༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་རྡ་རམ་ས་ལའི་བཞུགས་སྒར་གྱི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བླ་མ་བཟོད་པ་རིན་པོ་ཆེས་དྲ་ལམ་བརྒྱུད་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བཀའ་སློབ་སྩལ་དོན།
སྡུག་བསྔལ་ངོ་འཕྲོད་པར་བྱས་ནས་སྡུག་བསྔལ་ལས་ཐར་འདོད་ཡོང་བ་ལ་སྡུག་བསྔལ་ཤེས་དགོས་པ་རེད་ཅེས་སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་ཤེས་དུས་སྲོག་ཆགས་འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྒྱུ་ལ་རྩད་གཅོད་བྱས་ཏེ། སྡུག་བསྔལ་མི་འདོད་དུས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་དགོས་པ་རེད། ཀུན་འབྱུང་ལས་ཉོན་གཉིས་སྤོང་ཐུབ་པ་ཡོད་དམ་ཅེ་ན། ཧ་ཅང་བསམ་བློ་གཏོང་དགོས་པ་ཞིག་རེད། སྡུག་བསྔལ་ཤེས་པར་བྱ། ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ། སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེད་ཅེས། སྡུག་བསྔལ་ང་ཚོས་ཤེས་པ་ཞིག་རེད། ཤེས་དགོས་པ་རེེད། ཡིན་ནའང་། ཡིན་ལུགས་ལ་དཔྱད་པ་བྱས་ན་སྡུག་བསྔལ་ཤེས་པར་བྱར་ཡོད་མ་རེད་ཅེས། བདེན་བཞི་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པས་ཆོས་རྣམས་ཀྱི་གནས་ལུགས་དེ་བཤད་ཀྱིན་ཡོད་རེད། དེར་བརྟེན། དེ་ལས་འགོག་བདེན་ངོས་ཟིན་དགོས་པ་རེད། འགོག་བདེན་ཤེེས་པ་ལ་དེ་ཐོབ་བྱེད་ཀྱི་ལམ་དེ་ལ་སློབ་དགོས་པས་ལམ་སྒོམ་པར་བྱ་ཞེས་པ་དེ་རེད། འགོག་བདེན་ཤེས་པ་ལ་སྐྱོན་གྱི་རིགས་སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་མེད་བརྟག་དཔྱད་བྱས། སྐྱོན་ཉོན་མོངས་ལ་གཉེན་པོ་སྟོབས་ལྡན་ཡོད་མེད་དཔྱད། དྲི་མ་གློ་བུར་བ་ཡིན་མིན་བཅས་ལ་དཔྱད་ན་འགོག་བདེན་ཞེས་པ་འཐོབ་ཐུབ་པ་ཞིག་རེད་ཅེས་བློ་ངོར་སླེབས་ཡོང་གི་རེད། དཔལ་ལྡན་ཟླ་བ་གྲགས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པས།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ ཞེས་གསུངས་པ་ལྟར། ཀུན་འབྱུང་གི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་དང་། དེའི་ས་བོན་དང་བཅས་པ་སྤོང་ཐུབ་པ་ནི། དབུ་མ་བཞི་བརྒྱ་བ་ལས། ལས་ལ་ལས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་བཞིན་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་འགྱུར།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེའི་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཐོག་མར་བསྙད་པར་བྱ།། ཞེས་གསུངས་པ་ལྟར། ཉོན་མོངས་ཞེས་པ་སྤོང་ཐུབ་དང་མི་ཐུབ།
ཉོན་མོངས་ཞེས་པའི་བློ་དེ་གང་འདྲ་ཞིག་ཡིན་པ། སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་མེད་བཅས་སེམས་རང་བཞིན་རྣམ་དག་ཅེས་པའི་སྟེང་ནས་བསམ་བློ་གཏོང་དགོས་པ་རེད། ད་ལྟ་ང་ཚོར་ཆོས་གང་འདྲ་ཞིག་སྣང་ནའང་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད། དེ་སྣང་བ་ལྟར་གྲུབ་པར་འཛིན་པའི་བློ་དེ་ཉོན་མོངས་ཀྱི་རྩ་བ་ཀུན་འབྱུང་བདེན་པའི་ལས་ཉོན་གཉིས་ལས་ཉོན་མོངས་ཀྱི་རྩ་བ་དེ་རེད། དེར་བརྟེན། ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་ཞིག་རིགས་པས་གཏན་ལ་འཕབ་དགོས་པ་རེད། ལུང་དང་རིགས་པ་གཉིས་ལས་ཀྱང་གཙོ་བོར་རིགས་པས་གཏན་ལ་འཕབ་དགོས་པ་རེད། ལུང་དྲངས་པ་ལ་སྐྱབས་སུ་མཆི་ཞེས་པ་ཙམ་ལས་ཡོད་པ་མ་རེད། རིགས་པས་གཏན་ལ་ཕབ་དུས་དེ་མ་གཏོགས་འགྲོ་ས་མི་འདུག་སྙམ་པ་ཞིག་སེམས་ལ་ཤར་གྱི་རེེད། དབུ་མ་འཇུག་པ་ལས། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཞེས་སེམས་སྟེང་གི་དྲི་མ་གློ་བུར་བ་ཡིན་པ། དེའི་རྩ་བ་བདེན་འཛིན་ཡིན་པ། བདེན་འཛིན་ལ་གཉེན་པོ་སྟོབས་ལྡན་ཡོད་པ་བཅས་པར་བསམས་ན་འགོག་བདེན་ཞེས་པ་ཞིག་མངོན་དུ་བྱེད་ཐུབ་པར་ཡིད་ལ་དྲན་གྱི་རེེད། དབུ་མ་འཇུག་པ་ལས། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་བསྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲངས་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཞེས་དང་། དབུ་མ་འཇུག་པའི་མཆོད་བརྗོད་དུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིས། །ཞེས་གསུངས་པ་ལྟར་སྙིང་རྗེའི་ལམ་ཉམས་ལེན་གྱི་གཙོ་བོ་དང་། དེའི་སྟེང་སྟོང་ཉིད་ཀྱི་ལྟ་བ་སྒྲིལ་ནས་ཡོང་དུས། དབུ་མ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངའ་དཀར་པོ་རྒྱས་འགྱུར་པ།། ངང་བའི་རྒྱལ་པོ་དེ་ནི་སྐྱེས་བའི་ངང་པ་ཡིས།། མདུན་དུ་བརྡར་ནས་དགེ་བའི་རླུང་གིས་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།། ཞེས་སྙིང་རྗེ་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་འདབ་གཤོག་ཟུང་ལྡན་ཏེ། ཤེས་རབ་ཀྱིས་ཟིན་པའི་ཐབས་དང་ཐབས་ཀྱིས་ཟིན་པའི་ཤེས་རབ་ཀྱི་ལམ་ཉམས་ལེན་བྱས་ན། ཉོན་མོངས་པའི་བག་ཆགས་དང་བཅས་པ་སྦྱངས་ནས་མཐར་མངོན་པར་རྟོགས་པར་སངས་རྒྱས་ཐུབ་པར་གསུངས་པ་རེད།
བདེན་འཛིན་ལ་གནོད་པ་གཏོང་བའི་རྒྱུ་མཚན་ལ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། མདོ་ལུང་དྲངས་ནས་ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ། ཞེས་པའི་ཐལ་བ་བཞི་དེ་འཇུག་པ་རང་འགྲེལ་ལས་ཀྱང་རིགས་པ་བཞི་དེ་གསུངས་འདུག ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་རྒྱུན་དུ་དེར་བསམ་བློ་གཏོང་གི་ཡོད། བློ་ལ་སྣང་བ་བཞིན་དོན་གྱི་ངོས་ནས་ཡོད་པ་ཞིག་ཡིན་ན་འཕགས་པས་མཉམ་བཞག་གིས་རྙེད་དགོས་པ་ལས་མ་རྙེད་པས། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཆོས་གང་དང་གང་ཡིན་ཡང་བློ་ལ་སྣང་བ་བཞིན་དོན་གྱི་ངོས་གྲུབ་ཡོད་ན་རིགས་པས་དཔྱད་དུས་གསལ་ནས་གསལ་དུ་འགྲོ་དགོས་མོད། དེ་མིན་པར་མི་གསལ་ནས་མི་གསལ་བར་གྱུར་ནས་མཐར་མཛུབ་མོ་འཛུགས་ས་མེད་པར་འགྱུར་བས། ཆོས་རྣམས་མིང་གིས་དབང་གིས་ཡོད་ཙམ་ལས་བསམ་བློ་གཏོང་ས་མེད་པར་འགྱུར་གྱི་རེད། མིང་བརྡས་དབང་གིས་ཡོད་ཙམ་དེའི་སྟེང་ནས་བྱ་བྱེད་འཐད་པ་ཞིག་རེད། དེང་སྐབས་དངོས་ཁམས་ཚད་རྡུལ་རིག་པས་ཀྱང་དེ་དང་འདྲ་བོ་བཤད་བཞིན་འདུག ཤེས་རབ་སྙིང་བོ་ལས། གཟུགས་སྟོང་བའོ།། སྟོང་བ་ཉིད་གཟུགས་སོ།། གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན། སྟོང་བ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་གསུངས་པ་ལྟར། སྟོང་གཞི་ཆོས་ཅན་གྱི་རང་བཞིན་ལ་དཔྱད་ན་སྣང་བ་བཞིན་དོན་སྟེང་ནས་ཡོད་པ་ཞིག་སྣང་ཡང་དོན་སྟེང་དུ་གཏན་ནས་མེད་པས། བརྟག་ན་གཞི་རྩ་བྲལ་བ་ཞེས་པ་དེ་རེད། དབུ་མ་འཇུག་པའི་སེམས་བསྐྱེད་དྲུག་པའི་མཇུག་དེ་སྡོམ་ཆེན་པོ་ཞིག་རེད། ངས་ཀྱང་ཉིན་ལྟར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན།། དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར།།ཞེས་སོགས་ཀྱི་ཚིགས་བཅད་སྐྱོར་ཏེ། དེའི་སྟེང་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད།
ལྟ་མགུར་ཞེས་པའི་ལྟ་བ་དེས་དབུ་མའི་ལྟ་བ་བཤད་ཀྱིན་ཡོད། དབུ་མའི་ལྟ་བ་ལ་དང་པོ་དཔེ་ཆ་ཀློག་པ་དང་བླ་མའི་གདམས་པའི་སྟེང་ཐོས་བྱུང་གི་ཤེས་རབ་བསྐྱེད། ཐོས་པའི་དོན་དེ་ལ་ཡང་ཡང་བསམ་བློ་བཏང་། དེའང་གཙོ་བོ་རིགས་པའི་སྒྲུབ་བྱེད་ཀྱི་སྟེང་ནས་བསམ་བློ་གཏོང་དགོས་པ་རེད། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ། དབུ་མ་ཚིག་གསལ། དབུ་མ་བཞི་བརྒྱ་བ་སོགས་ཧ་ཅང་ཡག་པོ་རེད། དབུ་མའི་ལྟ་བ་ཡག་པོ་ཞིག་ཤེས་པ་ལ་ཐལ་རང་གི་དབྱེ་བ་ཕྱེ་བ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་དབུ་མ་འཇུག་པ་གསལ་ཤོས་རེད། དེར་བརྟེན། ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གིས་ཡང་ཡང་བསམ་བློ་བཏང་ན། སྔོན་ལ་བདག་ཅེས་པ་དེ། རྩ་བ་ཤེས་རབ་ལས། ཕུང་མིན་ཕུང་བོ་ལས་གཞན་མིན།། དེ་ལ་ཕུང་མེད་དེ་དེར་མེད།། དེ་བཞིན་གཤེགས་པ་ཕུང་ལྡན་མིན།། དེ་བཞིན་གཤེགས་པ་གང་ཞིག་ཡིན།། ཞེས་གསུངས་པ་དེ་ངས་རྣམ་ཀུན་ཁ་བསྒྱུར་ནས། ཕུང་མིན་ཕུང་བོ་ལས་གཞན་མིན།། དེ་ལ་ཕུང་མེད་དེ་དེར་མེད།། བདག་ཅེས་བྱ་བ་ཕུང་ལྡན་མིན།། བདག་ཅེས་བྱ་བ་གང་ཞིག་ཡིན།། ཞེས་རྟག་པར་སྐྱོར་གྱི་ཡོད། ང་ཚོར་རྨི་ལམ་ཚུན་ཆད་དུ། ང་ཞེས་པ་ཞིག་བློར་ཤར་གྱིན་ཡོད། དེ་རྩར་བཅད་ན་ཕུང་བོ་དེ་ནི་ང་མ་རེད། ཕུང་བོ་ལས་དོན་གཞན་དུའང་ང་བཞག་ཐུབ་ཀི་མ་རེད། ང་ཡི་ཕུང་བོ། ངའི་ལུས། ངའི་སེམས་ཞེས་ང་ཡི་ལོངས་སྤྱོད་བྱར་རྣམ་ཀུན་བློར་ཤར་བ་དེ་ཕུང་བོ་དང་འབྲེལ་མེད་དོན་གཞན་དུ་ཁས་བླངས་ནའང་བདེ་བོ་མེད་པས། ཕུང་མིན་ཕུང་བོ་ལས་གཞན་མིན།། དེ་ལ་ཕུང་མེད་དེ་དེར་མེད།། བདག་ཅེས་བྱ་བ་ཕུང་ལྡན་མིན།། བདག་ཅེས་བྱ་བ་གང་ཞིག་ཡིན།། ཞེས་བསམ་བློ་བཏང་ན། མཛུབ་མོ་འཛུགས་ས་མེད་པ་ཞིག་བློར་ཤར་གི་རེད། རྣམ་བདུན་གྱི་རིགས་པ་དང་། རྣམ་ངེས་རིགས་པ། གཅིག་དུ་བྲལ་གྱི་རིགས་པ་སོགས་ཀྱིས་དཔྱད་ན་མཛུབ་མོ་འཛུགས་ས་ཁྱོན་ནས་མེད་པ་ཞིག་དང་། འོས་མེད་དུ་བཏགས་པ་ཙམ་སྟེ། མིང་རྐྱང་བཏགས་པ་ཙམ་གྱི་སྟེང་ལ་སླེབས་ཀྱི་རེད། བདག་དུ་འཛིན་པའི་བདེན་འཛིན་གྱིས་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་ཞེན། དེ་ལ་དཔྱད་པ་བྱས་ནས་དོན་གྱི་ངོས་ནས་གྲུབ་པ་གཏན་ནས་མི་འདུག་ཅེས་རིགས་པས་གྲུབ་དུས། སེམས་ནང་ལ་ང་ཞེས་པ་བློ་འཁྲུལ་བའི་དབང་གིས་ཤར་བ་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་ཞིག་གཏན་ནས་མེད་པར་ཤར་ཐུབ་པ་རེད། དེ་ནས་མ་ཡིན་དགག་དང་མེད་དགག་གི་དབྱེ་བ་ཕྱེ་བ་ལ། མེད་དགག་ཅེས་པ་དགག་བྱ་བཀག་ཙམ་ཞིག་བློར་ཤར་བ། དེ་ལ་པན་ཆེན་བློ་བཟང་ཆོས་རྒྱན་གྱི་ཤེས་རབ་དང་བདེན་འཛིན་གཉིས་ཀྱི་གཤགས་འདེབས་ཞེས་པ་དེ་ཡག་པོ་ཡོད། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཕན་ཚུན་རྩོད་པ་ལྟ་བུ་ཞིག་བྱས་ཡོད་པ་རེད། ཚིག་ཁ་ཤས་བཤུས་ནས་ངོས་ཀྱི་མཚམས་མཚམས་ཀློག་གི་ཡོད་རེད།(ང་ནི་ཕུང་བོ་ལ་དམིགས་ནས།། བདེན་པར་གྲུབ་པར་སྣང་བ་ཡི།། སྣང་བ་དེ་ལྟར་མ་གྲུབ་པར།། ཚད་མས་ངེས་ཤེས་འདོངས་ན་ནི།། གནོད་ཀྱི་གཞན་དུ་མ་ཡིན་ནོ།། ཕུང་པོ་ལ་དམིགས་ངའོ་ཞེས།། དེ་ཡི་བདེན་གྲུབ་བཀག་ཙམ་གྱི།། མེད་དགག་འཛིན་སྟངས་ཡུལ་བྱས་ནས།། ཤུགས་མ་ཉམས་ཤིང་གསལ་ངར་ལྡན།། བྱིང་རྒོད་བྲལ་ཞིང་མཚན་འཛིན་ཞིག། ཕུང་པོ་ལ་ནི་དམིགས་ནས་ནི།། ང་མེད་ཡུལ་དུ་ཤར་བ་ཡིན།། འཛིན་སྟངས་སྐྱོང་ལ་མཁས་ན་ནི།། ང་དང་འཛིན་སྟངས་འགལ་བ་སྟེ།། ང་ནི་འབུད་པར་ནུས་མོད་ཀྱང་།། དེ་འདྲ་ཉིན་མོའི་སྐར་མ་ཙམ།། ༼མཆན།༽-- ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུང་འདྲེན་གནང་བའི་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་མཛད་པའི་ཤེས་རབ་དང་བདེན་འཛིན་གཉིས་ཀྱི་གཤགས་འདེབས་ཞེས་པའི་ལུང་ཚིག) མདོར་ན། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་ཉམས་ལེན་ལ་སྦྱར་ནའང་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ཀྱི་བསྟན་པའི་ཞག་རྩིའང་སྟོང་བ་ཉིད་ཀྱི་ལྟ་བ་ལས་ཡོང་གི་ཡོད། སྟོན་པ་གཞན་སུ་གང་གིས་ཀྱང་དེ་འདྲའི་རྣམ་གཞག་གསུངས་ཡོད་མ་རེད། དེ་གསུང་མཁན་སྟོན་པ་ཉག་གཅིག་རེད།
རྟེན་འབྲེལ་བསྟོད་པ་ལས། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་སྡོམ་དེ་ལྟར་གནང་གི་འདུག ངོས་ཀྱིས་རྒྱུན་དུ་རྟེན་འབྲེལ་བསྟོད་པ་འདོན་བཞིན་ཡོད། ངོས་རང་ལ་མཚོན་ནའང་། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་། ཆུང་དུས་ནས་དགེ་བསྙེན་བསྒྲུབ། དགེ་ཚུལ་སློང་གི་སྡོམ་པ་ཞུས། འདིར་ལྷ་སའི་ཇོ་བོའི་སྐུ་པར་ཞིག་ཡོད། དེའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་སློང་གི་སྡོམ་པ་བསྒྲུབ་པ་རེད། མཁན་པོ་ནི། བདག་གི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་རྡོ་རྗེ་འཆང་། གླིང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་རེད། དེ་ལྟར་དགེ་སློང་བསྒྲུབ་ཚར་བའི་རྗེས་དཔེ་ཆ་ལ་བལྟས། ལྷག་པར་ངོས་རང་བཙན་བྱོལ་བར་གྱུར་རྗེས་སུ། གསེར་ཕྲེང་དང་ཕར་ཕྱིན་གྱི་གཞུང་ལ་ཅུང་བལྟས་ཀྱང་། གཙོ་བོ་དབུ་མའི་གཞུང་རྩ་འཇུག་གི་རྣམ་བཤད་གཉིས་དང་ལྷག་མཐོང་ཆེ་ཆུང་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་ལྔ་ལ་མང་པོར་བལྟས་པ་རེད། ལྟ་བ་ཡུན་བསྲིངས་ནས་ཞི་གནས་ཀྱི་གྲོགས་དང་བཅས་སྒོམ་ན། ཇི་ལྟ་བ་རྟོགས་པའི་ལྷག་མཐོང་རྒྱུད་ལ་སྐྱེ་བའི་རེ་བ་རྒྱག་གི་ཡོད་རེད། ཚེ་འདིར་འགོག་བདེན་མཚན་ཉིད་པ་ལམ་སེང་སྐྱེ་དཀའ་ཡང་འགོག་བདེན་རྗེས་མཐུན་པ་སྐྱེ་བར་རེ་བ་རྒྱག་གི་ཡོད་ལ། སྐྱེ་བཞིན་པའི་ཚུལ་ཡང་འདུག
དེར་བརྟེན། དབུ་མའི་ལྟ་བ་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་དེ་ཐོག་མར་ཐོས་བྱུང་ཤེས་རབ་ཀྱིས་གསོས། བར་དུ་བསམ་བྱུང་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་ངེས་པ་འཐོབ་པ། ངེས་པ་ཐོབ་པའི་དོན་ལ་ཉིན་རེ་བཞིན་རྨི་ལམ་ཚུན་ཆད་དུ་འདྲིས་པར་བྱས་ན། སྒོམ་བྱུང་གི་ཤེས་རབ་རྣལ་མ་དཀའ་ནའང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་འདི་ལྟར་འགྲོ་དགོས་པ་རེད། དེར་བརྟེན། སྔོན་ལ་དབུ་མའི་ལྟ་བ་སྦྱངས་ན། དབུ་མའི་ལྟ་མགུར་གྱི་ཚིག་དག་གིས་ཀྱང་སེམས་ལ་དྲན་གསོ་ཐེབས་ཀྱི་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལས། དེ་ལྟར་ན་བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང་དེ་ལས་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་སྡོམས་ཀྱང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། ཞེས་ཐེག་པ་ཆེན་པོ་གང་གི་སྐབས་སུའང་བདེན་བཞི་གཙོ་བོར་གསུངས་ཡོད་པས། སློབ་མ་བཀྲི་བའི་རིམ་པའང་ཚུལ་དེ་ལྟར་བྱ་བར་གསུངས་པ་ལྟར། བདེན་བཞི་ནས་འཁྲིད་པ་ཧ་ཅང་གལ་ཆེན་པོ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་ནང་དུ། བདེན་བཞིའི་རྣམ་གཞག་ཕྱེ་ནས་བཤད་པ་གནང་མི་འདུག དེ་སྤྱིར་སྐྱེས་བུ་གསུམ་གྱི་རྣམ་དབྱེ་ཕྱེ་བ་ལྟར་གདུལ་བྱ་ཐ་མལ་བ་ཚོའི་བློ་འཁྲིད་པ་ཞིག་རེད། གཞན་ལམ་རིམ་ལ་དབུ་མའི་ལྟ་བ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་སྟེང་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེན་འཛིན་གཤགས་འདེབས་ལྟ་བུ་སྒྲིལ་ནས་མཚམས་མཚམས་བཀླག་ན་ཕན་ཐོགས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་། ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་གྲུབ་མཚམས་བོད་ཀྱི་ལོ་གསར་ལ་འཚམ་འདྲིའི་གསུང་འཕྲིན་སྩལ་དོན།
དེ་རིང་ང་ཚོ་བོད་ལོའི་ལོ་གསར་སྐབས་མཚམས་འཁེལ་གྱི་ཡོད་སྟབས་གོ་སྐབས་འདི་བཟུང་ནས་བོད་ཕྱི་ནང་དུ་ཡོད་པའི་བོད་མི་དང་། སོག་པོ་ཚོ། ཧི་མ་ལ་ཡའི་རི་རྒྱུད། དེ་བཞིན་བོད་པའི་ལོ་གསར་རྩི་མཁན་ཚང་མར་ལོ་གསར་གྱི་འཚམས་འདྲིའི་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པ་ཞེས་གསར་རྒྱུ་གང་ཡང་མེད། དུས་ཡུན་རྫོགས་འགྲོ་ཡི་ཡོད་པ་རེད། ལོ་རྙིང་པ་རྫོགས་པ་རེད། ལོ་གསར་པ་ཞིག་སླེབས་ཀྱི་ཡོད། གང་ལྟར་ལོ་རྙིང་པ་དེའི་ནང་སོ་སོར་དགེ་སེམས་ག་འདྲ་སྐྱེས་འདུག སྤྱིར་ཆོས་པ་དང་དེའི་ནང་ནས་སངས་རྒྱས་པའི་ཆོས་པ་ཞིག་བྱས་ནས་བསྡད་ཡོད་སྟབས།འདས་པའི་ལོའི་ནང་ཐོས་བསམ་སྒོམ་གསུམ་གང་འདྲ་བྱུང་འདུག་དེ་དག་ལ་ཕྱིར་མིག་ཅིག་བལྟས་ཏེ་བསམ་བློ་བཏང་། ཐོས་བསམ་སྒོམ་གསུམ་མ་བྱུང་ཞེས་གང་ཐུབ་ཐུབ་བྱས་ཡོད་ན་དེ་དག་ལ་རྗེས་སུ་ཡི་རང་དང་། ལོ་གསར་པ་འདིའི་ནང་བཅོམ་ལྡན་འདས་རང་ཉིད་དང་། དེ་བཞིན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཡབ་སྲས་སོགས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་ཡོད་པ་དེ་དག་མུ་མཐུད་ནས་ཐོས་བསམ་སྒོམ་གསུམ་བྱས་ནས་མི་ཚེ་དོན་དང་ལྡན་པ་ཞིག་དང་། བཅོམ་ལྡན་འདས་ནས་བཟུང་དྲིན་ཅན་རྩ་བའི་བླ་མ་བར་གྱི་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་ཞིག་ངས་བྱེད་ཀྱི་ཡིན་བསམ་པའི་སྙིང་སྟོབས་སྐྱེས་པ་དང་དམ་བཅའ་འཇོག་དགོས་རྒྱུ་གལ་ཆེན་པོ་རེད། ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞེས་པ་ནི་འདས་པའི་ལོ་ལ་ཞིབ་འཇུག་བྱས་ཏེ་བཟང་པོའི་རིགས་བྱས་པ་རྣམས་ལ་རྗེས་སུ་ཡི་རང་དང་། འབྱུང་འགྱུར་གྱི་ལོ་འདི་ངས་དོན་དང་ལྡན་པའི་རྒྱལ་བ་དགྱེས་པའི་མཆོད་པའི་མཉེས་པ་ཞིག་བྱེད་རྒྱུར་སོ་སོའི་སེམས་ནང་དམ་བཅའ་བཞག་པ་དེ་ལྟར་གནང་ཤོག་ཨང་།
འདིར་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་དང་། དེ་བཞིན་ཡུང་ལུང་འདྲ་མིན་ནང་ཡོད་པའི་བོད་པའི་ཆོས་གྲོགས། ལྷག་པར་བོད་གངས་ཅན་གྱི་ལྗོངས་སུ་རང་དབང་བྲལ་ནས་ཡོད་པ་ཡིན་ནའང་སྙིང་སྟོབས་དང་དད་པ་ཞུམ་པ་མེད་པ་དང་གཡོ་བ་མེད་པ་ཡོད་པ་དེ་དག་ལ་ཕྱག་རྟགས་ཀྱི་ཚུལ་དུ་ཡིན། ངོས་ཀྱི་ལུས་འདི་བོད་ལ་གནས་མ་ཐུབ་པར་རྒྱ་གར་དུ་གནས་ཡོད། འོན་ཀྱང་མི་ལ་ཕན་ཐོགས་བྱེད་རྒྱུ་བོད་ནང་ཡོད་པ་ལས་རྒྱ་གར་ནང་ཡོད་པ་ཕལ་ཆེར་ཁྱབ་ཆེ་བ་ལྟ་བུ་རེད་འདུག དེར་བརྟེན་བོད་ནང་ཡོད་པའི་བོད་པ་ངོས་ལ་དགའ་མོས་དང་དད་པ་བྱེད་མཁན་ཚོས་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ལ་དངོས་གནས་དྲང་གནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་དཔྱིས་ཕྱིན་པར་བསྒྲུབས་དང་སྒྲུབ་མུས་རེད་བསམ་པ་བྱས་ནས་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨང་། ཤེས་སོང་ངམ། ཞེས་བཀའ་སློབ་གསུང་འཕྲིན་བཀའ་དྲིན་སྩལ་རྗེས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་དང་གནང་ཡོད་པ་བཅས།།