༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱིས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
![]()
དེ་ཡང་སྔ་དྲོའི་ཆུ་ཚོད་ ༨།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ཚོགས་སྐྱིད་ཁག་གསུམ་གྱི་འགོ་བྱེད་ཁག་ནས་སྤོས་སྣེས་མདུན་བསུ་དང་། རྣམ་གྲྭས་སྤྱན་རྒྱ་དང་བཅས་ཕེབས་བསུ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཐུབ་དབང་ལྷ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་དང་འབྲེལ་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་རིམ་པར་གསུངས་ཏེ་བརྟན་བཞུགས་དབུ་འཛུགས་མཛད།
![]()
བརྟན་བཞུགས་དངོས་གཞིན་བླ་མ་ལྷར་བསྐྱེད་དང་མཆོད་བསྟོད་ཚེ་འགུགས་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས་པ་དང་། གསོལ་འདེབས་མཎྜལ་སྐབས་སུ་དབུ་བཞུགས་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་མཎྜལ་འདེགས་འབུལ་དང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ནས་ཚོམ་བུ་ཟུར་འདེགས་ཞུས་ཤིང་། རྡོར་སློབ་ནས་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ་བཅས་འདེགས་འབུལ་དང་། དེ་ནས་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་བཤད་པ་དང་སྦྲགས་རིམ་བཞིན་འབུལ་ལམ་ཞུས་ཤིང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ཁག་ཅིག་གིས་མཇལ་ཁ་ཞུས་ཏེ་འབུལ་དངོས་བསྟར།
![]()
གཏང་རག་མཎྜལ་སྐབས་བརྟན་བཞུགས་འཐུས་ཚབ་ནས་མཎྜལ་ཚོམ་བུ་དང་རྟེན་གསུམ་འདེགས་འབུལ་གྱིས་སླར་ཡང་འཐུས་མི་ཁག་ཅིག་གིས་མཇལ་ཁ་ཞུས་པ་དང་། མཐར་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་རིས་མེད་བསྟན་རྒྱས་སྨོན་ལམ་སོགས་གསུངས་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། བརྟན་བཞུགས་དང་བསྟུན་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་རྫ་ཆུ་ཁའི་སྐྱིད་སྡུག་གཉིས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་མཚོན་བྱེད་ཀྱི་གཟེངས་རྟགས་རེ་འབུལ་ལམ་གྱིས་མཚོན་དོན་སྙན་སྒྲོན་ཞུས་ཡོད།










