༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༦།༣༠ ཙམ་ནས་རོ་ཧེ་ནི་ལྡི་ལི་བོད་ཁྱིམ་གྱི་བཞུགས་གནས་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་ལ་དྭགས་གླེ་ཡི་བ་ཀུ་ལ་གནམ་ཐང་དུ་ཆིབས་བསྒྱུར་སྐབས་ལ་དྭགས་དབུས་འཛིན་མངའ་ཁུལ་(union territory)གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཀྱིས་ཕེབས་བསུ་དང་། དེ་ནས་ཆིབས་འཁོར་དུ་བཞུགས་ཏེ་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་སྐབས། ཕེབས་ལམ་གཡས་གཡོན་དུ་ལ་དྭགས་ཡུལ་མི་སོགས་དད་ལྡན་སྟོང་ཕྲག་མང་པོས་རུ་སྒྲིག་གིས་མེ་ཏོག་དང་བདུག་སྤོས་ཐོགས་ནས་ཕེབས་བསུ་ཟབ་རྒྱས་དང་བཅས་ཕོ་བྲང་དགེ་འཕེལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

ཕོ་བྲང་དགེ་འཕེལ་གླིང་གི་ཚོམས་ཆེན་དུ་ཁྲིག་རྩེ་རིན་པོ་ཆེ་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁན་བླ་སྤྲུལ་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལ་དྭགས་གླེ་བྱང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱི་སོགས་ཀྱིས་ཕེབས་བསུ་དང་། མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་ཕེབས་བསུ་གྲུབ་མཚམས་མགོན་པོ་མཆོག་ཕོ་བྲང་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨིན་དྲ་པྲ་སྟ་ཨེ་པོ་ལོ་ (Indraprastha Apollo) སྨན་ཁང་དུ་ཞབས་པུས་གཡོན་པར་སྨན་བཅོས་གནང་སྒོ་ལེགས་པར་གྲུབ་སྟེ། རོ་ཧེ་ནི་ལྡི་ལི་བོད་ཁྱིམ་གྱི་བཞུགས་གནས་སུ་ཉིན་གྲངས་ ༡༥ རིང་སྐུའི་ངལ་གསོ་གནང་རྗེས་དེ་རིང་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་པ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༦༦ ལོར་ཆེས་ཐོག་མར་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕྱི་ལོ་ ༡༩༧༡ ལོར་ཐེངས་གཉིས་པ། ཕྱི་ལོ་ ༡༩༧༦ ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་དང་པོ་བཀའ་དྲིན་སྩལ་ཡོད། དེ་བཞིན་ཕྱི་ལོ་ ༡༩༨༠ དང་། ༡༩༨༥། ༡༩༨༧། ༡༩༨༨། ༡༩༩༧ བཅས་སུ་ཆིབས་བསྒྱུར་དང་། ཕྱི་ལོ་ ༡༩༩༨ ལོར་དུས་འཁོར་དབང་ཆེན་ཐེངས་གཉིས་པ་བཀའ་དྲིན་སྩལ། དེ་བཞིན་ཕྱི་ལོ་ ༡༩༩༩ དང་། ༢༠༠༢། ༢༠༠༣། ༢༠༠༥། ༢༠༠༧། ༢༠༠༩ བཅས་སུ་ཆིབས་བསྒྱུར་དང་། ཕྱི་ལོ་ ༢༠༡༠ ལོར་ཐེངས་གཉིས། ༢༠༡༢། ༢༠༡༣། ཕྱི་ལོ་ ༢༠༡༤ ལོར་དུས་འཁོར་དབང་ཆེན་ཐེངས་གསུམ་པ་བཀའ་དྲིན་སྩལ། ཕྱི་ལོ་ ༢༠༡༦། ༢༠༡༨། ༢༠༢༣། ༢༠༢༥ བཅས་ཁྱོན་བསྡོམས་ཐེངས་ ༢༤ ཆིབས་བསྒྱུར་དང་། དུས་འཁོར་དབང་ཆེན་ཐེངས་གསུམ་བཀའ་དྲིན་སྩལ་ཏེ་ལ་དྭགས་ཡུལ་གྱི་དད་ལྡན་རྣམས་ལ་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད། འདི་ལོའི་ཆིབས་བསྒྱུར་ནི་མར་ཡུལ་ལ་དྭགས་སུ་ཕེབས་ཐེངས་ ༢༥ པ་ཆགས་ཡོད།










