༄༅། །གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩།༣༠ བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ད་ལྟའི་དུས་འདིར་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་སྩལ་འཐུས་ཞེས་བཀའ་ཁྲོལ་སྤྱི་བོའི་རྒྱན་དུ་ཐོབ་པ་ལགས་ན། དད་ལྡན་དོན་གཉེར་ཅན་རྣམས་ནས་དུས་ཐོག་ཏུ་༸གོང་ས་མཆོག་གི་བོད་དབྱིན་རྒྱ་སོགས་ཀྱི་སྐད་ཡིག་དུ་མའི་དྲྭ་ཚིགས་ནས་མཇལ་ཐུབ་པས་དེ་དོན་དགོངས་འཇགས་ཞུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༦ ལ།།