༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤི་ཏི་ཏ་པོ་དགོན་དང་། ལྕོག་ལ་ཡུལ་གསུམ་གྱི་སེར་སྐྱ་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་སྒོ་གསུམ་གུས་པ་ཆེན་པོས་སྲུང་བརྩིའི་ཐོག མགོན་པོ་གང་ཉིད་མཆོག་འཛམ་གླིང་བསྟན་འགྲོ་སྤྱིའི་མགོན་དཔུང་དམ་པར་དགུང་གྲངས་བརྒྱ་དང་བཅུ་གསུམ་ལྷག་ངེས་པར་དུ་བཞུགས་པའི་ཞལ་བཞེས་ཟབ་མོ་ཐོབ་པའི་ཆེད་དུ། སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་སྤྲུལ་སྐུ་བསྟན་འཛིན་སྐལ་ལྡན་མཆོག་གིས་དབུས་དགེ་འདུན་པ་རྣམས། གསེར་ཀོང་སློབ་གྲྭའི་དགེ་སློབ་ལས་བྱེད། ཡུལ་གསུམ་གྱི་མི་མང་བཅས་ཁྱོན་སེར་སྐྱ་ཆིག་སྟོང་ལྷག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་དང་གཟུངས་སྔགས་འགའི་བཟླས་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
སྔ་དྲོ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གསེར་ཀོང་མཚན་ཞབས་མཆོག་གིས་ཕེབས་བསུ་དང་། གསུང་ཆོས་ར་བར་སྤི་ཏིའི་སེར་སྐྱ་མི་མང་གིས་རང་ལུགས་གྱོན་ཆས་གཟབ་སྤྲོས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཡུལ་ཁག་གི་འཐུས་མིས་མཇལ་ཁ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཏ་པོ་དགོན་གཙོས་སྤི་ཏི་ཡུལ་མི་རྣམས་ཀྱིས་བརྟན་བཞུགས་འབུལ་རྒྱུ་རེད། ཆོས་གྲོགས་རྣམ་པ་ཚོར་ཞུ་རྒྱུར། ངོས་རང་འདིར་རྒྱ་གར་དུ་སླེབས་པ་དང་། རྒྱ་གར་ནུབ་རྒྱུད་ས་ཁུལ་གྱི་མི་མང་ཚོ་ཆོས་དད་ཧ་ཅང་ཆེན་པོ་རེད་འདུག ༸རྒྱལ་བ་རིན་པོ་ཆེ་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པ་བྱས་ཏེ་ལོ་འདི་ཙམ་ཕྱིན་པ་རེད། འདིའི་རིང་ཚང་མས་ངོས་ཀྱི་མིང་ནས་བོས་ཏེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་སུ་མཆི་བསམ་པའི་བསམ་བློ་འཁོར་བསྡད་ཡོད་པ་རེད། སྤྱིར་རྒྱ་གར་དང་། ཡང་སྒོས་ནུབ་རྒྱུད་ཀྱི་ས་ཁུལ་དུ་ངོས་རང་ཚར་མང་པོར་སླེབས་པ་རེད། ཚང་མ་དད་པ་དང་གུས་པ། ཞེན་ཁོག་གཡོ་བ་མེད་པ་ཞིག་རེད་འདུག ཁྱོད་རང་ཚོར་༸རྒྱལ་བ་རིན་པ་ཆེ་ཞེས་སེམས་ཐག་ཧ་ཅང་ཉེ་བོ་ཞིག་ཡོང་གི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་རྒྱ་གར་ནུབ་རྒྱུད་ཀྱི་སྤི་ཏིའི་ཡུལ་རྣམས་ལ་སེམས་ཐག་ཉེ་བོ་ཞིག་ཡོང་གི་འདུག
ངོས་ཀྱིས་ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་པ་རེད། འདིར་ཆོས་གྲོགས་ཚོར་ཐུག་པའི་སྐབས་སུ་འགྲེལ་བཤད་རྒྱག་པར་ལག་མི་ཐོགས་པ་ཞིག་ཡོད་པ་རེད། ངོས་རང་རྒྱ་གར་ནུབ་རྒྱུད་དུ་བསྡད་དེ་ཡུལ་བ་མི་མང་ཚོར་དད་ཞེན་ཤུགས་ཆེན་པོ་ཡོད་པའི་ཐོག་ལ་ཆོས་ཀྱི་གནས་ཚུལ་འགྲེལ་བཤད་རྒྱག་དུས་སེམས་གཏིང་ནས་ཡིད་གཡོ་འགུལ་ཐེབས་ནས་ཧ་ཅང་ཡག་པོ་འདུག ད་ལྟའི་བར་དུ་ཁྱོད་རང་ཚོས་ཧུར་ཐག་འབད་ཐག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱས་པ་རེད། གལ་ཆེ་བ་དེ་སངས་རྒྱས་པའི་ཆོས་ནི་འདོན་པ་བཏོན་ནས་སྡོད་པ་དང་། སྨོན་ལམ་བརྒྱབ་ནས་སྡོད་པ་གཅིག་པུ་མ་ཡིན་པར་སངས་རྒྱས་པའི་ཆོས་ཟེར་བ་གང་འདྲ་ཞིག་ཡིན་པ་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཆོས་ཀྱི་རྣམ་བཞག་ཏོག་ཙམ་ཤེས་ནས་ཆོས་ལ་དད་པ་སླེབས་ཡོང་དུས་དད་པ་དེ་ཤེས་རབ་དང་རྗེས་སུ་མཐུན་པའི་དད་པ་ཡིན་པས་ཧ་ཅང་སྤུས་དག་པོ་དང་། བརྟན་པོ་རེད།
དངོས་གནས་བརྟན་བཞུགས་ཞེས་འདོན་པ་བདུན་ཕྲག་བདུན་ཕྲག་ལ་བཏོན་པ་དང་། སྙིང་ཁུང་རུས་པའི་གཏིང་ནས་དགའ་སྤྲོ་ཆེན་པོས་སེམས་ཐག་ཉེ་བོ་བྱས་ཏེ་བསྡད་པ་དེ་བརྟན་བཞུགས་ངོ་མ་ཆགས་ཡོད། དེ་རིང་འདིར་ཁྱོད་ཚོ་ཆེད་མངགས་འཛོམས་ཏེ་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་ཡུལ་བ་ཚོ་དགའ་ཞེན་ཤུགས་དྲག་དང་ལྡན་པ་ཞིག་གི་ཐོག་ནས་ངོས་རང་ཚེ་རིང་པོ་ཡོང་བར་སྨོན་ལམ་བརྒྱབ་པ་ལ་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་སྐྱབས་འགྲོ་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། གུ་རུའི་མཚན་སྔགས་སོགས་ཀྱི་བཤད་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་སྤི་ཏིའི་ཡུལ་མི་རྣམས་ཀྱིས་གཞས་སྣ་གཟིགས་འབུལ་གྱིས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་ཕུར་པའི་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད།