༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ཉིན་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་བཞིའི་རིང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་ལེའུ་དྲུག་པ་བར་གྱི་བཀའ་ཆོས་གནང་བ་དང་། མཇུག་ཏུ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པའི་ཆོས་འབྲེལ་སྩལ་ཏེ་ཨེ་ཤ་ཡའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨།༣༠ ཡོལ་ཙམ་ལ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་༸བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་རྗེས་ཧིན་རྡི་ནེ་ཤི་ཡའི་(Indonesia)ཕོ་མོ་ཁག་ཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། འདི་ནི་ཧིན་རྡི་ནེ་ཤི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་ཐོག་མ་ཆགས་ཡོད་འདུག དེ་རྗེས་དབྱིན་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་རྗེས་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་སོགས་གསུངས་གྲུབ་མཚམས་བཀའ་སློབ་སྩལ་དོན།
དེ་རིང་ཆོས་འབྲེལ་གྱི་ཉི་མ་མཐའ་མ་རེད། དེ་རིང་གཙོ་བོ་སེམས་བསྐྱེད་འདོན་རྒྱུ་བྱེད། ཁ་སང་གོང་དུ་ཞུས་པ་ལྟར་ཆོས་ཞེས་པ་ནི་བདེ་སྐྱིད་སྒྲུབ་ཐབས་ཤིག་རེད། སངས་རྒྱས་པའི་ཆོས་ཀྱི་ནང་ནས་སྡུག་བསྔལ་གྱི་རྩ་བ་སེམས་ལ་ཐུག་ཡོད་པ་ཞིག་དང་། བདེ་སྐྱིད་ཀྱི་རྩ་བའང་སེམས་ལ་ཐུག་ཡོད་པ་ཞིག་གསུང་གི་ཡོད། ཁ་སང་ཞུས་པ་ལྟར་ལུས་སྡུག་བསྔལ་དང་ནད་ན་ཚ་མི་ཡོང་བར་ལུས་བདེ་ཐང་ཡོང་བའི་ཆེད་དུ་ལུས་ཁམས་ཀྱི་གནས་སྟངས་དག་ཤེས་པའི་ཐོག་ནས་འཕྲོད་བསྟེན་བྱེད་དགོས་ཀྱི་ཡོད་པ་རེད། དེ་བཞིན་སེམས་ཀྱི་བདེ་སྡུག་གི་ཚོར་བ་དེ་ཤུགས་ཆེན་པོ་ཞིག་ཡོད་པ་དང་། ལྷག་པར་དུ་མིའི་ཀླད་པ་དང་འབྲེལ་ནས་རྣམ་རྟོག་འདྲ་མིན་ཧ་ཅང་མང་པོ་ཡོད་པས་རྙོག་དྲ་མང་པོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་སེམས་ཀྱི་འགྲོ་སྟངས་ཤེས་པར་བྱས་ཏེ་སེམས་ལ་ཞི་བདེ་སྒྲུབ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དུད་འགྲོ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པས་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། མི་ཞིག་ཡིན་ཕྱིན་བསམ་བློ་གཏོང་རྒྱུ་ཡོད་པ་རེད། བསམ་བློ་གཏོང་སྟངས་དེས་དོ་སྣང་བྱེད་མ་ཤེས་པ་རེད་འདུག་ད་ལྟ་ང་ཚོས་སེམས་འདུལ་ཐབས་བྱེད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ངོས་ནས་སེམས་ཀྱི་འཕྲོད་བསྟེན་ཟེར་བ་དེ་རེད། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་ཀྱི་འཕྲོད་བསྟེན་གསུངས་སྟངས་ནི་རྗེ་བཙུན་བྱམས་པ་མགོན་པོས།
ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། །
མཐོ་རིས་ལམ་ནི་རབ་སྟོན་ལ། །
རྒ་ཤི་མེད་པར་འདྲེན་བགྱིད་པའི། །
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་འདུག ངན་འགྲོའི་ལམ་བཟློག་པའི་ཐོག་ནས་མངོན་འདོད་ནི་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚེ་ཞར་ལ་འགྲུབ་ཐུབ་པ་ཞིག་ཡིན་པ་རེད། དེ་ཧ་ཅང་གསལ་པོ་རེད། ངན་འགྲོ་ལ་སྐྱེ་བ་ནི་གཞན་ལ་གནོད་པ་དང་འཚེ་བ་བྱས་པའི་ཐོག་ནས་སྡིག་པ་བསགས་ཏེ་སྐྱེ་བ་དང་། བདེ་འགྲོ་ལ་སྐྱེ་བ་ནི་དེ་ལྟ་བུའི་འཚེ་བ་བཟློག་པའི་ཐོག་ནས་བདེ་འགྲོ་སྒྲུབ་དགོས་པ་རེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་ཐོག་ནས་བདེ་འགྲོ་སྒྲུབ་ཐུབ་ཚུལ་ནི་དེ་ལྟར་རེད། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ཏེ་ཐོས་བསམ་སྒོམ་གསུམ་བྱས་ཤིང་། བསམ་བློ་བཏང་བ་ཡིན་ན་འདུལ་བ་སོགས་ཀྱི་སྐབས་སུ་རང་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་འཚེ་བ་མི་བྱེད་པ་རེད། རང་ཉིད་ངན་འགྲོར་སྐྱེ་གི་རེད། རང་ཉིད་ལ་བདེ་འགྲོ་ཐོབ་ཐུབ་ན་བསམ་པའི་བློས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་སྡིག་པའི་ལས་ལས་བཟློག་གི་ཡོད་པ་རེད། བྱང་ཆུབ་སེམས་དཔས་གཞན་རྒྱུ་མཚན་དུ་བྱས་ཏེ་གནོད་པ་བྱེད་ཡུལ་གྱི་གཞན་ཏེ་རང་ཉིད་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་གཞན་ལ་བརྩེ་བ་བྱེད་པ་དང་། རང་བསམ་ན་གཅིག་དང་གཞན་ནི་མཐའ་ཡས་པ་རེད། དེར་བརྟེན་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་བསམ་བློ་ཡོད་པ་ཡིན་ན་གཞན་གནོད་པ་བྱེད་རྒྱུ་རང་བཞིན་གྱིས་བཟློག་འགྲོ་རྒྱུ་རེད། དེར་བརྟེན་ཀུན་སློང་ལ་རང་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་འཚེ་བ་སྤོང་བ་ཞིག་དང་། བྱང་ཆུབ་སེམས་དཔས་གཞན་རྒྱུ་མཚན་དུ་བྱས་ཏེ་འཚེ་བ་སྤོང་བ་གཉིས་འཚེ་བ་སྤང་བ་གཅིག་མཚུངས་ཡིན་པས། ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །ཞེས་གསུངས་པ་རེད།
རྒ་ཤི་མེད་པར་འདྲེན་བགྱིད་པའི། །ཞེས་བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་རང་ལ་ཐར་བ་ཐོབ་ན་བསམ་པའམ་ཉོན་མོངས་པ་ལ་གཉེན་པོ་བསྟེན་ནས་ཐར་བ་ཐོབ་ན་བསམ་པ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། གཞན་དོན་སྒྲུབ་པ་ལ་མེད་དུ་མི་རུང་བའི་འགལ་རྐྱེན་ཤེས་སྒྲིབ་སྤོང་བའི་ཐོག་ལ་གཙོ་བོ་དམིགས་ཡོད་པས་ཤེས་སྒྲིབ་སྤོང་བྱེད་ཀྱི་གཉེན་པོ་དེ་ཡིས་ཉོན་མོངས་སྤོང་བའི་གཉེན་པོ་ལྷག་དང་བཅས་པ་འགྲུབ་བསྡད་པ་ཞིག་ཆགས་ཀྱི་ཡོད་པས། མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །ཞེས་གསུངས་པ་དེ་ལྟར་རེད། དེ་ལྟ་བུའི་གནས་སྐབས་སུ་མཐར་ཐུག་གི་འདོད་དོན་ཚང་མ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ནས་འགྲུབ་ཡོང་བ་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དང་། དེ་ཡང་ཁ་སང་གོང་དུ་ཞུས་ཟིན་པ་ལྟར་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་དང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བྱམས་པའི་ཐོག་ནས་ལྷག་བསམ་བསྐྱེད་པ་དང་དེ་ལྟ་བུའི་ཐོག་ནས་རྣམ་མཁྱེན་སྒྲུབ་རུང་ཡིན་པ་མཐོང་བའི་སྒོ་ནས་གཞན་མྱང་འདས་ལ་འགོད་འདོད་ཀྱི་བསམ་པས་རང་ཉིད་རྣམ་མཁྱེན་རྒྱལ་བའི་གོ་འཕང་མངོན་དུ་བྱེད་པའི་བློ་ཞིག་ཡིན་པས་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་འགྲོ་དགོས་པ་ཧ་ཅང་གསལ་པོ་རེད།
དེར་བརྟེན་རང་དོན་སྒྲུབ་པ་མཐར་ཐུག་པ་དེ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དང་གཞན་དོན་སྒྲུབ་རྒྱུ་མཐར་ཐུག་པ་དེའང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད། སྤྱོད་འཇུག་ལས་གསུངས་ལྟར་རེད།
བདག་བདེ་གཞན་གྱི་སྡུག་བསྔལ་དག །
ཡང་དག་བརྗེ་བར་མ་བྱས་ན། །
སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །
འཁོར་བ་ན་ཡང་བདེ་བ་མེད། །
ཅེས་གསུངས་པ་ལྟར། གང་ལྟར་རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ནས་ཤུགས་ཆུང་དུ་གཏོང་བ་དང་། གཞན་གཅེས་འཛིིན་ལ་ཡོན་ཏན་དུ་བལྟས་ནས་གོང་ནས་གོང་དུ་སྤེལ་བའི་བློ་ཞིག་མེད་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཕར་ཞོག མི་ཚེ་འདི་རང་ལ་ཆ་བཞག་ནའང་རང་གཅིག་པུར་བསམ་བློ་བཏང་ནས་རང་གཅེས་འཛིན་ཁོ་ནར་འཁོར་བ་ཡིན་ན་བཀྲ་མི་ཤིས་པ་ཤ་སྟག་ཅིག་ཡོང་བ་ཧ་ཅང་གསལ་པོ་རེད། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་པ་ཙམ་དུ་མ་ཟད། འཁོར་བ་ན་ཡང་བདེ་བ་མེད། །གསུངས་པ་ནི་འདི་རེད། མདོར་ན་ངན་སོང་ནས་སྐྱེ་བ་རང་གཅེས་འཛིན་ལས་ཡོང་བ་དང་། དེ་བཞིན་ལྷ་ནང་དུའང་ཡོད་པ་རེད། ང་ཚོའི་མཐོང་ཆོས་སུ་མིའི་སྤྱི་ཚོགས་སུ་རྙོག་དྲ་ལུང་པ་གང་ཡོང་བ་ནི་རང་གཅེས་འཛིན་གྱིས་བཟོ་བཞིན་ཡོད་པ་ཁ་སྔོན་ཀྱང་བཀའ་མོལ་བྱུང་བ་ལྟར་རེད། དེར་བརྟེན་བྱང་ཆུབ་སེམས་ནི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཇི་འདྲ་ཞིག་སྒྲུབ་པ་ཡིན་ཀྱང་། བྱང་ཆུབ་སེམས་ལ་བསམ་བློ་བཏང་། དེ་མ་རྩ་བྱས་ཏེ་སེམས་པ་བཟང་པོ་བྱེད་པ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཆོས་མེད་ན་ཡང་། ཆོས་ཀྱི་གོ་བ་དེ་ཙམ་ཡིན་ནའང་བསམ་པ་བཟང་པོ་བྱས་ན་སྐྱིད་པོ་ཡོང་གི་རེད། བསམ་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་སྤྱོད་འཇུག་ལས།
བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །
ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།
ཞེས་གསུངས་དེ་བསྐལ་པ་ནས་བསྐལ་པར་སེམས་ཅན་གྱི་དོན་དུ་མཐའ་གཅིག་ཏུ་དགོངས་མཁན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་མཐར་ཐུག་གི་རྩ་བ་སེམས་པ་བཟང་པོ་བྱེད་པ་ཡིན་པར་དགོངས་ནས་འདི་གསུངས་ཀྱི་ཡོད་པ་རེད། དེ་བཞིན་རྗེ་རིན་པོ་ཆེས་གསུངས་འདི་ལས་ཀྱང་གསལ་པོ་རེད།
སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །
རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །
ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །
རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །
དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །
རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །
ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ནི་སྤྱོད་འཇུག་གི་སེམས་བསྐྱེད་ཀྱི་ཕན་ཡོན་གྱི་ལེའུ་ལས་གསུངས་པ་དང་གཅིག་མཚུངས་སུ་ངོ་མཚར་སྐྱེ་བ་ཞིག་རེད། ང་ཚོར་མི་ལུས་ཤིག་ཐོབ་ནས་ཀླད་པ་འདིའི་ཐོག་བསམ་བློ་དེ་ལྟ་བུ་ཞིག་གཏོང་ཐུབ་པ་ནི་དངོས་གནས་ཧ་ལས་པ་ཞིག་རེད་ཅེས་སོ་སོ་ངོ་མཚར་སྐྱེ་བ་ཞིག་འདུག དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་སྔོན་དུ་ཐོས་བསམ་གྱི་གོ་བ་ཞིག་ཆགས་པ་བྱས། དེ་ནས་ཉིན་རེ་བཞིན་དུ་བསམ་བློ་ཡང་ནས་ཡང་དུ་བཏང་སྟེ། རྒྱབ་རྟེན་དེང་སང་ཚན་རིག་གི་ཐོག་ནས་ཀྱང་བཤད་ཀྱི་ཡོད་པ་རེད། སེམས་པ་བཟང་པོ་བྱས་ན་ལུས་བདེ་བོ་ཡོང་གི་ཡོད་པ་དང་། སེམས་པ་བཟང་པོ་ཡོད་པའི་མི་དེ་མི་སུས་ཀྱང་དགའ་བོ་བྱེད་ས་ཞིག་ཆགས་ཀྱི་ཡོད་པ་རེད། བསམ་པ་ངན་པ་ཡིན་ཚེ་མི་སུ་ཡིན་རུང་ཟོན་བྱས་ཏེ་བག་ཡོད་དུ་སྡོད་རྒྱུ་ཞིག་ཆགས་པ་མཐོང་ཆོས་རེད། ཚེ་ཕྱི་མའི་སྐད་ཆ་མ་རེད། མི་ཞིག་ཡིན་ཕྱིན་གྲོགས་པོ་དགོས་ཀྱི་ཡོད། གཉེན་དགོས་ཀྱི་འདུག དེ་དག་ཡོང་བར་རྒྱུ་དངོས་པོས་གཉེན་བཟོ་ཐུབ་ཀྱི་མེད། གཏམ་སྙན་གྲགས་ཀྱིས་ཀྱང་བཟོ་ཐུབ་པ་ཁག་པོ་རེད། སྟོབས་ཀྱི་ཐོག་ནས་གཉེན་བཟོ་བ་ཧ་ཅང་ཁག་པོ་རེད། སེམས་པ་བཟང་པོ་ཡོད་ན་གཉེན་ཡོང་གི་རེད། གཞན་ཕན་གྱི་བློ་ཞིག་ཡོད་ན་དངོས་གནས་གྲོགས་པོ་མང་པོ་ཡོང་གི་རེད། གཞན་གྱི་དོན་ལ་བསམ་བློ་མ་བཏང་བར་གཞན་ལ་བཤུ་གཞོག་གཏོང་(exploitation)བ་དང་། བྱེད་པ་སོགས་བྱས་ཚེ་གཉེན་ཇི་ལྟར་ཡོང་དགོས། དེར་བརྟེན་བསམ་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
དེ་ལྟར་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཤེས་རབ་གཙོ་བོ་དེ་སྟོང་ཉིད་ཀྱི་ལྟ་བ་ཆགས་ཀྱི་ཡོད། མི་ལུས་ཐོབ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། མིའི་ཀླད་པ་འདི་ལྟ་བུ་ཞིག་མེད་ཚེ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད། ཕྲན་བུ་ཕྲན་བུ་སེམས་པ་བཟང་པོ་བྱེད་རྒྱུ་དུད་འགྲོ་ལའང་ཡོང་གི་ཡོད་ཀྱང་། ཡིན་ནའང་། དེ་ལྟ་བུའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སེམས་པ་བཟང་པོ་མཐའ་མེད་པ་ཞིག་བཟོ་རྒྱུ་ནི་མིའི་ལུས་རྟེན་ལ་མ་གཏོགས་ཡོང་ཐུབ་ཀྱི་མ་རེད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་དང་པོ་མངོན་མཐོ་སྒྲུབ། རྗེས་སུ་ངེས་ལེགས་ཡོང་གི་རེད་ཅེས་གསུངས་ཀྱི་འདུག སྔོན་ལ་མི་ལུས་ཐོབ་པ་ཞིག་མེད་ན་བྱང་ཆུབ་ཀྱི་སེམས་གོ་བརྡ་སྤྲད། ངོ་འཕྲོད། དག་སྣང་སླེབས། དང་དོད་བྱེད་པ་ཞིག་མིའི་ལུས་རྟེན་མེད་ཚེ་ཧ་ཅང་ཁག་པོ་རེད། དེར་བརྟེན་དང་པོ་མངོན་མཐོ་སྒྲུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ད་རེས་ང་ཚོར་མངོན་མཐོ་ཐོབ་ཡོད་པ་རེད། ཚེ་འདི་རང་ལ་སངས་རྒྱས་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཚེ་རབས་ནས་ཚེ་རབས་ལ་ལམ་སྒོམ་ནས་རིམ་བཞིན་གོང་ནས་གོང་དུ་ཁྱད་ཞུགས་པའི་སྒོ་ནས་ས་ནས་སར་འགྲོ་དགོས་པ་ཞིག་རེད། ཁ་ཤས་བཤད་དུས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་བཤད་ཀྱི་ཡོད་ཀྱང་། དོན་དངོས་སུ་ལག་ལེན་དུ་དངོས་ཡོད་གནས་ཚུལ་དང་མཐུན་པར་གོམ་པ་རིམ་བགྲོད་བྱས་ཏེ་འགྲོ་དགོས། ལྷ་ཡི་རྣལ་འབྱོར་གྱི་སྒོ་ནས་སྐུ་གསུམ་ལམ་འཁྱེར་བྱས་ཏེ་ཆོས་སྐུ་མངོན་དུ་བྱས། ལོངས་སྐུ་མངོན་དུ་བྱས། སྤྲུལ་སྐུ་མངོན་བྱས་ཞེས་སྒོམ་པ་ཙམ་རེད། བློ་ལ་གོམས་འདྲིས་བསྟེན་པ་ཙམ་མ་གཏོགས་ད་ལྟ་ཡོང་ཐུབ་རྒྱུ་མི་འདུག
དེར་བརྟེན་ཚེ་རབས་ནས་ཚེ་རབས་ལ་རེ་བ་ཞིག་རྒྱག་དགོས་པས་ལུས་རྟེན་འདི་ནས་མངོན་མཐོ་སྒྲུབ་པའི་རྒྱུ་ཚོགས་ཚང་བ་ཞིག་བྱེད་དགོས། དེ་ལ་དབུ་མ་རིན་ཆེན་ཕྲེང་བའི་ནང་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་ཅེས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་ཐོག་ལ་འཚེ་བ་མི་བྱེད་པ། ལོག་འཚོ་མི་བྱེད་པ། ཆང་མི་འཐུང་བ། གུས་པའི་སྦྱིན་པ། ཆོས་བྱེད་པ། བྱམས་པ་སྒོམ་པ་བཅས་བཅུ་དྲུག་གསུང་གི་ཡོད་པ་རེད། འདི་ནི་མངོན་མཐོ་མི་ལུས་ཙམ་དུ་མ་ཟད། མིའི་ལུས་རྟེན་ལ་གཞན་དོན་བྱེད་པའི་ཆ་རྐྱེན་ཡོང་བ་འདུས་འདུག ལོག་འཚོ་སྤངས་པས་མིས་ཡིད་ཆེས་བྱེད་པ་དང་། འཚེ་བ་མི་བྱེད་པས་དུད་འགྲོ་ཚུན་གྱིས་དགའ་མོས་བྱེད་ཀྱི་རེད། རྩ་བའི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། བཙན་གཡེམ་སྤངས་པ་སོགས་མི་དགེ་བཅུ་བོའི་ནང་དུ་ཡོད་པ་རེད། ཚིག་རྩུབ་ཟེར་བ་སོགས་ཡོད་ཀྱང་ནན་ཏན་གྱིས་འཚེ་བ་མི་བྱེད་པ་དང་གཅིག ལོག་འཚོ་མི་བྱེད་པ་དང་གཉིས། དེ་ལྟ་བུའི་ཉེས་པ་ཡོང་བའི་རྐྱེན་གཅིག་ནི་སེམས་རྣལ་དུ་གནས་པའི་སྐབས་སུ་དྲན་ཤེས་བག་ཡོད་བསྟེན་རྒྱུ་ཡོད་ཀྱང་། ར་བཟི་ནས་སེམས་འཁྲུགས་ཚེ་དྲན་ཤེས་བག་ཡོད་བསྟེན་རྒྱུ་ཡོང་མི་ཐུབ་པས་ཆང་འཐུང་བའི་ངོ་ཙམ་སྡིག་པ་ཡིན་མིན་གང་ཤེས་ཀྱང་། གང་ལྟར་ཆང་འཐུང་ནས་དྲན་ཤེས་ཀྱི་བག་ཡོད་བསྟེན་པ་སོགས་ཉམས་ཚེ་སྐྱོན་ཡོང་གི་ཡོད་པས་ཆང་མི་འཐུང་བ་གསུངས་ཡོད། གུས་པས་སྦྱིན་པ་ཞེས་ང་ཚོས་སྦྱིན་པ་གཏོང་བའི་སྐབས་སུ་སྦྱིན་ཡུལ་དེར་དམན་པར་བལྟས་ནས་སོ་སོས་མར་སྦྱིན་པ་མ་ཡིན་པར་ཡུལ་ལ་བལྟས་ཏེ།
གང་དུ་སུ་དང་འགྲོགས་པའི་ཚེ། །
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །
ཅེས་གུས་པའི་སྦྱིན་པ། ཆོས་བྱེད་པ་དང་བྱམས་པ་སྒོམ་པ་བཅས་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཡོད།
དེ་ནས་ངེས་ལེགས་སྒྲུབ་པའི་ཐབས་ནི་སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་འགྲོ་དགོས། གང་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ཐོག་ནས་སྤྱིར་འགོག་བདེན་ཟེར་བ་ཞིག་ཡོད་པ་དང་། རང་གི་རྒྱུད་ལ་སྐྱེ་རུང་ཡིན་པ། འགོག་བདེན་སྒྲུབ་བྱེད་ཀྱི་ཐབས་རང་གི་རྒྱུད་ལ་སྐྱེ་ཐུབ་པ་ཡིན་པ་སོགས་བློ་ལ་འཁོར་བ་ཡིན་ན་འགོག་པ་མངོན་དུ་བྱ་འདོད་ཀྱི་བློ་སླེབས་ཀྱི་རེད། སྤང་བྱ་རགས་རིམ་ནས་སྤངས་ནས་ཐོག་མ་སྤངས་པ་ནས་མཐར་ཤེས་བྱའི་སྒྲུབ་པ་སྤོང་བའི་བར་དུ་འགོག་བདེན་གྱི་གོ་བ་ཡག་པོ་ཞིག་ཆགས། དེ་མངོན་དུ་བྱེད་པའི་ཐབས་ཀྱང་ལམ་གྱི་བདེན་པའི་འགྲོ་སྟངས་དག་ཡག་པོ་ཞིག་ཤེས་ཡོང་དུས་འགོག་པ་མངོན་དུ་བྱ་འདོད་ཀྱི་བློ་སླེབས་ཀྱི་རེད། དེ་ལྟ་བུ་ཞིག་གི་ཐོག་ནས་བློ་རིམ་གྱིས་སྦྱོང་དགོས། དེར་བརྟེན་དབུ་མ་བཞི་བརྒྱ་བའི་ནང་དུ།
བསོད་ནམས་མིན་པ་དང་པོར་བཟློག།
བར་དུ་བདག་ནི་བཟློག་པར་བྱེད།།
མཐའ་མར་ལྟ་ཞིག་ཀུན་བཟློག་པ།།
གང་གིས་ཤེས་དེ་མཁས་པ་ཡིན།།
ཞེས་གསུངས་པ་རེད། སྔོན་ལ་བསོད་ནམས་མ་ཡིན་པའི་ལས་མངོན་མཐོ་སྒྲུབ་པ་ལ་འགལ་རྐྱེན་ནི་བསོད་ནམས་མིན་པའི་ལས་ཡིན་པས་དེ་བཟློག་ནས་མངོན་སྒྲུབ་པ་དང་། བར་དུ་བདག་ནི་བཟློག་པར་བྱེད།། ཅེས་མངོན་མཐོའི་ལུས་རྟེན་གྱི་ཐོག་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་དང་ཐར་བ་དོན་གཉེར་གྱི་བློ་ཟུང་དུ་འབྲེལ་བའི་ཐོག་ནས་ཉོན་སྒྲིབ་སྤོང་ཐུབ་པ་ལ་བསམ་བློ་གཏོང་བ་དང་། མཐའ་མར་ལྟ་ཞི་ཀུན་བཟློག་པ།། ཞེས་དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱབ་རྟེན་ཡོད་པ་དང་། ཕྱིན་དྲུག་གི་ཐབས་ཀྱི་ཕྱོགས་དེ་དག་ཀྱང་རྒྱབ་རྟེན་དུ་བཙལ་ཡོད་པ་ཞིག་གི་ཐོག་ནས་བདེན་འཛིན་གྱི་བག་ཆགས་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་དང་གཉིས་སྣང་འཁྲུལ་བའི་དྲི་མ་ཚུད་ཆད་བྱང་ཆུབ་ཀྱི་སེམས་ཀྱི་རྒྱབ་རྟེན་དང་འབྲེལ་བའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་དེ་ག་རང་གོང་ནས་གོང་དུ་འཕེལ་བ་དང་། སྔགས་ཀྱི་ལམ་དུ་དྲིལ་བ་ཡིན་ན་སྟོང་ཉིད་རྟོགས་པའི་ལྟ་བ་དེ་ཡིད་ཀྱི་འོད་གསལ་སྟོང་ཉིད་ཀྱི་ལྟ་བ་དང་། དེ་སྒོམ་བྱེད་ཀྱི་བློ་དེ་ཡིད་ཅན་གྱི་འོད་གསལ་འཁོར་ལོ་མཐའ་མའི་སྐབས་སུ་གཞི་རྩ་ལྟ་བུ་གསུངས་ཡོད་པ་དེ་སྔགས་བླ་མེད་ཀྱི་སྐབས་སུ་ཤེས་པ་ཕྲ་རགས་བྱས་ཏེ་ཤེས་པ་ཤིན་ཏུ་ཕྲ་བ་དེ་སྣང་ཆ་ཐོབ་གསུམ་ཚུན་ཆད་ཀྱི་རགས་པའི་བློ་དེ་འགག་ནས་ཕྲ་བ་གཉུག་མ་ལྷན་གཅིག་སྐྱེས་པའི་འོད་གསལ་ཐོག་མ་དང་མཐའ་མ་མེད་པའི་འོད་གསལ་མངོན་དུ་བྱས། དེ་ཡིད་ཅན་གྱི་འོད་གསལ་རེད། དེ་མངོན་དུ་བྱས་པ་ཙམ་མ་ཡིན་པར་དེས་ཡིད་ཀྱི་འོད་གསལ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་རིག་སྟོང་ཟུང་འཇུག་ཟེར་ནའང་འདྲ། གང་ལྟར་ལྷན་ཅིག་སྐྱེས་པའི་བདེ་སྟོང་དབྱེར་མེད་ཟེར་ནའང་འདྲ་དེ་ལྟར་འགྲོ་བཞིན་ཡོད་པ་རེད། དེ་ནི་མཐའ་མར་ལྟ་ཞི་ཀུན་བཟློག་པ་གསུངས་པ་དེ་རེད། ཅེས་དང་།
གཞན་ཡང་། སེམས་བཟང་པོ་ནི་མུ་སྟེགས་པའི་གཞུང་ནང་ཡོད་པ་རེད་ལ། ཡི་ཤུའི་ཆོས་ཀྱི་ནང་དུའང་ཡོད་པ་རེད། ཁ་ཆེའི་ཆོས་ཀྱི་ནང་དུའང་ཡོད་པ་རེད། གང་ལྟར་ཇེའུ་སོགས་ཆོས་ལུགས་ཚང་མས་དཀོན་མཆོག་ལ་ཡིད་ཆེས་དང་དཀོན་མཆོག་གི་ཁྱད་ཆོས་བརྗོད་དུས་བྱམས་བརྩེ་མཐའ་མེད་པ་ཞིག་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་བས་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་སེམས་པ་བཟང་པོ་བྱེད་རྒྱུ་ཆགས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
དེ་ནས་སེམས་བསྐྱེད་ཀྱི་སྐོར་ལ་དམིགས་པ་འཛིན་སྟངས་སོགས་ལམ་སྟོན་གནང་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གྲུབ་མཚམས་སེམས་བསྐྱེད་སྐོར་ཉིན་རེ་བཞིན་རྒྱུན་མཐུད་ནས་ཉམས་ལེན་བྱེད་དགོས་པ་དང་། ཐེངས་འདིར་ཆོས་ཞུ་རུ་སོང་ནས་འགྱུར་བ་དང་ཕན་སོང་བསམ་པ་ཞིག་དགོས་པ་སོགས་བཀའ་སྩལ་རྗེས་ཨེ་ཤ་ཡའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་དད་ལྡན་ཆོས་ཞུ་བ་ཚོགས་ཁག་ཚོགས་ཁག་བྱས་ཏེ་སྐུ་པར་ལྷན་སྒྲོན་གནང་ཡོད་པ་བཅས།།