༄༅། །ཕྱི་ལོ་ ༢༠༢༤ཟླ་ ༡༠ ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྔ་དྲོ་ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་གྱིས་རྣམ་གྲྭའི་སྤྱན་རྒྱ་དང་། ཐའེ་ཝན་རྒྱལ་སྤྱི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་བདུན་ནས་སྤོས་སྣེ་དང་བཅས་གདན་དྲངས་ཏེ། བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་ལེགས་པར་འཁོད་གྲུབ་པ་དང་། དབུ་བཞུགས་ནས་མཇལ་དར་རྐྱང་འབུལ་དང་། ཞལ་འདོན་བླ་མཆོད་བདེ་སྟོང་དབྱེར་མེད་མ་དབུ་ཚུགས་མུར། གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ་གང་གི་ཐུགས་རྗེ་མའི་ཡན་ལག་བདུན་པ་སོགས་རིམ་པར་གསུངས་ནས་ཡིད་འོང་ལང་ཚོ་མའི་སྐབས་ཚོགས་བྱིན་རླབས། སྤྱན་འདྲེན། ཚོགས་འཁོར་ཕུལ་རོལ་དང་། ཡན་ལག་བདུན་པའི་མྱ་ངན་པས་མི་འདའ་བར་གསོལ་བ་འདེབས་པའི་གོང་དུ། གསོལ་འདེབས་མཎྜལ། དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་འཐུས་མི་མི་དྲུག་ནས་མཇལ་ཁ་ཞུས་ཤིང་། རྒྱ་སྐད་ཐོག་༸རྒྱལ་བའི་ཞབས་བརྟན་གསུང་མུར། འབུལ་དངོས་བསྟར་བ་ཡོད།
དེ་རྗེས་ཐའེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་(台灣國際藏傳佛教協會會長)ཧུའུ་མའོ་ཧྭ་(胡茂華)བརྟན་བཞུགས་ཀྱི་གསོལ་འདེབས་༸སྙན་སྒྲོན་ཞུས་པའི་ནང་། མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ། གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་མ་དར་བའམ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་ཆོས་སྤེལ་བར་མ་མཛད་ན། རང་ཅག་འགྲོ་བ་རྣམས་ཀྱི་ཚེ་སྲོག་འདི་ཡང་ཚེ་རབས་ནས་ཚེ་རབས་སུ་སྐྱེ་འཆིའི་འཁོར་བར་འཁྱམས་བཞིན་ཡོད་པ་བརྗོད་ག་ལ་དགོས། ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་ཕེབས་ནས། གཞི་འདུལ་ཁྲིམས་ཀྱི་བསྟན་པའི་ཐོག་ལམ་ཀྱི་རིམ་པ་རྣམ་གསུམ་གྱི་ཕྱག་ལེན་གསལ་སྟོན་མཛད་ཅིང་། དེ་བཞིན་༸སྐྱབས་མགོན་༸ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་དེས་གངས་ལྗོངས་བོད་འབངས་རྣམས་ལ་ཕན་བདེ་བསྒྲུབས་པ་ཙམ་དུ་མ་ཟད། དམ་པའི་ཆོས་འདི་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་བླ་ན་མེད་པ་བྱུང་ཡོད། ཅེས་དང་།
དེང་དུས་མི་སེམས་ལ་ཞི་བདེ་བྲལ་ཞིང་། སྤྱི་ཚོགས་རྙོག་འཛིང་ཆེ་བའི་སྐབས་སུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱིས་དམིགས་སུ་བཀར་ཏེ་༼བྱམས་པ་དང་བརྩེ་བ།༽ ༼ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་༽ ལྟ་བུའི་གདུལ་བྱའི་མོས་ཁམས་དང་འཚམ་པའི་ཐབས་མཁས་པའི་སློན་སྟོན་གནང་པ་ལ་བརྟེན་ནས་དད་ལྡན་རྣམས་ཀྱི་ཆོས་ཀྱི་གོ་རྟོགས་འཕེལ་ཞིང་དད་པ་ཇེ་བརྟན་དུ་གྱུར་བ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་དགའ་སྤྲོ་དང་མོས་པ་བསྐྱེད་ཐུབ་པ་བྱུང་ཡོད། ༸མགོན་པོ་མཆོག་ནས་འདས་པའི་མི་ལོ་དྲུག་ཅུ་ལྷག་ལ་སྐུ་ངལ་འཛེམས་མེད་ཀྱིས་གསུང་ཆོས་ཡང་དང་ཡང་དུ་གནང་བ་ལ་བརྟེན་ནས། དུས་རབས་འདིར་རང་ཅག་རྒྱ་རིགས་དད་ལྡན་སློབ་འབངས་ཀུན་ལ་བོད་རྒྱུད་ནང་བསྟན་དང་འབྲེལ་བ་དམིགས་བསལ་བྱུང་བ་དང་ཆབས་གཅིག། ནང་ཆོས་ཀྱི་གོ་རྟོགས་དང་ནང་སེམས་ཀྱི་ཞི་བདེ་གོང་མཐོར་ཕྱིན་པ་མ་ཟད། ཚེ་སྲོག་གི་རིན་ཐང་ངོ་འཕྲོད་པ་བྱུང་ཡོད། ལྷག་པར་དུ་༸གོང་ས་མཆོག་གང་ཉིད་ཐའེ་ཝན་ལ་ཐེངས་གསུམ་ཆིབས་བསྒྱུར་གནང་སྟེ། ཐོག་མར་ཕྱི་ལོ་ ༡༩༩༧ ལོར་ཐའེ་ཝན་དུ་ཕེབས་ནས་དད་ལྡན་མི་མང་ལ་བཀའ་ཆོས་དང་བཀའ་དབང་སྩལ་པ་། བགྲོ་གླེང་དང་གསུང་བཤད་གནང་བ། རྗེས་སུ་ཡང་རང་བྱུང་ཁམས་ཀྱི་གོད་ཆག་ཕོག་པའི་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་བཀའ་སློབ་གནང་བ་སོགས་ཀྱི་བཀའ་དྲིན་ནི་དུས་ཀྱི་མཐར་ཡང་གཞལ་དུ་མེད།
དེས་ན་“ཏཱ་ལའི་བླ་མ་”ཞེས་པའི་མཚན་འདི་མཚན་གནས་ཙམ་ཞིག་མ་ཡིན་པར། འདི་ནི་བརྩེ་བ་དང་ཞི་བདེའི་མཚོན་རྟགས་ཡིན་ལ། ༸གོང་ས་མཆོག་ཁྱེད་ཉིད་བོད་མི་རིགས་ཀྱི་བླ་སྲོག་གི་ཀ་བ་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་འཛིན་པ་རྣམས་ཀྱི་གཙུག་རྒྱན་ཡིན། འཛམ་གླིང་སྤྱི་ཡོངས་ལ་མཚོན་ན། ཁྱེད་ནི་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས། བོད་མི་རིགས་དང་། སངས་རྒྱས་པའི་ཆོས། འཛམ་གླིང་མི་མང་ལ་ཁྱེད་ཀྱི་མཛད་འཕྲིན་ནི་ཤིན་ཏུ་གལ་འགངས་ཆེ་ལ་མེད་དུ་མི་རུང་བ་ཞིག་ཡིན།
༸མགོན་པོ་མཆོག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་བཀྲ་ཤིས་ལྷུན་པོ་དགོན་པར་གསུང་ཆོས་གནང་སྐབས་སུ། ང་ཚོ་རྒྱ་གར་ལ་བྲོས་བྱོལ་དུ་ཐོག་མར་འབྱོར་སྐབས། ངོ་ཤེས་པ་ས་དང་གནམ་ལས་མེད་ཀྱང་། ཚང་མས་མཉམ་རུབ་བྱས་པར་བརྟེན་གྲུབ་འབྲས་ཡག་པོ་ཐོན་སོང་། ཞེས་གསུངས་པའི་བཀའ་སློབ་དེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཟིགས་རྒྱང་རིང་ཞིང་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་པའི་སེམས་དཔའ་ཆེན་པོ་༸གོང་ས་མཆོག་སྐུ་ཉིད་ཀྱི་རླབས་ཆེན་གྱི་དབུ་འཁྲིད་མེད་ན། དེང་དུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་འདི་ལྟ་བུ་གཏན་ནས་འབྱུང་མི་སྲིད་པས། དེ་ལྟར་བསམ་ཞིང་བསམ་ན། ༸རྒྱལ་དབང་ཉིད་ཀྱི་བཀའ་དྲིན་ནི་བསམ་བརྗོད་ལས་འདས།
འདིར་གུས་པས་རྒྱ་རིགས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་༸མགོན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གསོལ་བ་ཤུགས་དྲག་འདེབས་རྒྱུ་མ་ཟད། བསྟན་དང་འགྲོ་བའི་དོན་དུ་སྔར་ནས་ད་ལྟའི་བར་རྒྱུན་མ་ཆད་པ་ཇི་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་རྒྱུད་མཐུད་ཀྱིས་མ་འོངས་པའི་སེམས་ཅན་རྣམས་བླ་མ་སྤྱན་རས་གཟིགས་དབང་ལ་དངོས་སུ་མཇལ་རྒྱུ་ཡོད་པ་དང་། ཆོས་དང་བྱིན་རླབས་ཞུ་རྒྱུ་ཡོད་པ་ཞིག་ཅིས་ཀྱང་དགོས་པའི་གསོལ་བ་ཤུགས་དྲག་འདེབས་བཞིན་ལགས་ན། དེ་ལྟར་ཞལ་བཞེས་ཡོང་བ་མཁྱཻན། མཁྱཻན། མཁྱེན་ཞུ།། ཞེས་ཐའེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་དང་། ད་ཐེངས་གསུང་ཆོས་སུ་ཆེད་བཅར་མི་གྲངས་ ༡༢༢༠ ལྷག དེ་བཞིན་༸གོང་ས་མཆོག་ལ་དད་འདུན་གཡོ་མེད་ཀྱི་བུ་སློབ་ཀུན་དང་། གོང་གི་བརྗོད་ཚིག་ལ་མོས་གུས་ལྡན་པའི་རྒྱ་རིགས་དད་ལྡན་ཡོངས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པའོ།། །། ཅེས་འཁོད་ཡོད།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་བརྟན་བཞུགས་ཕུལ་མཁན་གཙོ་བོ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཡིན། ངོས་ནས་དུས་གཏན་དུ་རྒྱ་བོད་ཧོར་གསུམ་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་སྨོན་ལམ་རྒྱག་བཞིན་ཡོད། དེ་རིང་ཁ་སང་རྒྱ་ནག་ས་ཁུལ་དུ་རྒྱ་རིགས་མི་མང་ཁྲོད་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འགྲོ་བཞིན་འདུག མ་འོངས་པར་ངོས་ནས་རྒྱ་ཧོར་བོད་གསུམ་ལ་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དང་། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡག་པོ་ཞིག་ཡོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ལ། སྨོན་ལམ་ཡང་རྒྱག་གི་ཡིན།
ང་ཚོའི་བོད་དུ་དེ་སྔ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཡོད་ཀྱང་། སྐབས་རེར་ཆོ་ག་ཕྱག་ལེན་ལྟ་བུ་ཙམ་མ་གཏོགས་དོན་དག་ངོ་མའི་ཐོག་ལ་བསམ་བློ་བཏང་ནས་འགྲེལ་བཤད་རྒྱག་པ་དང་། སྒོམ་པ་ཏོག་ཙམ་ཉུང་ཉུང་ལྟ་བུ་རེད། དེ་ང་ཚོ་རྗེས་ལུས་ཀྱི་རྣམ་པ་རེད། མ་འོངས་པར་དང་པོ་སངས་རྒྱས་པའི་ཆོས་ཀྱི་རྒྱུ་མཚན་ཡག་པོ་ཞིག་ཤེས་པར་བྱོས། རྒྱུ་མཚན་དེ་དང་ལྡན་པའི་ཐོག་ནས་ཆོས་ཀྱི་ཉམས་ལེན་བྱས་པ་ཡིན་ན་སྤུས་དག་པོ་ཡོང་གི་རེད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་དཔེ་ཆ་བསླབས་པ་རེད། སྐབས་དེ་དུས་ཚོར་བ་ཆེན་པོ་མེད། རིམ་བཞིན་ཉམས་མྱོང་སླེབས་ཡོང་སྐབས་དངོས་གནས་སངས་རྒྱས་པའི་ཆོས་ཟེར་བ་ནི། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་སེམས་རྒྱུད་འདུལ་ཐབས་བྱས་པར་འཕྲལ་དུ་སེམས་ཀྱི་ཞི་བདེ་ཡོང་བ། ལུས་ཀྱི་བདེ་ཐང་ཡོང་བ་སོགས་ཀྱི་དགེ་བ་རྒྱུ་མཚན་མཐོང་བའི་ཐོག་ནས་ཆོས་ཀྱི་བསླབ་བྱ་ཇི་སྐད་གསུངས་པ་ལྟར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས། གྲོགས་པོ་ངོ་ཤེས་ཚོར་དེ་དག་འགྲེལ་བཤད་རྒྱག་དུས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་ཡོད་པ་ལྟ་བུ་འདུག
དེ་རིང་འདིར་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ནས་རྨི་ལམ་ལ་བལྟས་པ་ཡིན་ན་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་འདུག ང་ཚོ་ཡོད་ས་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། འདི་གནས་ཚུལ་ཁ་ཁ་རེད། རྒྱ་ཧོར་བོད་གསུམ་ས་ཁུལ་གང་དུ་ཡོད་ཀྱང་མིའི་རིགས་གཅིག་གྱུར་དང་། ཆོས་ཀྱི་དད་པ་དང་དོ་སྣང་གཅིག་གྱུར་ཡིན། དེ་སྔ་དང་མི་འདྲ་བར་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་ནང་པའི་ཆོས་ལ་དོ་སྣང་དང་། སེམས་ཁམས་རིག་པའི་འགྲོ་སྟངས་ལ་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་ཡོད། ངོས་རང་ལ་མཚོན་ན་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་དུས་ཚན་རིག་པ་ཆགས་ཀྱི་ཡོད། ཆོས་ཀྱི་སྐད་ཆ་བཤད་དུས་ཆོས་པ་ཡིན། དེར་བརྟེན། ངོས་ཀྱིས་འཛམ་གླིང་འདིར་མུ་མཐུད་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གི་ཡིན་ལ། སེམས་ཤུགས་ཡོད། ངོས་རང་གིས་ཧུར་ཐག་བྱེད་ཀྱི་ཡིན། ཁྱོད་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱག་རོགས། བློ་བདེ་པོར་བཞུགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་ཚོགས་གཉིས་ཆོས་ཚོགས་ཀྱི་མཁན་པོ་ནས་གཏང་རག་མཎྜལ་འདེགས་འབུལ། སྦྱིན་བདག་འཐུས་མི་ཉེར་ལྔ་ནས་མཇལ་ཞུས་པ་བཅས་བརྟན་བཞུགས་ཀྱི་ཆོ་གའི་མཇུག་སྐྱོང་ཁག་རིམ་པར་བསྐྱངས་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།