༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༨ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག ཌལ་ཧོར་སློབ་ཟུར་བཅས་ནས་མགོན་པོ་གང་ཉིད་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༨།༢༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་རྒྱལ་སྒོར་ཆིབས་བསྒྱུར་སྐབས་རྣམ་གྲྭས་སྤྱན་རྒྱ་སྤོས་འཛིན་དང་། ཚོགས་པ་ཁག་གསུམ་གྱི་འཐུས་ཚབ་དྲུག་ནས་སྤོས་སྣེ། ཕེབས་ལམ་གཡས་གཡོན་དུ་རང་ལུགས་ཕེབས་བསུ་གཟབ་རྒྱས་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཞུགས་ཁྲིར་༸ཞབས་སར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་ཟམ་གདོང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་དང་། བརྟན་བཞུགས་ཆོ་ག་ནས་མཁའ་འགྲོ་བསུན་བཟློག་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་། བརྟན་བཞུགས་དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཤིང་། ཚོམ་བུ་འདེགས་འབུལ་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་རིམ་ཕུལ་གྱིས་བརྟན་བཞུགས་དབུ་བཞུགས་དང་། ཚོགས་པ་ཁག་གསུམ་གྱི་མི་འཐུས་ ༡༥ ནས་མཇལ་ཁ་ཞུས་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ན་གཞོན་ཕོ་མོ་ཁག་གཅིག་གིས་སྐུ་ཚེ་བརྟན་པར་བསྟོད་གཞས་གཟིགས་འབུལ་ཞུས་ཤིང་། བཙུན་མ་ཁག་ཅིག་གིས་གསོལ་འདེབས་ཚིགས་བཅད་སྐྱོར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་བརྟན་བཞུགས་དང་འབྲེལ་བའི་ཐོག་ནས་ཁྱོད་ཚོ་ཚང་མས་གང་ལྟར་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་དུས་དངོས་ཡོད་གནས་ཚུལ་ལ་བོད་ཀྱི་བསྟན་སྲིད་དང་། ཆོལ་ཁ་གསུམ་གྱི་གནས་ཚུལ་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་ངོས་ཀྱི་ལས་དང་སྨོན་ལམ་གྱིས་ཆགས་ཡོད། དེར་བརྟེན། ༸རྒྱལ་དབང་སྐུ་ཚེ་ཞབས་པད་བརྟན་པར་གྱིས་ཞེས་སྨོན་ལམ་རྒྱག་པ་དེ་ནི་བོད་བསྟན་སྲིད་ཀྱི་དོན་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་རེད། ངོས་རང་ལ་མཚོན་ནའང་ཚེ་རབས་མང་པོའི་ལས་བསགས་ནས་ད་ལྟའི་དུས་ཚོད་ཧ་ཅང་ཁག་པོའི་སྐབས་འདིར་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་བོད་བསྟན་སྲིད་ཀྱི་དོན་བྱེད་མཁན་གྱི་སྐྱེ་གནས་ཤིག་བླངས་ཤིང་། ཁ་ནས་འགྲེལ་བཤད་རྒྱག་དགོས་བྱུང་ན་ཡག་ཐག་ཆོད་རྒྱག་མཁན་དང་། སེམས་ཁམས་རིག་པའི་སྐོར་ལ་ཆ་བཞག་ན་དེང་སང་ཚན་རིག་པ་དང་མཉམ་དུའང་གོ་བསྡུར་ཡག་པོ་བྱེད་ཐུབ་མཁན་ཞིག་ཆགས་པ་རེད། ངོས་རང་དེ་ལྟ་བུའི་ལས་དང་སྨོན་ལམ་གྱི་ཐོག་ནས་མདོ་སྨད་པ་ལྷ་མོ་དོན་གྲུབ་ཟེར་བ་མི་གོ་ཆོད་པ་ཞིག་སྐྱེས་པ་དེ་ལྟར་རེད།
ད་ལྟ་ཕན་ཆད་དུ་བོད་བསྟན་གྱི་དོན་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན་ལ། ངོས་ཀྱི་མི་ཚེ་འདིར་བོད་བསྟན་སྲིད་ཀྱི་དོན་དུ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་རེད། དེང་སང་རྒྱ་ནག་འགྱུར་བ་འགྲོ་བཞིན་འདུག ངོས་ཀྱི་བསམ་བློའི་ཐོག་ལ་རྒྱ་ནག་ཏུ་དོ་སྣང་ཆེན་པོ་བྱེད་མཁན་ཡོང་གི་འདུག གཉིས་ནས་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ངོས་ཀྱི་ལས་དང་སྨོན་ལམ་གྱི་ཐོག་ནས་བོད་བསྟན་སྲིད་ཀྱི་དོན་དང་། རྒྱ་ནག་མི་མང་ལ་ཕན་ཐོགས་བྱེད་ཐུབ་པ་ཕལ་ཆེར་གསལ་བོ་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་ཞིག་ལ་ངོས་ཀྱིས་ཧུར་ཐག་བྱེད་རྒྱུ་ཡིན། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་ད་ལྟ་ཕན་ཆད་ལ་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཚང་མས་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ངོས་རང་ལས་དང་སྨོན་གྱི་དབང་གིས་འདི་འདྲ་ཞིག་ལ་སྐྱེས་ནས་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མི་མང་དང་། བོད་ལ་ནཱ་ལེནྡྲའི་ཆོས་བརྒྱད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཧ་ལས་པ་ཞིག་ཡོད་པ་འདི་རྒྱུན་འཛིན་ཐུབ་པར་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཆགས་པ་དེ་ལྟར་རེད། ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མི་མང་དང་། རྒྱ་ནག་མི་མང་དང་བཅས་པ་ཡོངས་སུ་རྫོགས་པའི་སངས་རྒྱས་བསྟན་པའི་ཐོག་ཞབས་འདེགས་སྒྲུབ་པའི་བཟོ་ལྟ་ཞིག་ཆགས་ཡོང་གི་འདུག་ལ། དེང་སང་རྒྱ་ནག་ཏུ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ངོས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་མོ་ཡོད་པ་འདི་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད་ལ། ཕལ་ཆེར་དེ་ལྟ་བུ་ཞིག་ཡོང་བར་ཡིད་ཆེས་ཡོད། ཚང་མར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད་པ་དང་།
མཐར་ཌལ་ཧོར་སློབ་ཟུར་འཐུས་ཚབ་ནས་གཏང་རག་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཚོགས་མི་ ༡༨ གྱིས་མཇལ་ཁ་ཞུས་ཤིང་། ཉི་གཞོན་འཆར་ཀ་མ་དང་། བསྟན་འབར་མ། བཀྲ་ཤིས། བདེན་ཚིག་སྨོན་ལམ་བཅས་གསུངས་ནས་བརྟན་བཞུགས་དངོས་གཞི་ལེགས་པར་གྲུབ་པ་དང་། རྣམ་གྲྭས་སྤྱན་རྒྱ་དང་། ཚོགས་པ་ཁག་གསུམ་གྱི་འཐུས་ཚབ་ནས་སྤོས་སྣེ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་ཕེབས་སྐྱེལ་ཞུས་ཡོད།