༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡ ཉིན་གྲངས་བཞིའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་དང་། དེ་བཞིན་སོག་པོ་སོགས་ཁྱོན་མི་གྲངས་ ༣༨༨ ལ་དགེ་ཚུལ་ཕ་མ་དང་དགེ་སློང་། ཚངས་སྤྱོད་དགེ་བསྙེན་བཅས་ཀྱི་སྡོམ་པ་སྩལ་ཡོད་པ་རེད།
དེ་ཡང་ཟླ་ ༩ ཚེས་ ༢༨ ཉིན་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་གྲངས་ ༨༣ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་བ་དང་། ཚེས་ ༢༩ ཉིན་་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་གྲངས་ ༨༧ ལ་དགེ་ཚུལ་མའི་སྡོམ་པ་སྩལ། དེ་བཞིན་ཚེས་ ༣༠ ཉིན་བོད་མི་གསུམ་དང་རྒྱ་རིགས་གྲངས་ ༨༤ ཁྱོན་མི་གྲངས་ ༨༧ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་དང་། ཟླ་ ༡༠ ཚེས་ ༡ ཉིན་སོག་རིགས་གྲངས་ ༡༣༡ ལ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་སྩལ་ཡོད་པ་དང་། ཟླ་ ༡༠ ཚེས་ ༣ ནས་ ༦ བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་སྩལ་རྒྱུ་བཅས།།།།