༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོ་ལ་ཧྲིལ་པོ་བྱམས་བརྩེའི་ཕྱོགས་སུ་བསྐྱོད་པ་ “Moving Towards Global Compassion” ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་ནས་བགྲོ་གླེང་ལ་མཉམ་ཞུགས་གནང་ཡོད་པ་དང་། དེ་རྗེས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཐོག་མར་སྔ་དྲོ་ཆུ་ཚོད་༨།༠༠ ཙམ་ལ་ཁ་ལེ་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་པོལ་ཨེག་མན་ (Dr Paul Ekman) ལགས་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གོ་སྒྲིག་ལྟར་གོ་ལ་ཧྲིལ་པོ་བྱམས་བརྩེའི་ཕྱོགས་སུ་བསྐྱོད་པ་ “Moving Towards Global Compassion” ཞེས་པའི་བརྗོད་གཞིའི་ཐོག་སེམས་ཁམས་རིག་པའི་མཁས་དབང་པོལ་ཨེག་མན་ལགས་དང་། ཁོང་གི་བུ་མོ་སོགས་ཚན་རིག་པ་ཁག་ཅིག་མཉམ་དུ་བགྲོ་གླེང་གནང་ཡོད་པ་དང་།སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་སྐབས། འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པ་དང་། མི་རྣམས་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པས་གཅིག་ལ་གཅིག་རྟེན་ཡིན་པས་ཕན་ཚུན་ལ་བརྩི་བཀུར་དང་། འགྲོ་བ་མིའི་རིན་ཐང་གོང་སྤེལ་ཆེད་ཚང་མས་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པ་སོགས་བཀའ་སྩལ་བ་མ་ཟད།
ད་ལྟའི་ཆར་ཡང་ཆོས་ལུགས་ཀྱི་དད་མོས་མ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཕན་ཚུན་གསོད་རེས་བྱེད་བཞིན་པའི་དཀའ་རྙོག་ཧ་ཅང་ཆེ་བ་དང་། ཆོས་ལུགས་ནི་སྙིང་རྗེ་དང་བྱམས་བརྩེའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་ནའང་། དེ་སྤྱི་ཚོགས་ཁ་བྲལ་དང་མི་ཕན་ཚུན་དབར་སྡང་སེམས་བསྐྲུན་ཆེད་དུ་བེད་སྤྱོད་བྱེད་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། དེ་སྨན་དུག་ཏུ་གྱུར་པ་ལྟ་བུ་རེད། ང་ཚོ་འགྲོ་བ་མི་ཚང་མར་གོ་ལ་འདི་སྙིང་རྗེ་ཅན་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པའི་འོས་འགན་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་དང་། སེམས་ཁམས་རིག་པའི་མཁས་དབང་པོལ་ཨེག་མན་ལགས་དེ་རིང་གི་ཐད་གཏོང་བགྲོ་གླེང་ར་བར་དངོས་སུ་ཞུགས་འཆར་ཡོད་ཀྱང་སྐུ་གཟུགས་བདེ་མིན་གྱིས་ཁ་པར་བརྒྱུད་ཆ་ཤས་བླངས་ཡོད་པ་རེད།
དེ་རྗེས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། དེ་ཡང་ཐོག་མར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་འབྲེལ་ཡོད་མི་སྣས་༸གོང་ས་མཆོག་ལ་ཚོགས་པའི་ལས་རྟགས་ཅན་གྱི་ཕྱག་རྟགས་ཤིག་ཕུལ་བ་དང་། དེ་ནས་རྩེད་འགྲན་པའི་སྟོད་གོས་སྟེང་ཀུན་དགེའི་སྨོན་ལམ་བཅས་ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་གནང་རྗེས་རྩེད་འགྲན་པ་རྣམས་ལ་མཇལ་ཁ་གནང་བ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་སློབ་སྩལ་དོན།
རྩེད་འགྲན་ལ་གང་དུ་ཕྱིན་པ་ཡིན་ནའང་རྩེད་འགྲན་པའི་ཆེད་ལས་ཀྱི་ཐོག་ལ་བོད་པའི་གཤིས་ཀ་དེ་འཁྱེར་ནས་འགྲོ་དགོས། ས་ཆ་གང་དུ་བསླེབ་ཀྱང་ང་ཚོ་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱར་ཕན་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ནི་སྤོབས་པ་བྱེད་ཐུབ་པ་ཞིག་རེད། སྔ་མོ་ང་ཚོ་རྒྱ་གར་ལ་འབྱོར་མཚམས་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་བདག་པོ་བརྒྱབ་ཐུབ་ན་བསམ་པ་ཙམ་མ་གཏོགས་བསམ་བློ་རྒྱ་ཆེན་པོ་མེད། བར་སྐབས་ལོ་བཞི་བཅུ་ལྔ་བཅུ། དྲུག་ཅུ་ཕྱིན་པའི་སྐབས་ང་ཚོར་རིག་གཞུང་ཞིག་ཡོད་པ་རེད། བྱམས་བརྩེ། བྱམས་བརྩེ་ཟེར་བ་ཞིག་ཡོད་པ་རེད། ང་ཚོས་ནམ་རྒྱུན་སྨོན་ལམ་ནམ་རྒྱག་སྐབས་ཁ་ནས་སེམས་ཅན་ཐམས་ཅད་ཅེས་ཟེར་གྱི་ཡོད། དེ་ཡང་ཚན་རིག་དང་མཐུན་པ་ཧ་ལས་པ་ཞིག་རེད། ། བྱམས་བརྩེ་ཅན་གྱི་མི་ཞིག་བཟོས་ནས་དེ་འཚོ་ཐུབ་པའི་སྤྱི་ཚོགས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་བཟོ་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད། མཁྱེན་སོང་ངམ། ཁྱེད་ཚོ་ས་གནས་གང་དུ་བསླེབ་ཀྱང་བོད་པའི་རིག་གཞུང་གོམས་གཤིས་འཁྱེར་ནས་འདི་མ་བརྗེད་པ་བྱོས།
ཉིན་གུང་རྩེད་མོ་རྩེ་མཚན་མོར་ཆང་རག་འཐུང་ནས་རྒྱག་རེས་བརྒྱབ་མ་སྡོད་ཨང་། ཞེས་བཀའ་སློབ་སྩལ་ཡོད་པ་དང་། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ CONIFA World Football Cup 2018 ཞེས་པས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༡༠ བཅས་ཉིན་གྲངས་བཅུ་གཅིག་རིང་རྩེད་འགྲན་ཞིག་གོ་སྒྲིག་གནང་གཏན་འཁེལ་འདུག་པ་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།