༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་འཁོར་སྒྲུབ་མཆོད་ཆེན་མོའི་དངོས་གཞིའི་ཚོགས་མགོན་དུ་ཆིབས་བསྒྱུར་དང་། ཕོ་བྲང་དུ་གཞིས་བྱེས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ནས་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་བཞེས་བསྐྱངས་ཡོད་པ་རེད།
![]()
དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ། ཉིན་ཤས་སྔོན་ནས་འགོ་འཛུགས་ཀྱིས་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དཀྱིལ་འཁོར་ས་ཆོག་དང་ས་གར། བརྒྱད་གཏོར་སོགས་རིམ་པར་གནང་སྟེ་དེ་རིང་སྒྲུབ་མཆོད་ཆེན་མོ་དངོས་གཞིའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་བཀའ་དྲིན་བསྐྱངས་ཤིང་། ཆུ་ཚོད་དགུ་པ་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཕོ་བྲང་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་འཛམ་གླིང་ནུབ་ཕྱོགས་དང་ཡུ་རོབ་ལྷོ་ཤར་ཨེ་ཤེ་ཡ། རྒྱ་གར་དང་འབྲུག བལ་ཡུལ། ཐའེ་ཝན་སོགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམས་ལ་མཇལ་ཁ་བཀའ་དྲིན་སྩལ་ཞིང་། འབྲུག་རྒྱལ་ཁབ་ནས་ཕེབས་པའི་དད་ལྡན་མཇལ་བ་ཚོས་གསོལ་འདེབས་ཆོས་དབྱངས་གསུང་འདོན་གནང་བར་དགྱེས་ཚོར་དང་བཅས་མཇལ་ཁ་གནང་།
![]()
མཐར་གཞིས་བྱེས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱི་ཚབ་བྱས་ཏེ། ཡུ་རོབ་རྒྱལ་ཁབ་བཞི་དང་ཐའེ་ཝན། མ་ལེ་ཤི་ཡ། སོག་པོ། བལ་ཡུལ། རྒྱ་གར་སོགས་སུ་རྟེན་གཞི་བྱས་པའི་དགོན་པ་བདུན་དང་ཆོས་ཚོགས་ཉི་ཤུའི་སྐུ་ཚབ་ཀྱིས་བོད་རྒྱལ་ལོ་ ༢༡༥༣ ནག་པ་ཟླ་བའི་ཚེས་ ༡༥ སྟོན་མཆོག་ཤཱཀྱ་སེངྒེས་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
![]()
སྐབས་དེར་ཐོག་མར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རི་རབ་རྩེ་ལྔ་དང་། ཚེ་བུམ། ཚེ་རིལ། ཚེ་ཆང་། ཚེ་དར་སོགས་རིམ་པར་ཕུལ་ཞིང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་སིམ་ལ་དང་བལ་ཡུལ་གྱི་ཇོ་ནང་དགོན་པའི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྟོན་པའི་སྐུ་བརྙན་དང་ཚེ་དཔག་མེད་ཀྱི་སྐུ་འདྲ་ཕུལ་རྗེས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་པ་མཚོན་ཆེད་གསེར་དངུལ་ལས་གྲུབ་པའི་ཚེ་བུམ་གྱི་དབྱིབས་དང་ལྡན་པ། ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོའི་སྐུའི་རྣམ་པར་རོལ་བ་མཚོན་ཆེད་དུ་གསེར་དངུལ་ལས་གྲུབ་པའི་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་སྒྲེང་བའི་བསྟན་པའི་བདག་པོ་མཚོན་ཆེད་དུ་གསེར་དངུལ་གཉིས་ཀས་གྲུབ་པའི་ཆོས་ཀྱི་འཁོར་ལོ་གསུམ་དང་། དེའི་སྟེང་དུ་རྒྱུད་སྡེ་སྤྱི་དང་ལྷག་པར་དུ་རྒྱུད་ཐམས་ཆད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་ལ་མངའ་བརྙེས་པ་མཚོན་ཆེད་དུ་ཇོ་ལུགས་ཀྱི་རྣམ་བཅུ་དབང་ལྡན་བཅས་རྟེན་འབྲེལ་གྱི་གནད་དུ་མ་མཚོན་པའི་གསེར་དངུལ་ལས་བཞེངས་པའི་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་དང་འབྲེལ་མགོན་པོ་གང་ཉིད་མཆོག་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་ཇི་སྲིད་ནམ་གནས་ཀྱི་བར་དུ་སྐུ་ཚེ་༸ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པའི་སྒོ་ནས་གདུལ་བྱའི་པད་ཚལ་དུ་དམ་པའི་ཆོས་ཀྱི་གྲུ་ཆར་བར་མེད་དུ་འབེབས་པའི་བཀའ་དྲིན་སྐྱབས་འཇུག་ཞུས་ཡོད།










