༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པས་བཀྲས་ལྷུན་ཚོགས་ཆེན་འདུ་ཁང་དུ་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིགས་རྒྱབ་རིན་པོ་མཆོག་གིས་སྤོས་སྣེས་མདུན་བསུ་དང་བཅས་བཀྲིས་ལྷུན་ཚོགས་ཆེན་འདུ་ཁང་དུ་གདན་ཞུས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འབུམ་རམས་པ་རྒྱ་ལོ་སོགས་ཀྱིས་མཇལ་ཁ་ཞུས་ཤིང་། དགའ་ལྡན་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཇལ་ཁ་ཞུས་རྗེས་བཞུགས་ཁྲིར་འཁོད་དེ་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཏེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཞུས་ཡོད།
བརྟན་བཞུགས་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་བཀྲ་ཤིས་ལྷུན་པོས་བརྟན་བཞུགས་ཕུལ་བ་དང་། ༸རྒྱལ་བ་དགེ་འདུན་གྲུབ་པ་དང་བསོད་ནམས་རྒྱ་མཚོ་ལ་སོགས་ནས་མར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཡོད། ངོས་ལ་༸རྒྱལ་དབང་གོང་མ་དེ་དག་གི་སྐྱེ་སྤྲུལ་ཆགས་ཡོད་པ་དང་། སྐབས་རེར་རྨི་ལམ་དང་བསམ་བློའི་ནང་ངོས་ལ་རྒྱལ་དབང་གོང་མ་ཚོའི་བྱིན་རླབས་ཀྱི་རྒྱུན་ཞིག་ཡོད་པའི་ཚོར་སྣང་ཡོང་གི་འདུག
བཀྲ་ཤིས་ལྷུན་པོའི་དགོན་པ་དང་དམིགས་བསལ་གྱིས་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཡིན་དུས། དེའི་སྒོ་ནས་དེ་རིང་འདིར་བརྟན་བཞུགས་གནང་བར་ཧ་ཅང་དགའ་བོ་བྱུང་། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱི་འབྲེལ་བའི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོང་གི་ཡོད། ངོས་རང་སྐྱེ་ས་མདོ་སྨད་ཀྱི་ཕྱོགས་ནས་བསླེབས་ཀྱང་། སྐྱེ་རབས་མང་པོའི་འབྲེལ་བའི་ཆ་ནས་བཀྲ་ཤིས་ལྷུན་པོ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད། དེ་རིང་འདིར་བརྟན་བཞུགས་གནང་བ་འདི་རྟེན་འབྲེལ་ཧ་ཅང་ཡག་པོ་བྱུང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་འདིའི་སྐབས་སུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཀྱིས་དེབ་གྲངས་ ༢༩ དཔར་བསྐྲུན་དབུ་འབྱེད་མཛད་ཡོད་པ་རེད།