ནུབ་ཕྱོགས་སེམས་ཁམས་རིག་པའི་ནང་དུ། མྱོང་ཚོར་གྱི་རིགས་དང་། ཐ་ན། ཁོང་ཁྲོའང་ཕྱིར་འདོན་པར་སྐུལ་མ་ཡང་ཡང་བྱེད་ཀྱི་འདུག །སྤྱིར་མི་མང་པོས་སོ་སོའི་མི་ཚེའི་ནང་དུ་སེམས་ལ་བརྡབ་གསིག་ཆེ་བའི་དཀའ་ངལ་མྱངས་ཡོད་ཅིང་། གལ་སྲིད་དཀའ་སྡུག་གི་མྱོང་ཚོར་དེ་དག་སྟངས་འཛིན་བྱས་ན། སེམས་ཁམས་ལ་ཡུན་རིང་པོར་གནོད་འཚེ་ཐེབས་སྲིད། གནས་སྟངས་འདི་ལྟ་བུར་མཚོན་ན། དུང་གི་ན་ཚ་ཕུད་ན་སངས། ཞེས་པའི་ང་ཚོ་བོད་པའི་གཏམ་དཔེ་དེ་ཤིན་ཏུ་བདེན་པར་གྱུར་ཡོད།
དེ་ལྟར་ཡིན་ན་ཡང་། ཆོས་ཉམས་ལེན་པ་ཚོར་མཚོན་ན། ཕྲག་དོག་དང་། འདོད་ཆགས། ཁོང་ཁྲོ་ལྟ་བུའི་ཉོན་མོངས་པའི་སེམས་དང་སེམས་བྱུང་སྟོབས་ཆེ་བ་དག་ལ་ཁ་གཏད་གཅོག་པའི་བསམ་བློའི་འདུ་ཤེས་ཤིག་བསྐྱེད་ནས། དེ་དག་སྤང་བར་འབད་བརྩོན་བྱ་རྒྱུ་ནི། ང་རང་གིས་གལ་ཆེན་ཞིག་ཏུ་མཐོང་གི་ཡོད། ང་ཚོས་རང་ཉིད་སྟོབས་ཆེ་བའི་ཉོན་མོངས་དེ་དག་གི་དབང་དུ་འགྲོ་རུ་འཇུག་པ་ལས། ཉོན་མོངས་དེ་དག་ལ་གོམས་འདྲིས་ཆེ་བའི་བག་ཆགས་དེ་ཉུང་དུ་གཏོང་དགོས། གལ་སྲིད་ཁོང་ཁྲོ་ཟ་བའི་གནས་སྐབས་དང་། སེམས་ཞི་འཇམ་ཡིན་པའི་གནས་སྐབས་གང་ཞིག་ཏུ་རང་ཉིད་ལ་བདེ་སྐྱིད་ཡོད་མེད་དྲིས་ན་ང་ཚོས་གསལ་པོར་རྟོགས་ངེས། གོང་དུ་ང་ཚོས་གླེང་བ་ལྟར། ཉོན་མོངས་པའི་དབང་གིས་བྱུང་བའི་བློ་མ་དུལ་བ་དག་གིས་རང་སེམས་འཁྲུག་པར་བྱས་ཏེ། ནང་སེམས་ཀྱི་ཞི་བདེ་དེ་སྐད་ཅིག་ཉིད་ལ་འཇོམས་ཀྱི་ཡོད། བདེ་སྐྱིད་འཚོལ་སྒྲུབ་ཀྱི་ནང་དུ། ང་ཚོའི་དམིགས་ཡུལ་གཙོ་བོ་ནི། ཉོན་མོངས་པའི་སེམས་དང་སེམས་བྱུང་དེ་དག་ལ་འཐབ་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་འདི་ནི། ང་ཚོས་ཡུན་རིང་ཞིག་ལ་འབད་པ་ལྷོད་མེད་བྱེད་པ་ཁོ་ནར་བརྟེན་ནས་སྒྲུབ་དགོས། ང་ཚོ་ནང་པ་ཚོས་དམིགས་ཡུལ་དེ་ཚེ་རབས་མང་པོར་སྒྲུབ་དགོས་པར་བརྗོད་ཀྱི་ཡོད།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།)