༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པའི་ཆུ་ཚོད་༧/༡༥ ཙམ་ལ་ཞི་བའི་ཚལ་ཕོ་བྲང་ནས་གླེ་ཡི་དགོན་པ་གྲོང་སྡེར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་དང་། ལ་དྭགས་ཡུལ་མི་སོགས་ཀྱིས་ཕེབས་བསུ་དང་འབྲེལ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་འཁེལ་བའི་གླེ་གྲོང་ཁྱེར་དུ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་གནང་།

དེ་ནས་གླེ་ཡི་དགོན་པ་གྲོང་ཚོའི་ཐུབ་དབང་སྐུ་བརྙན་ཆེན་མོའི་ཉེ་ཁུལ་དུ་༸ཞབས་སོར་འཁོད་མཚམས་དགོན་པ་གྲོང་ཚོའི་དབུ་སྐྱོང་དང་། སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཀྱིས་ཕེབས་བསུ་གནང་ཞིང་། ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཐུབ་དབང་སྐུ་བརྙན་ཆེན་མོར་ཞབས་འཁོར་ (wheelchair) ཐོག་ནས་སྐོར་བ་མཛད་པ། སྐུ་བརྙན་མདུན་དུ་ཐུགས་སྨོན་དང་འབྲེལ་རབ་གནས་གསོལ་འདེབས་མདོར་བསྡུས། མར་མེའི་མཆོད་པ་ཕུལ་རྗེས་སྐུ་བརྙན་རྒྱབ་ཀྱི་མཆོད་རྟེན་ཐང་ཞེས་པར་ཆིབས་བསྒྱུར་གྱིས་རབ་གནས་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད།

སྐབས་དེར་མགོན་པོ་མཆོག་བཞུགས་ཁྲིར་འཁོར་མཚམས་དགོན་པ་གྲོང་སྡེའི་འབྲེལ་ཡོད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཕེབས་བསུའི་གསུང་བཤད་དང་འབྲེལ་གསོལ་ཇ་འབྲས་བསིལ་ཕེབས། དེ་རྗེས་མཆོད་འབུལ་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་རྟེན་འབྲེལ་བསྟོད་པ། སྐྱབས་སེམས། ཁྲུས་གསོལ། བཟང་སྤྱོད་ཡན་ལག་བདུན་པ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། རབ་གནས་མདོར་བསྡུས། མཆོག་གསུམ་ཤིས་བརྗོད་བཅས་གསུང་འདོན་གནང་གྲུབ་མཚམས་དགོན་པ་གྲོང་སྡེའི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










