༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་གངས་ལྗོངས་མདོ་སྨད་མཛོད་དགེའི་སེར་སྐྱ་མི་མང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་དང་། དགའ་ལྡན་བྱང་དཔེ་ཁྲིད་དགེ་རྒན་ལྷན་ཚོགས་ནས་མཇལ་ཁ་ཞུས་ཡོད་པ་རེད།
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། མ་ཎིའི་ཕན་ཡོན་ནི་མ་ཎིའི་ཡིག་དྲུག་གིས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སེལ་རྒྱུ་དང་། འཕྲལ་དང་ཕུགས་ཀྱི་འདོད་དོན་བསྒྲུབ་པར་མ་ཎི་ཧ་ཅང་ཕན་ཡོན་ཆེན་པོ་རེད། ངོས་རང་ཆུང་དུས་ནས་མ་ཎི་དང་ཨ་ར་པ་ཙ་བགྲང་གི་ཡོད། མ་ཎི་བགྲངས་པས་སེམས་པ་བཟང་པོ་ཡོང་བ་དང་། ཨ་ར་པ་ཙ་བགྲངས་པས་རིག་པ་ཡག་གི་རེད། དེར་བརྟེན། ཁྱེད་རང་ཚོས་མ་ཎི་ཡག་པོ་བགྲོངས། མ་ཎི་བགྲངས་པ་ནང་བཞིན་གྱིས་རྒྱུན་དུ་སེམས་བཟང་པོ་བྱས། འབུ་སྲིན་ཚུན་ཆད་ལ་ཕན་སེམས་བྱ་རྒྱུ་མ་གཏོགས་བརྣབ་སེམས་དང་གནོད་སེམས་ཁྱོན་ནས་བསམ་བློ་མ་གཏོང་། སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་ང་ཚོ་འཛམ་བུ་གླིང་འདིའི་སྒང་གི་འགྲོ་བ་མིའི་རིགས་ཚང་མ་ལ་ཕན་བདེ་བསྒྲུབ་བསམ་པ་ཞིག་ལ་བསམ་བློ་ཐོངས། དངོས་གནས་དྲང་གནས་འཛམ་བུ་གླིང་གི་མི་ཚང་མས་ཞི་བདེ་དོན་དུ་གཉེར་གྱི་ཡོད་པ་རེད། ཞི་བདེ་ཟེར་བ་དེ་གནམ་ནས་འབབ་ཀྱི་མ་རེད། ང་རང་ཚོའི་སེམས་ཞི་ཞིང་དུལ་བའི་ཐོག་ནས་ཡོང་གི་ཡོད།
རང་རྒྱལ་གཞན་ཕམ་གྱི་ཐོག་ནས་གོ་མཚོན་བེད་སྤྱོད་བྱེད་ཀྱི་ཡོད། འཛམ་གླིང་གི་དམག་ཆེན་དང་པོ་དང་གཉིས་པ་བརྒྱབ་པ་རེད། མི་མང་པོ་བསད་ཡོད་རེད། གང་ལྟར་འཛམ་གླིང་གི་དཀའ་ངལ་ཕྲན་བུ་ཕྲན་བུ་དེ་དག་ང་ཚོས་སྐད་ཆ་བཤད་ནས་སེལ་རྒྱུ་མ་གཏོགས་གསོད་རེས་བྱས་ནས་དོན་དག་འགྲུབ་ཐུབ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། འཛམ་གླིང་འདི་དངོས་གནས་དྲང་གནས་ཀྱི་ཞི་བདེ་དང་གོ་མཚོན་མེད་པ། མི་གསོད་རེས་བྱེད་མི་དགོས་པར་ཚང་མར་མཛའ་མཐུན་དང་། འཛམ་གླིང་གི་མི་ཐེར་འབུམ་བདུན་བརྒྱད་ཡོད་པ་ཚང་མ་མི་རིགས་ཀྱི་སྤུན་ཟླ་ཤ་སྟག་རེད། སེམས་པ་བཟང་པོ་བྱོས། ཚང་མར་ཕན་ཐོགས་ཐུབ་པ་ཞིག་བྱོས། གང་ལྟར་ང་ཚོ་འཛམ་བུ་གླིང་གི་མི་ཚང་མ་ཨ་མའི་ཁོག་ནས་སྐྱེས་པ་དང་ཨ་མའི་འོ་མ་སྤྲད་པ་འགྲོ་བ་མི་ཚང་མ་གཅིག་པ་རེད། ཨ་མའི་འོ་མ་བཏུང་ནས་ལོངས་པ་རེད། རིམ་པས་ཁོར་ཡུག་གི་གནས་སྟངས་རྐྱེན་གྱིས་དགྲ་དང་གཉེན་ཟེར་ནས། ཆགས་སྡང་བྱས་ཏེ་རྒྱག་རེས་བརྒྱག་རྒྱུ་ཞིག་ག་ལེ་ག་ལེར་ཆགས་པ་མ་གཏོགས། དང་པོ་ང་ཚོ་སྐྱེས་པའི་སྐབས་ནས་དེ་འདྲ་ཁྱོན་ནས་ཡོད་པ་མ་རེད།
ང་ཚོའི་ལྷན་སྐྱེས་རང་བཞིན་དེ་ཨ་མའི་འོ་མ་བཏུང་ནས་སེམས་པ་བཟང་པོ་བྱས་ནས་སྡོད་ཀྱི་ཡོད། ང་ཚོ་སྐྱེས་པའི་སྐབས་ནས་ཨ་མའི་འོ་མ་བཏུང་ནས་སེམས་བཟང་གི་ངང་འཚོ་བསྡད་པ་ཞིག་རེད། ང་ཚོ་འཆི་བའི་སྐབས་སུ་གཅིག་གི་གཅིག་ལ་བརྩེ་བ་བྱས་ནས་སེམས་དལ་ཞིང་སྐྱིད་པོ་དགོས་པ་རེད། ང་ཚོར་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་རང་གི་སྤྱི་བོར་སྒོམ་ནས་འཆི་སྐབས་འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་ཞིག་གི་ཐོག་ནས་རྣམ་ཤེས་འགག་རྒྱུ་འབྱུང་ན། ཚེ་རབས་ནས་ཚེ་རབས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་མི་ལུས་འཐོབ་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་ཀྱི་རེད། མཁྱེན་སོང་སོང་ངམ། འཕགས་པ་སྤྱན་རས་གཟིགས་ཀྱི་འཁྲིས་དེར་ངོས་རང་ཡང་ཕལ་ཆེར་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུར་བསྡད་ཡོད་ཀྱི་རེད། ང་ཚོ་ཚང་མ་སེམས་སྐྱིད་པོ་བྱོས། འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་ཞིག་བསམ་བློ་གཏོང་དུས་སེམས་བཟང་པོ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སེམས་བཟང་པོ་ཞིག་གི་ཐོག་ནས་མ་ཎི་བགྲང་རྒྱུ་གལ་ཆེན་པོ་རེད། ངོས་རང་གི་ངོས་ནས་ཞོགས་པ་ཡར་ལངས་པ་དང་ཐུབ་པའི་མཚན་སྔགས་གང་འཚམ་བགྲངས། དེ་ནས་མ་ཎི་བགྲང་གི་ཡོད། ཅེས་བཀའ་སློབ་སྩལ་རྗེས་མ་ཎི་ལྗགས་ལུང་བཀའ་དྲིན་སྩལ་བ་དང་།
དེ་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ལ་ཆ་བཞག་ན། དངོས་གནས་དྲང་གནས་ཀྱིས་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་གི་ཡོད། དེར་བརྟེན། རྒྱ་མི་གུང་ཁྲན་གྱིས་བོད་ལ་སྡུག་པོ་བཏང་བར་བསམ་བློ་འཁོར་དུས། སྙིང་རྗེ་སྐྱེས་པ་མ་གཏོགས་ཁོང་ཁྲོ་ཟ་རྒྱུ་དང་། ཁོ་ཚོར་སྡུག་པོ་བྱུང་ན་བསམ་པ་རྩ་བ་ཉིད་ནས་དྲན་གྱི་མི་འདུག སྙིང་རྗེ་བསམ་པའི་སྙིང་རྗེའི་བློ་སྐྱེས་ཤིང་། ད་གང་དྲག་བསམ་པ་མ་གཏོགས། ང་ཚོ་ཚང་མ་དངོས་གནས་དྲང་གནས་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། དེར་བརྟེན། ང་ཚོ་ཚང་མ་དངོས་གནས་དྲང་གནས་ཀྱིས་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུར་སྨོན་ལམ་འདེབས་པ་མ་གཏོགས། རྒྱ་མི་གུང་ཁྲན་ལ་ཁོང་ཁྲོ་ཟ་རྒྱུ་སོགས་ཁྱོན་ནས་མི་འདུག ཁྱེད་རང་ཚོ་ཚང་མ་སེམས་པ་བཟང་པོ་བྱོས། ཀུན་ལ་ཕན་སེམས་བྱ་རྒྱུའི་བསམ་བློ་ཐོངས། དེ་ལྟར་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།