༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བི་ཧར་མངའ་སྡེའི་ནང་ཡོད་པའི་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བོར་བཀོད་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཀྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྷ་ཡ་གནམ་ཐང་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སེར་སྦྲེང་དང་། སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་དང་བཅས་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་བཀོད་དེ་རྣམ་གྲྭ་མཁན་རིན་པོ་ཆེས་ལཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།
ཚེས་༡༧ ཉིན་རྡོར་གདན་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་རྒྱུ་དང་། དེ་རྗེས་ཀིརྟི་བྱེས་པ་གྲྭ་ཚང་གིས་གོ་སྒྲིག་བྱས་པའི་རྗེའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་ལ་དབུ་བཞུགས་དང་། འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས། དེ་བཞིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སོགས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། གཞན་ཡང་རྒྱལ་སྤྱིའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་དང་། རྒྱ་གར་གྱི་སློབ་ཕྲུག་སོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ། མི་སྣར་མཇལ་ཁ་གནང་རྒྱུ་སོགས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་ཉེར་བཞིའི་རིང་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྒྱུ་ཡིན་པ་བཅས།