༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༧ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཕག་རི་མི་མང་། ཆ་ཕྲེང་བའི་ཚོགས་སྡེ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཀའ་དྲིན་ཆེ་ཐོབ་བཞིན་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་འབུལ་སྐབས་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་འདུས་ཚོགས། གཞན་བསྙེན་མཚམས་པ་སོགས་ཆོག་གྲྭ་བ་བཅས་སྐུའི་ཚེ་སྒྲུབ་ཉིན་བཞི་སྔོན་བཏང་གིས་གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡༠ ཙམ་ལ་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། བོད་ཀྱི་ཟློས་གར་ཚོགས་པ་ནས་རུ་སྒྲིག་དང་བཀྲ་ཤིས་ཞོལ་པས་ཕེབས་བསུ་གཟབ་རྒྱས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་པ་དང་བརྟན་བཞུགས་ཀྱི་དབུ་བཞུགས་ཟམ་གདོང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།
ཞལ་འདོན་བརྟན་བཞུགས་ཀྱི་ཆོ་ག་ནས་མཁའ་འགྲོ་བསུན་བཟློག་གསུང་མུར་གསོལ་འབྲས་རིམ་པར་ཕེབས། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་པ་དང་། ཞལ་འདོན་ཚིག་བསྟུན་གྱིས་ཚེ་བུམ་དང་། ཚེ་ཆང་། ཚེ་རིལ། མདའ་དར། དབང་། དྲག་པོ། ཞི་བ། རྒྱས་པ་བཅས་ཀྱི་ལས་བཞི་འབྲང་རྒྱས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་བརྟན་བཞུགས་ཀྱི་ཆོ་ག་བསྐྱངས་རྗེས། གཏང་རག་མཎྜལ་ཤངས་དགའ་ལྡན་ཆོས་འཁོར་གླིང་གི་མཁན་པོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ། ཚོགས་མི་མི་གྲངས་ ༡༥ མཇལ་ཁ་ཞུས་པ་བཅས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་མཚམས་ཤངས་དགའ་ལྡན་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམས་དང་། ཕག་རིའི་དད་ལྡན་མི་མང་། ཆ་ཕྲེང་དད་ལྡན་མི་མང་བཅས་གཙོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག ཁྲིམས་ཞིབ་པ་གཞན་བླ་བྲང་འཕགས་པ་ཚེ་རིང་མཆོག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག རྩིས་ཞིབ་སྤྱི་ཁྱབ་པ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཕག་རི་བ་གཞིས་བྱེས་མི་མང་། ཆ་ཕྲེང་བ་ཁག་གཅིག་བཅས་ནས་བརྟན་བཞུགས་ཕུལ་བ་རེད། ཚང་མ་དངོས་གནས་སེམས་ཤུགས་རྩེ་གཅིག་ཡིན་པ་ཧ་ཅང་གསལ་བོ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་ཆ་བཞག་ན་སྐུ་འབུམ་ལ་སྐྱེས་ནས་ཡར་ལྷ་སར་སླེབས་པ་དང་། ༸རྒྱལ་དབང་གི་མཚན་འཁྱེར་བའི་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ཐག་ཆོད་བྱས་ཡོད་པ་རེད། རྒྱ་མིས་དོགས་ཟོན་བྱེད་དགོས་པ་ཆགས་ནས་བསྡད་པ་རེད། དེ་ནས་མཐའ་མའི་འདུས་ལྟ་བུ་ནི་བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་གནས་ཡོད། རྒྱ་གར་ལ་སླེབས་ནས་རྒྱ་གར་གྱི་ཤར་ནུབ་དབུས་སོགས་ས་ཁུལ་ཁག་ནས་དད་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་མང་པོས་རྩེ་གཅིག་གི་དད་པ་དང་དགའ་ཞེན་བྱས་ཏེ་ངོས་ལ་ཐུག་འཕྲད་དུ་ཡོང་གི་ཡོད་པ་རེད།
རྒྱ་གར་གྱི་ཆོས་པ་ཚོ་ཆོས་ལ་མཐའ་གཅིག་ཏུ་དད་པ་ཡོད་ཀྱང་མེད་ཀྱང་། གང་ལྟར་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་འགོ་ཁྲིད་གལ་ཆེན་པོ་ཞིག་ལ་བརྩིས་ཏེ་ཧ་ཅང་དགའ་བོ་བྱེད་བཞིན་འདུག ངོས་རང་རྒྱ་གར་གྱི་ས་ཁུལ་འདྲ་མིན་དུ་སླེབས་པའི་སྐབས་སུ་ཡུལ་བ་ཚོས་ཧ་ཅང་དགའ་མོས་ཆེན་པོའི་རྣམ་འགྱུར་སྟོན་བཞིན་འདུག དེ་དག་བསམ་དུས་ངོས་ཀྱི་ཚེ་ཅི་ཙམ་རིང་བ་དེའི་ཚོད་ཀྱིས་ཕན་ཐོགས་ཅུང་ཙམ་ཡོང་རྒྱུ་རེད་བསམ་ནས་སེམས་ལ་སྤོབས་པ་དང་གདེང་ཚོད་སླེབས་ཀྱི་འདུག ད་ལྟའི་བར་དུ་རྒྱ་གར་དུ་རྒྱ་གར་མི་མང་ལ་འབྲེལ་བ་བྱས་ཏེ་འབྲེལ་བ་ཡག་ཐག་ཆོད་དང་། ཚང་མས་ཧ་ཅང་དགའ་བོ་བྱེད་བཞིན་འདུག
རྒྱ་ནག་ལ་མཚོན་ནའང་ནང་ཆོས་ཤུགས་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན། རིམ་བཞིན་ནང་ཆོས་ཅུང་ཙམ་དར་སྤེལ་ཐུབ་པའི་གནས་ཚུལ་ཞིག་ཕལ་ཆེར་མི་ཡོང་ངམ་བསམ་པ་ཞིག་འདུག རྒྱ་ནག་དུའང་ནང་ཆོས་འཆད་སྤེལ་བྱས་ཏེ་ཕན་ཐོགས་ཅུང་ཙམ་བྱེད་ཐུབ་པ་ཞིག་དང་། གང་ལྟར་ངོས་ལ་མི་ལུས་འདི་ལྟ་བུ་ཞིག་ཐོབ་ནས་ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་གསུངས་པ་བཞིན་ལོ་བཅུ་ཕྲག་ཁ་ཤས་རིང་ཏན་ཏན་བསྟན་པའི་ཞབས་འདེགས་སྒྲུབ་པ་དང་། སྟོན་པ་བཀའ་དྲིན་ཅན་གྱི་བཀའ་དྲིིན་གསབ་པའི་ཆེད་དུ་རེད་བསམ་པ་ཞིག་ངོས་ཀྱིས་ཚོད་ཐིག་གི་འདུག ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན།
ཟི་ལིང་ནས་ཡར་ཡོང་བའི་ཕྲུ་གུ་ཞིག་གིས་ལྷ་སར་༸རྒྱལ་དབང་གི་མཚན་འཁྱེར་ནས་བཞུགས་ཁྲིའི་སྒང་ལ་སྡོད་པ་མ་གཏོགས་གཞན་ཤེས་ཀྱི་ཡོད་པ་མ་རེད། ག་ལེར་ག་ལེར་སྐད་ཆ་བཤད་རྒྱུ་གོམས་ཡོང་དུས་ལྷ་སར་སླེབས་ནས་བསྟན་པ་དང་འགྲོ་བའི་དོན་གང་འཚམ་སྒྲུབ་ཡོད། གཙོ་ཆེ་ཤོས་སེ་འབྲས་དགེ་གསུམ་དུ་སོ་སོས་གྲྭ་སྐོར་བྱས་པ་དང་། ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པ་ནི་ངོས་རང་འགྱོད་པ་མེད་པར་ཧུར་ཐག་འབད་ཐག་བྱས་པ་ཡིན། དེ་དུས་ངོས་ལ་མཚན་ཉིད་སློབ་མཁན་གཙོ་བོ་ནི་རྒན་དངོས་གྲུབ་ཚོགས་གཉིས་རེད། སོག་པོ་དངོས་གྲུབ་ཚོགས་གཉིས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བདེ་ཡངས་མཚན་ཞབས་དཔེ་ཆ་ཅུང་ཙམ་སྐྱོ་གི་རེད། ངོས་ཀྱིས་ཐུབ་ཚོད་ཅུང་རེ་བཏང་། མགོ་སྐོར་ཡང་ཅུང་རེ་བཏང་བ་ཡིན། ངོས་ཀྱི་གྲོགས་པོ་ཡག་པོ་ཡིན། ཞེས་བཀའ་སློབ་སྩལ་ཡོད།