོགས་པ་ལས་ཡོང་བར་ཤེས་ན་རྐྱེན་གཅིག་ལ་མ་འགྲིག་པར་རླུང་ལངས་པ་སོགས་ཕལ་ཆེར་ཡོང་གི་མ་རེད། སེམས་པ་བཟང་པོའི་སྒོ་ནས་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད་ཅེས་བརྩེ་བའི་སེམས་ཤིག་ཡོད་ན་ཁོང་ཁྲོ་ཟ་བ་ཡོང་གི་མ་རེད། སེམས་པ་བཟང་པོ་དང་ཆོས་ཐམས་ཅད་བརྟེན་ནས་འབྱུང་བ་ལ་བསམ་བློ་མང་ཙམ་བཏང་ན་ཕན་གྱི་རེད།
དྲི་བ། ནང་ཆོས་སྦྱང་བ་ལ་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་ངེས་པར་བརྒྱུད་དགོས་པ་ཡིན་ནམ། དེ་ལྟར་བྱེད་མི་ནུས་པ་ལ་ནང་ཆོས་ཉམས་སུ་ལེན་པའི་གོ་སྐབས་ཡོད་དམ།
བཀའ་ལན། ཐོས་བསམ་སྒོམ་གསུམ་བྱེད་པར་རྒྱ་ཆེ་ཆུང་སྣ་ཚོགས་ཡོད་པ་རེད། ཐོས་པ་བྱེད་པ་ལ་གཞུང་ཆེན་མོར་ལྟ་ཐུབ་མཁན་ཞིག་ཡིན་ན། གཞུང་ཆེན་མོར་བལྟས་ཏེ་ག་ཚོད་ཀྱིས་ཐོས་པ་རྒྱ་ཆེ་ན་བསམ་བློ་གཏོང་བའང་རྒྱ་ཆེ་བ་དང་ཟབ་མོ་ཡོང་གི་རེད། དེ་དང་འབྲེལ་ནས་སེམས་ལ་སྒོམ་ན་སེམས་ལ་འགྱུར་བ་ཐེབས་པའང་རྣམ་གྲངས་མང་པོའི་ཐོག་ནས་ཡོང་གི་རེད། ཡང་ཐོས་བསམ་སྒོམ་གསུམ་ཞེས་ཉུང་ཉུང་ཞིག་གི་སྟེང་། དཔེར་ན། སངས་རྒྱས་ཞེས་པའི་དོན་གང་འདྲ་ཡིན་པ། ཆོས་ཞེས་པས་སེམས་རྒྱུད་འདུལ་བ་འགོག་ལམ་གྱིས་བསྡུས་པའི་ཆོས། དེ་ལྟར་མདོར་བསྡུས་ཤིག་གི་སྟེང་ནས་བསམ་བློ་བཏང་སྟེ། ཆོས་ཚུལ་བཞིན་དུ་བསྒྲུབ་པའི་དགེ་འདུན་ཞེས། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བསྡུས་བསྡུས་ཤིག་གི་སྟེང་ནས་བྱིན་ནའང་། དེ་ལ་དཔག་པའི་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་ཡོང་གི་རེད།
ཐོས་བསམ་སྒོམ་གསུམ་ཞེས་གཞུང་ཆེན་མོར་སྦྱངས་པ་རྐྱང་བར་གོ་དགོས་པ་མ་རེད། སོ་སོའི་བློ་དང་འཚམས་པ་ཞིག་ཡོད་པ་རེད། བློ་གྲོས་རྒྱ་ཆེན་པོ་ཡིན་ན་གཞུང་རྒྱ་ཆེན་པོ་ལ་ཐོས་པ་བྱེད་པ་དང་། དེ་མིན་ན་གཞུང་ཉུང་ཉུང་། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཇོ་བོ་རྗེའི་ལམ་སྒྲོན་ལྟ་བུར་མཚོན་ན་གཞུང་ཉུང་ཉུང་ཞིག་རེད། ཇོ་བོ་རྗེ་བོད་ལ་ཕེབས་དུས་གཞུང་རྒྱ་ཆེན་པོ་དེ་འདྲ་མི་དགོས། ཉུང་ཉུང་ཞིག་གསུངས་རོགས་ཞེས་ཞུས་པས། ལམ་སྒྲོན་གསུངས་པའི་ལོ་རྒྱུས་ཡོད་པ་རེད། དཔེར་ན། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆ་བཞག་ན། རྒྱས་པ་འབུམ། འབྲིང་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ། དེ་ལས་མདོ་སྡུད་པ། བསྡུས་ཤོས་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་པའི་ཤོ་ལོ་ཀ་གཅིག་གི་སྟེང་ནས་ཡོང་གི་རེད། ཐོས་བསམ་སྒོམ་གསུམ་བྱེད་པ་ལ་སོ་སོའི་བློ་དང་བསྟུན་ནས་སྔོན་ལ་གཞུང་ཉུང་ཉུང་ཞིག་སྦྱངས་ཏེ། དེ་ནས་ཞིབ་ཚགས་པོ་དང་རྒྱ་ཆེ་བར་བཏང་སྟེ་གཞུང་ཆེན་མོར་སྦྱངས་ན་ལས་སླ་བ་ཡོད། དཔེར་ན། རྗེ་རིན་པོ་ཆེའི་ལམ་གཙོ་དང་ལམ་རིམ་བསྡུས་དོན་ལྟ་བུ་ནི་ཉུང་ཉུང་ཞིག་རེད། དེ་སྦྱངས་ནས་བློ་ལ་གོ་བ་རོབ་ཙམ་ཆགས། སེམས་གོམས་འདྲིས་བྱུང་ན་ལམ་རིམ་འབྲིང་བར་བལྟས། དེ་ནས་ཡར་ལམ་རིམ་ཆེན་མོར་བལྟས། དེའི་སྟེང་བློ་གྲོས་ཀྱིས་ལྕོགས་ན། རྩ་ཤེའི་ཊཱིཀ་ཆེན་དང་དབུ་མ་དགོངས་པ་རབ་གསལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་སྦྲེལ་ནས་བལྟས། ཐོག་མ་ཅི་ཡང་མ་ཤེས་གོང་ནས་གཞུང་ཆེན་མོར་བལྟས་ན་དཀའ་ངལ་ཡོད་པ་རེད། མྱུ་གུ་ཞིག་སྐྱེ་བར་ཆ་བཞག་ནའང་སྔོན་ལ་ཆུང་ཆུང་ཞིག་ནས་སྐྱེ་གི་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེའང་སྔོན་ལ་ཆུང་ཆུང་ཞིག་ག་ལེར་རྒྱ་ཆེ་རུ་དང་ཟབ་ཏུ་འགྲོ་གི་རེད།
དྲི་བ། ཆོས་བརྒྱུད་གཅིག་དང་དགེ་བའི་བཤེས་གཉེན་གཅིག་བསྟེན་ན་ལེགས་སམ། ཆོས་བརྒྱུད་མི་འདྲ་བ་དུ་མ་དང་དགེ་རྒན་མི་འདྲ་བ་མང་བོ་བསྟེན་ན་ལེགས།
བཀའ་ལན། དེ་སོ་སོའི་ཁམས་དང་མོས་པར་བསྟུན་རྒྱུ་རེད། རིགས་ཁ་ཤས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ན། དགེ་བའི་བཤེས་གཉེན་རེ་རེར་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་རེ་ཡོད། ངོས་ལ་མཚོན་ན། ཕལ་ཆེར་དགེ་བའི་བཤེས་གཉེན་ཉི་ཤུ་རྩ་གྲངས་ཤིག་ཡོད། བླ་མ་ཧ་ཅང་མང་པོ་ཡོད། དེ་དག་སོ་སོའི་ངོས་ནས་ལེགས་བཤད་ཐུན་མོང་མ་ཡིན་པ་ཡོང་གི་འདུག དགེ་བའི་བཤེས་གཉེན་ངོ་མ་དཔེ་ཆ་ལ་ལྟ་རྒྱུ་དེ་རེད། གླེགས་བམ་དེ་དག་དགེ་བའི་བཤེས་གཉེན་ངོ་མ་རེད། བླ་མ་རིགས་ཁ་ཤས་ཀྱིས་གཞུང་དེ་དག་མ་མཁྱེན་པར་ངའི་སློབ་མ་ཞེས། བླ་མ་ཁོང་གིས་སློབ་མར་ཆགས་སྡང་བསླབ་པ་སོགས་ཡོང་སྲིད་པ་རེད། སོ་སོས་བསམ་བློ་བཏང་སྟེ་བླ་མ་མང་པོ་བསྟེན་ནས་དེ་དག་གི་སྐུ་མདུན་ནས་གདམས་པ་འདྲ་མིན་ཡོད་པ་ལ། མ་དད་པ་སྐྱེ་བ་མིན་པར་དཔྱད་བསྡུར་བྱེད་པ་བྱུང་ན། བླ་མ་ག་ཚོད་མང་ནའང་འགྲིག་གི་འདུག དེ་ལྟ་མིན་པར་སྔོན་གྱི་རྗེ་བཙུན་མི་ལ་དང་མར་བ་ལོ་ཙཱ་བ་ལྟ་བུ་བླ་མ་གཅིག་རེ་བསྟེན་ནས་འགྲོ་གི་ཡོད། དེང་སྐབས་ཀྱང་བླ་མ་གཅིག་ལས་ཆོས་བརྒྱུད་སྣ་ཚོགས་ཞུ་ཐུབ་ཀྱི་རེད། དཔེར་ན། ངོས་ཀྱི་ངོས་ནས་ས་སྐྱ། བཀའ་བརྒྱུད། རྙིང་མ། དགེ་ལུགས་སོགས་ཀྱི་གདམས་པ་ཆ་ཚང་ཕལ་ཆེར་ཐོབ་ཡོད། ཁ་ཤས་བླ་མ་གཅིག་ལས་ཐོབ་ཡོད། ཁ་ཤས་བླ་མ་མི་འདྲ་བ་མི་འདྲ་བ་ལས་ཐོབ་ཡོད། དེ་འགྲིག་པ་ཞིག་རེད། སོ་སོའི་ཁམས་དང་མོས་པ་དང་། གཤིས་ཀར་བསྟུན་ནས་ཅི་ཙམ་གྱི་བཤེས་གཉེན་མང་པོ་དང་ཆོས་བརྒྱུད་མང་པོ་ཐོབ་ཡོད་ན། སེམས་རྒྱུད་ལ་ཕན་ན་འགྲིག་པ་རེད། བླ་མ་ཚད་ལྡན་ཞིག་ཡིན་ན་ང་ཚོ་དང་ཁོང་ཚོ་ཞེས་ཆགས་སྡང་བསླབ་ཀྱི་མ་རེད།
དྲི་བ། མི་མང་པོས་ཆོས་བརྒྱུད་རིས་མེད་བྱས་ན་ལེགས་ཚུལ་གྱི་བསླབ་བྱ་གནང་བཞིན་འདུག་པས་རིས་མེད་དེ་ཇི་ལྟར་བྱ་དགོས།
བཀའ་ལན། དཔེར་ན། ང་ཚོའི་གྲུབ་མཐར་ཆ་བཞག་ན། མདོ་སྡེ་བའི་གྲུབ་མཐའ། སེམས་ཙམ་པའི་གྲུབ་མཐའ། དབུ་མ་བའི་གྲུབ་མཐའ། ནང་གསེས་ཀྱི་གྲུབ་མཐའ་མི་འདྲ་བ་ཡོད་པ་ཚང་མར་སྦྱངས་བཞིན་ཡོད་པ་རེད། མི་འདྲ་བ་ག་རེ་ཡོད་པ་དང་། དགོངས་པ་བཞེས་སྟངས་ཇི་འདྲ་ཡིན་པར་བསམ་བློར་འཁོར་དུས་བློ་སྐྱེད་ཡོང་བ་ལ་ཕན་གྱི་འདུག ཡག་པོ་རེད། དེ་བཞིན་དུ་བླ་མ་སྣ་ཚོགས་ཀྱི་མདུན་ནས་གསུང་ཆོས་སྣ་ཚོགས་ཞུ་བ་སོ་སོར་རག་ལས་པ་རེད། དེས་མགོ་འཁོར་བ་དང་ཆགས་སྡང་སྐྱེ་བ་བྱུང་ན་སོ་སོ་མ་འགྲིག་པ་རེད། སྔོན་གྱི་ལོ་རྒྱུས་ལ་བླ་མ་མང་པོའི་མདུན་ནས་གསུང་ཆོས་ཞུས་ནས་ཕན་ཐོགས་ཆེན་པོ་བྱུང་བའི་ལོ་རྒྱུས་ཡོད་པ་རེད།
དྲི་བ། ནང་ཆོས་སྦྱོང་སྐབས་བཟོད་པའི་བསླབ་བྱ་ཡང་ཡང་ཡོང་གི་འདུག ང་རང་གི་ཉིན་རེའི་འཚོ་བའི་ཁྲོད་དུ་ཁོང་ཁྲོ་འབྱུང་སླ་བས་དེ་བཟོད་པའི་ཉམས་ལེན་གྱིས་ཇི་ལྟར་འགོག་དགོས་སམ།
བཀའ་ལན། ཁོང་ཁྲོའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་གྱི་རྩ་བ་རང་གཅེས་འཛིན་བྱེད་མིན་ལས་ཡོང་གི་ཡོད་པས་སྤྱོད་འཇུག་དཔེ་ཆ་ཞིག་སོ་སོའི་མཉམ་དུ་ཉར་ནས་གང་ནུས་ཀྱིས་བལྟས་ན། སྤྱོད་འཇུག་ལེའུ་དྲུག་པས་ཁོང་ཁྲོའི་ཉེས་དམིགས་དམིགས་བསལ་གྱིས་གསུངས་ཡོད། ཕན་ཐོགས་ཆེན་པོ་ཡོད། དེ་ནས་སྤྱོད་འཇུག་ལེའུ་བརྒྱད་པས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ཞིབ་ཕྲ་གསུངས་ཡོད། དེར་བརྟེན། ཁྱོད་ཚོས་སྤྱོད་འཇུག་དཔེ་ཆ་ཞིག་ངེས་པར་དུ་སོ་སོའི་སྔས་མགོར་བཞག་ནས། སེམས་འཁྲུག་པའི་སྐབས་སུ་ལེའུ་དྲུག་པ་དང་ལེའུ་བརྒྱད་པ་བཀླགས་ནས་བསམ་བློ་བཏང་ན། ཏན་ཏན་ཕན་ཐོགས་ཡོང་གི་རེད། སྤྱོད་འཇུག་རྒྱ་ཡིག་ལའང་བསྒྱུར་ཡོད་པ་རེད།
དྲི་བ། སྟོང་པ་ཉིད་དང་རང་བཞིན་གྱི་གྲུབ་པའི་སྟོང་པའི་དོན་ལ་ཁྱད་པར་ག་འདྲ་ཡོད་དམ།
བཀའ་ལན། སྟོང་པ་ཉིད་ཅེས་པའི་ཚིག་དེ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་པའི་སྐབས་ནས་གསུངས་ཡོད། སྟོང་པ་ཉིད་ཀྱི་དོན་ནི། བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ་བཅས་ཀྱིས་གསུངས་ཡོད། དབུ་མ་བ་ལ་ཐ་སྙད་དུ་རང་མཚན་བཞེད་པའི་དབུ་མ་རང་རྒྱུད་པ་དང་། ཐ་སྙད་དུ་རང་མཚན་མི་བཞེད་པའི་དབུ་མ་ཐལ་འགྱུར་བ་གཉིས་ཀྱིས་གསུངས་པ་ལས། དབུ་མ་ཐལ་འགྱུར་པས་སྟོང་པ་ཉིད་ཀྱི་དོན་ནི། བརྟེན་ནས་བཏགས་པ་རེད། བརྟེན་ནས་བཏགས་པ་མ་གཏོགས་དོན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པ་གཏན་ནས་ཡོད་པ་མ་རེད། དེར་བརྟེན། ཐལ་འགྱུར་བས་སྟོང་པ་ཉིད་ཀྱི་དོན་ལ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དང་རང་བཞིན་གྱིས་གྲུབ་པའི་སྟོང་པ་གསུངས་ཡོད། དོན་དག་གཅིག་པ་རེད།
དྲི་བ། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་འགྲོ་ཚུལ་ག་འདྲ་ཡིན་ནམ།
བཀའ་ལན། དེ་ཧ་ཅང་གནད་འགག་ཆེན་པོ་རེད། སྟོང་པ་ཞེས་ཅི་ཡང་མེད་པ་ནི་ཆད་སྟོང་རེད། སྟོང་པ་ཞེས་པ་ནི་བློ་ལ་སྣང་བ་བཞིན་དོན་སྟེང་ནས་གཞན་ལ་ལྟོས་པ་མེད་པར་རང་ཚུགས་ཐུབ་པར་སྣང་ཡང་དེ་མ་རེད། སྟོང་པའི་དོན་ནི་བཏགས་ཡོད་ཀྱི་དོན་རེད། བཏགས་ནས་ཡོད་པ་རེད། བཏགས་ནས་ཡོད་པ་ཞེས་པ་ནི། རྐྱེན་མང་པོ་ཞིག་ལ་ལྟོས་ནས་བརྟེན་ནས་བཏགས་པས་བརྟེན་ནས་འབྱུང་བ་ཞེས་པ་དེ་རེད། སྟོང་པའི་གོ་བ་རྣལ་མ་ཆགས་དུས་བཏགས་ཡོད་མིང་རྐྱང་ཙམ་ཞེས་པ་ལ་སླེབས་ཀྱི་རེད། སྟོང་པ་རྟེན་འབྱུང་དང་། རྟེན་ནས་འབྱུང་བ། བཏགས་ནས་ཡོད་པ་ཡིན་པས། མ་བཏགས་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཞེས་པས། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་བློ་ལ་ཚོར་བ་དང་གོ་བ་ཞིག་སླེབས་ཀྱི་རེད། བརྟེན་ནས་བཏགས་པ་ཞེས་པས་གཞན་ལ་མ་ལྟོས་པར་རང་དབང་དུ་མེད་པ་ཞིག་གོ་བ་རེད། དེ་ཡང་ཅོ་ནེ་བླ་མ་རིན་པོ་ཆེའི་སྤེལ་མར་བསྟོད་པ་ལས། རྟེན་ཞེས་ཆོས་ཉིད་མི་འདོར་ལ།། འབྱུང་ཞེས་འཇིག་རྟེན་ཚུལ་ཡང་སྟོན།། ཞེས་གསུངས་པ་ལྟར། རྟེན་ཞེས་པས་གཞན་ལ་བརྟེན་པ་དང་། གཞན་ལ་ལྟོས་པ། གཞན་ལ་རག་ལས་པ། ལྟོས་མེད་རང་དབང་གིས་གྲུབ་པའི་སྟོང་པ། འབྱུང་ཞེས་པས་རྒྱུ་འབྲས་རྟེན་འབྲེལ་གྱིས་མཚོན་ལྟོས་ནས་ཕན་གནོན་འབྲེལ་བའི་སྣང་བ་སྣ་ཚོགས་ཤར་བར་གསུངས་པ་རེད།
དྲི་བ། དེང་དུས་དང་མཐུན་པའི་ཆོས་པ་ཞིག་བྱེད་ན་དེ་ལ་ཆ་རྐྱེན་ག་འདྲ་ཞིག་དགོས་སམ།
བཀའ་ལན། བཅོམ་ལྡན་འདས་ཞལ་བཞུགས་དུས་ཀྱི་ཆོས་པ་དང་དེང་དུས་ཀྱི་ཆོས་པ་ལ་ཁྱད་པར་ཡོད་པ་མ་རེད། གཙོ་བོ་ཆོས་ཞེས་པ་དེ་སེམས་ནས་བཅོས་དགོས་པ་རེད། ལུས་ཀྱི་ཆ་ལུགས་སོགས་ཕལ་བ་རེད། གནད་འགག་ཅི་ཡང་མ་རེད། དགེ་ཚུལ་སློང་བསྒྲུབ་པ་ཡིན་ན་དེ་ཉུང་ཤས་ཤིག་གིས་བྱེད་པ་རེད། དེ་དག་འདུལ་བའི་ཀུན་སྤྱོད་ཀྱི་འགྲོ་སྟངས་རེད། སྟོང་ཉིད་སྒོམ་པ་སོགས་ནི་བསམ་བློའི་སྟེང་ནས་འགྲོ་བ་ལས། ཕྱི་ལོགས་ཀྱི་རྣམ་འགྱུར་ལ་འགྱུར་བ་འགྲོ་བ་ཡོད་པ་མ་རེད། དེང་དུས་དང་མཐུན་པའི་ཆོས་པས་ནུབ་ལྭ་ཆ་ཚང་གོན་དགོས་པ་ལྟ་བུ་གང་ཡང་མིན། དེང་དུས་ཀྱི་ཤེས་ཡོན་ཡོད་མཁན། ངོས་ཀྱི་ངོ་ཤེས་ཚན་རིག་པ། དགེ་རྒན་ཆེན་མོ་ཡིན་པ་དེ་འདྲས་བསམ་བློའི་ནང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད་པ་རེད། ཡིན་ནའང་། བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད་ཅེས་རྣམ་འགྱུར་མི་འདྲ་བ་བྱེད་དགོས་པ་གང་ཡང་མི་འདུག སོ་སོའི་ལྟོ་གོས་ཀྱི་ལས་ཀ་ཞིག་བྱེད་བཞིན་ཡོད་ན་དེ་མུ་མཐུད་ནས་བྱས་ཏེ། སེམས་ནས་འགྱུར་པ་བཏང་ན་དེ་རེད། ཁྱད་པར་ག་རེ་ཡོད་རེད་ཅེ་ན། ངས་ནམ་རྒྱུན་ལུས་པོའི་འཕྲོད་བསྟེན་དང་སེམས་ཀྱི་འཕྲོད་བསྟེན་གཉིས་སུ་དགར་ནས་ནང་པ་སངས་རྒྱས་པའི་ཆོས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སོགས་ནི་སེམས་ཀྱི་འཕྲོད་བསྟེན་རེད། སེམས་ལ་མི་སྐྱིད་པ་ཡོང་བ་དང་དངངས་སྐྲག་ཡོང་བ། ཆགས་སྡང་ཡོང་བ་སོགས་རང་བཞིན་གྱིས་ཉུང་བར་འགྲོ་བ་ཞིག་རེད། ཅི་ཙམ་སྟོང་ཉིད་ཀྱི་ལྟ་བར་ངེས་པ་རྙེད་ན་བྱང་ཆུབ་ཀྱི་སེམས་ལའང་། དབུ་མ་འཇུག་པ་ལས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཞེས་གསུངས་པ་དེ་ཧ་ཅང་ནུས་པ་ཆེན་པོ་རེད། དེང་དུས་ཞེས་པ་དེ་ལྭ་བ་གོན་སྟངས་དང་སྤྱིར་བཏང་གི་ཆེད་ལས་(profession) དེ་འདྲ་རེད། དེ་དག་ནི་སེམས་ཀྱི་གཏིང་ནས་ཟབ་རྒྱས་ཀྱི་བསམ་བློ་བཏང་བ་མ་རེད། འཕྲལ་སེལ་དངོས་ཁམས་རིག་པ་གཙོ་བོ་བྱས་ནས་སློབ་སྦྱོང་བྱས་པ་དེ་རེད། དེང་དུས་དང་མཐུན་པའི་ཆོས་པ་ལ་དམིགས་བསལ་ཆ་རྐྱེན་དགོས་པ་གང་ཡང་མི་འདུག ཆོས་པ་ཡིན་ཞེས་སུ་གང་དང་ཡང་མ་འདྲིས་པར་བསྡད་ན་དགོས་པ་གང་ཡང་ཡོད་པ་མ་རེད། སོ་སོས་དཔལ་འབྱོར་གྱི་ལས་ཀ་དང་ཤེས་ཡོན་གྱི་ལས་ཀ་ག་རེ་བྱེད་ཀྱི་ཡོད་ན་དེ་མུ་མཐུད་ནས་བྱས་ཏེ། ཁྱད་པར་དུ་སེམས་ལ་ཆགས་སྡང་གི་བློ་དྲག་པོ་སྐྱེ་བ་ཤུགས་ཆུང་བར་བཏང་། མི་ལ་ཕན་འདོགས་པ་ཤུགས་ཆེ་བར་བཏང་ན། དེ་གས་འགྲིག་པ་ཞིག་རེད།
དྲི་བ། སྟོང་པ་ཉིད་དང་བྱང་ཆུབ་གྱི་སེམས་ཟུང་དུ་འབྲེལ་ནས་ཉམས་ལེན་ཇི་ལྟར་བྱེད།
བཀའ་ལན། སྟོང་ཉིད་སྒོམ་པ་དེ་ངེས་འབྱུང་གི་བསམ་པ་ཙམ་དང་ཐར་བ་དོན་གཉེར་གྱི་བསམ་པས་སྟོང་ཉིད་སྒོམ་པ་ཡིན་ན། ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པ། སྟོང་ཉིད་ཀྱི་ལྟ་བ་དེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ཞིང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱབ་རྟེན་ཡོད་པའི་སྒོ་ནས་སྒོམ་ན། སྟོང་ཉིད་ཀྱི་ལྟ་བ་དེས་ཤེས་སྒྲིབ་སྤོང་བའི་རྒྱུ་བྱས་ནས་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་ཐུབ་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་པ་དེ་རེད། སྟོང་ཉིད་ཀྱི་ལྟ་བ་སྒོམ་པས་ཤེས་རབ་ཀྱི་ཚོགས་རྫོགས། བྱང་ཆུབ་ཀྱི་སེམས་སྒོམ་པས་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་སངས་རྒྱས་ཀྱི་སའི་ཆོས་སྐུ་དང་གཟུགས་སྐུ་གཉིས་ལས། གཟུགས་སྐུ་འགྲུབ་པའི་རྒྱུ་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་འགྲུབ་པའི་རྒྱུ་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་བྱས་ཏེ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཟུང་འབྲེལ་བྱས་ནས་སྒོམ་པའི་ལག་རྗེས་སུ། འབྲས་བུ་ལ་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་ཞེས་སྐུ་གཉིས་ཟུང་དུ་འཇུག་པ་དེ་རེད། དེ་ལ་དོན་གཉིས་མཐར་ཕྱིན་པ་ཟེར་བ་རེད།
དྲི་བ། ཆོས་པ་ལས་དང་པོ་བ་ཞིག་ལ་མཚོན་ན་དད་པ་དེ་གལ་ཆེ་ཚུལ་གསུང་འདུག་པས་དད་པ་དེ་འགྱུར་བ་མེད་པའི་དད་པ་བརྟན་པོ་ཞིག་ཡོང་བའི་ཐབས་ལམ་ག་འདྲ་ཡོད་དམ།
བཀའ་ལན། དད་པ་དེ་བཅོམ་ལྡན་འདས་ཁོང་གིས་གསུངས་པ་ལྟར། བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་སྐྱེས་ན། ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་རེད། དད་པ་དེ་ཧ་ཅང་བརྟན་པོ་ཡོད་པ་རེད། ཤེས་རབ་ཀྱི་གྲོགས་མེད་པར་བླ་མ་ཧ་ཅང་རྩ་ཆེན་པོ་རེད་ཅེས་པ་ཙམ་ནི། ག་ལེར་རྨོངས་དད་ལ་འགྱུར་བའི་རིགས་ཤིག་ཡོད་པ་རེད། དེ་ཚོའི་གྲས་ནི། ད་ལྟའི་བར་དུ་སོ་སོ་རྨོངས་དད་བྱས་ནས་བསྡད་པ་དེར། གཞན་པ་ཞིག་དང་དཔེ་ཆ་ལས་མི་འདྲ་བ་རེ་གསུངས་ཡོང་དུས་དེ་གང་འདྲ་ཡིན་ནམ་སྙམ་གྱི་རེད། དད་པ་དེ་ཤེས་ནས་དད་པ་ཐོབ་པ། ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་དེ་འདྲ་ཞིག་དགོས་པ་རེད། ཆོས་པའི་དད་པ། ལྷག་པར་ནང་པ་སངས་རྒྱས་པ། དེའི་ནང་ཚན་ནཱ་ལེནྡྲའི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་གྱིས་སྔོན་ལ་རྒྱུ་མཚན་ལ་བསམ་བློ་བཏང་སྟེ། བླ་མའི་གསུང་སྟངས་དང་མཛད་པ་ལ་བརྟག་དཔྱད་བྱས་ནས། དངོས་གནས་བརྟག་ཐུབ་པ། ཞལ་ནས་གསུངས་པ་བཞིན་ལག་ལེན་འཁེལ་ཐུབ་པ་ཞིག་མཐོང་དུས། གཞི་ནས་བླ་མ་དེ་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་སྐྱེ་བ་ལ་ཤེས་ནས་དད་པ་ཐོབ་པ་ཞེས་པ་དེ་རེད། དེ་བྱུང་ན་དད་པ་ཅང་བརྟན་པོ་ཡོད་པ་རེད། གཞན་རྨོངས་དད་ཀྱི་ཟོལ། མི་ཞིག་གིས་དེ་ཡག་པོ་འདུག་ཅེས་པ་ཙམ་ལ་ཡིད་ཆེས་ནས་སོང་ན། རྗེས་ལ་བླ་མས་ཞབས་འདྲེན་བྱས་ནས་ཡོང་དུས་ཧ་ལོག་པ་ཡོང་བ་དེ་འདྲ་རེད།
དྲི་བ། དེང་དུས་འགྲན་རྩོད་ཀྱི་སྤྱི་ཚོགས་ཁྲོད་དུ་འདོད་རྔམ་ཆེ་བ་དང་། སྙིང་རླུང་ན་ནས་རང་ཤི་རྒྱག་པ་སོགས་ཧ་ཅང་མང་བས་དེ་འགོག་པའི་ཐབས་ལམ་ཇི་ཞིག་ཡོད་དམ།
བཀའ་ལན། དེ་དག་ནི་རྟེན་འབྱུང་ཞེས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ཡོང་བར་བསམ་བློ་འཁོར་ན། ང་ཚོའི་སྤྱི་ཚོགས་ནང་དུ་འདྲ་མི་འདྲ་ཡོང་གི་རེད། ཁམས་དང་མོས་པ་སྣ་ཚོགས་ཡོད་པ་རེད། དེ་ཆོས་ཉིད་རེད་སྙམ་པ་ཞིག་དང་། མི་ཚང་མར་སོ་སོའི་བསམ་བློ་བཞིན་ཡོང་དགོས་པ་རེད་ཅེས་སུས་ཀྱང་བཤད་ཐུབ་ཀྱི་མ་རེད། ང་ཚོ་མང་གཙོའི་ལམ་དུ་འགྲོ་བ་དང་། རང་དབང་གི་ལམ་དུ་འགྲོ་བཞིན་ཡོད། མི་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་རེད། དེ་བཞིན་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་དང་འབྲེལ་ནས། ལྟོ་གོས་ལས་ཀ་བྱེད་སྟངས་དང་ཤེས་ཡོན་གྱི་ལས་ཀ་བྱེད་པ་སོགས་མདུན་ལམ་གྱི་འགྲོ་སྟངས་ཀྱང་མི་འདྲ་བ་ཡོང་གི་རེད། རིགས་གཅིག་གིས་ང་ཞེས་རང་གཅེས་འཛིན་དེ་ཧ་ཅང་རྩ་ཆེན་པོར་བརྩིས་ནས། དེ་དང་ཕྲན་བུ་ཞིག་མི་མཐུན་ནའང་སེམས་ནང་མི་བཟོད་པ་ཡོང་བ་ནི་བློ་སུག་དོག་པ་རེད། སྙིང་རླུང་ན་ནས་རང་ཤི་རྒྱག་པ་ཡོང་གི་འདུག དེ་ནི་བསམ་བློ་སུག་དོག་པ་རེད། ང་ཚོ་མི་ལ་རྣམ་དཔྱོད་ཡོད་པ་རེད། བློ་གྲོས་ཡོད་པ་རེད། མ་འགྲིག་པ་དང་དཀའ་ངལ་རེ་འཕྲད་ནའང་ལམ་སེང་སེམས་མི་འཁྲུག་པར་བརྟག་དཔྱད་བྱས་ཏེ། ཕྱོགས་གཅིག་ནས་སེམས་ཅན་ཐམས་ཅད་གཉེན་དུ་ལྟ་བ་ལ། འདོན་པ་འདོན་དུས་སུའང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་འདོན་གྱི་ཡོད་པ་རེད། མ་རྒན་སེམས་ཅན་ཐམས་ཅད་ཅེས་བཤད་ཀྱི་ཡོད་པ་རེད། དེར་བརྟེན། གཞི་རྩ་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབ་པའི་བསམ་བློ་ཡོད་པ། ཞི་བ་ལྷའི་སྤྱོད་འཇུག་ནང་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་པ་དེ་རེད། ང་ཞེས་ཧ་ཅང་རྩ་ཆེན་པོར་བརྩིས་ཏེ། གྲ་འགྲིག་མ་འགྲིག་ཕྲན་བུ་རེ་བྱུང་བ་དང་ཧ་ཅང་རླུང་འཕར་ནས་རང་ཤི་རྒྱག་པ་སོགས་ཡོང་བ་ནི། རང་གཅེས་འཛིན་ཡོད་པའི་སྟེང་དུ་རྣམ་དཔྱོད་སྦུག་དོག་པོ་དང་བསམ་བློ་གུ་ཡངས་པོ་མེད་པས་དེ་ཡོང་བ་རེད། གཞན། བྱང་ཆུབ་སེམས་དཔའ་ཚོས་སེམས་ཅན་གྱི་སྡུག་བསྔལ་སྒོམ་ནས་སྙིང་རླུང་འཕར་ཏེ། བྱང་ཆུབ་སེམས་དཔའ་ཚོ་རང་ཤི་རྒྱག་དགོས་པའི་ཟོལ་རེད་དེ། དེ་འདྲ་མ་གནང་གི་མེད། སེམས་གུ་ཡངས་པོ་དང་། ལྷག་པར་རྙོག་དྲ་བཟོ་མཁན་ཚོར་བརྩེ་བའི་བློ་སྐྱེ་བ་ལས། དེ་ལ་ཁོང་ཁྲོ་ཟ་བ་ཡོང་ཤེས་ཀྱི་མ་རེད། དམན་ལ་ལྷག་པར་བརྩེ་བ་ཞེས་པ་དེ། མི་སེམས་འཁྲུག་ནས་ཡོད་པ་སོགས་ལ་དམིགས་བསལ་སྙིང་རྗེ་སྐྱེ་བ་དང་བྱམས་པ་སྒོམ་པ་དེ་རེད།
ཡིག་འབེབས་ཞུ་མཁན། བོན་རྒྱ་བསྟན་འཛིན་རབ་རྒྱས།