༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཕོ་བྲང་རྒྱལ་སྒོ་རུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་ནས་ཕེབས་སྐྱེལ་ཞུས་ཡོད་ཅིང་། བཞུགས་སྒར་ཕོ་བྲང་ནས་གྷ་གྷལ་གནམ་ཐང་ལ་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་མཇལ་དར་དང་བདུག་སྤོས་ཐོགས་ནས་ཕེབས་སྐྱེལ་ཞུས་ཡོད། ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་(Bylakuppe)བོད་མིའི་གཞིས་ཆགས་སུ་༸ཞབས་སོར་འཁོད་དེ་ལྷོད་བཞུགས་གནང་རྒྱུ་ཡིན་པ་བཅས།