༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་ཞེས་པའི་ཉིན་གསུམ་རིང་གི་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མི་མང་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་རྗེས་ཕོ་བྲང་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམས། དེ་བཞིན་རྒྱ་ནག་དང་སོག་པོ། ཡུ་གུར། ཐའེ་ཝན། ཧོང་ཀོང་། ཀོ་རུ་ཡ་སོགས་ནས་ཕེབས་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་ཞེས་པའི་ཉིན་གསུམ་རིང་གི་ཚོགས་བཅར་བ་ཡོངས་ལ་བོད་རྒྱའི་གནད་དོན་སྐོར་ལ་བཀའ་སློབ་སྩལ་དོན།
དེ་རིང་འདིར་ང་ཚོ་ཉུང་ཤོས་ཤིག་ཐུག་པ་ཧ་ཅང་དགའ་བོ་བྱུང་། ངོས་རང་རྒྱ་གར་ལ་སླེབས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བསྡད་ནས་རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་མོས་དང་། རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གསལ་བ་དེ་ལག་ལེན་ཆ་ཚང་ཞིག་བསྐྱལ་དགོས་ཀྱི་འདུག་ཅེས་ངོས་ཀྱིས་བཤད་ཀྱི་ཡོད། བར་སྐབས་ངོས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བསྡད་ནས་ཆོས་དང་རིག་གཞུང་། གོམས་གཤིས་བཅས་སྲུང་སྐྱོབ་ཆ་ཚང་བྱེད་ཐུབ་པའི་རང་སྐྱོང་ཞེས་ད་ལྟའང་བསམ་བློ་འདི་ལ་བསྡད་ཡོད། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཐུབ་ན། མ་འོངས་པར་རྒྱ་ནག་མི་མང་ལ་ཕན་ཐོགས་ཏན་ཏན་ཡོང་ཐུབ་ཀྱི་རེད།
བོད་ཀྱི་ནང་ཆོས་ཀྱི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་སྤུས་དག་པོ་དང་གསལ་པོ་འདུག དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པས་ཀྱང་བོད་ཀྱི་རིག་གཞུང་ནང་གི་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་འདུག ངོས་ལ་བོད་པ་ངོ་ཤེས་པ་ཞིག་གིས་སྤོབས་པ་ཆེ་དྲག་པ་ལྟ་བུའི་བཤད་རྒྱུར། རྒྱ་ནག་གིས་བོད་ཆབ་སྲིད་ཐོག་དབང་བསྒྱུར་བྱས་པ་རེད་དེ། མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་དབང་བསྒྱུར་བྱེད་ཐུབ་ཀྱི་རེད་ཅེས་བཤད་མཁན་འདུག ངོས་ཀྱིས་དང་པོ་ནས་སྲིད་བྱུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བསྡད་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་ཞིག་བྱེད་པ་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུར་བསམ་བློ་བཏང་ཡོད། དེ་མིན་ཁ་བྲལ་བྱས་ཏེ་རང་བཙན་ངོས་ཀྱིས་རྩོད་ཀྱི་མེད། ངོས་རང་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་དུ་རྒྱ་རིགས་མང་པོར་ཐུག་གི་ཡོད་པ་རེད། ང་ཚོ་གྲོགས་པོ་རང་གི་འདུ་ཤེས་ཐོག་ཐུག་གི་ཡོད་པ་མ་གཏོགས་རྒྱ་དང་བོད་ཅེས་བསམ་བློ་གཏོང་གི་མེད། ཅེས་དང་།
གཞན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ལ་འགན་ཁུར་དགོས་པའི་སྐོར་ནས་བཀའ་སློབ་སྩལ་དོན། ང་ཚོ་སྤྱི་བའི་འགན་གཅིག་ནི་འཛམ་གླིང་གི་ཚ་དྲོད་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག ཚན་རིག་པ་ཁ་ཤས་ཀྱིས་ལོ་བཅུ་ཕྲག་གཉིས་གསུམ་རྗེས་སུ་འཛམ་གླིང་གི་ཚ་དྲོད་ཧ་ཅང་ཆེན་པོར་སླེབས་ཏེ་གཙང་པོ་མང་པོ་སྐམ་རྒྱུ་ཡིན་པ་བརྗོད་ཀྱི་འདུག འཛམ་གླིང་ཚ་དྲོད་སྐོར་གྱི་ཚན་རིག་པ་ཁ་ཤས་ཀྱིས་འཛམ་གླིང་འདིའི་སྟེང་གི་རྒྱ་མཚོ་དང་། གཙང་པོ་ཆེ་ཁག་ག་ལེར་སྐམ་འགྲོ་བའི་ཉེན་ཁ་ཡོད་པར་བརྗོད་ཀྱི་འདུག དེ་ནི་ང་ཚོ་ཐུན་མོང་གི་ཉེན་ཁ་གཅིག་རེད། ང་ཚོའི་དཔེ་ཆའི་ནང་དུ་བསྐལ་པ་མེ་འཇིག་དང་ཆུ་འཇིག་ཟེར་བ་ཞིག་བཤད་ཀྱི་ཡོད། ད་ལྟ་ཚ་དྲོད་ཆེན་པོར་འཕར་ཡོང་བ་འདི་ནི་ཕལ་ཆེར་བསྐལ་པ་མེ་འཇིག་གི་མཚན་མ་ལྟ་བུ་ཞིག་རེད། འཛམ་གླིང་ཚ་དྲོད་ཆེ་རུ་ཕྱིན་ནས་བསྐལ་པ་མེ་འཇིག་གི་སྐབས་སུ་སླེབས་ཚེ་གང་ཡང་བྱེད་ཐབས་མེད། ཅེས་སོགས་དང་།
ངོས་རང་བོད་ཨ་མདོ་ནས་སྐྱེས་ཤིང་། ལྷ་སར་ཡོང་། རིམ་བཞིན་རྒྱ་གར་ལ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། མཐའ་གཅིག་ཏུ་ལུང་པ་འདི་ཞེས་ངེས་བཟུང་མེད། འཛམ་གླིང་སྤྱི་ཡི་མི་ལྟ་བུ་ཆགས་ཡོད། ངོས་ཀྱིས་རྒྱུན་དུ་སྨོན་ལམ་རྒྱག་སྐབས། ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་འདི་རྒྱག་སྐབས་བསྐལ་པ་ནས་བསྐལ་པའི་རིང་གཞན་དོན་བྱེད་པའི་སེམས་ཤུགས་སྒྲིམ་ནས་བསྡད་ཡོད། ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད། ཉིན་བཞིན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་ཉམས་མྱོང་དགའ་རབ་སླེབས་ཡོད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། མཚམས་མཚམས་སུ་མིག་ཆུ་ཤོར་གྱི་འདུག སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་རྒྱུ་ཡིན་ཞེས་བསམ་བློ་གཏོང་སྐབས་མིག་ཆུ་ཤོར་གྱི་འདུག ཆོས་དད་ཡོད་མེད་གང་ལྟར་ཡང་སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ངོས་ཀྱིས་བརྗོད་བཞིན་ཡོད། ངོས་རང་བཙན་བྱོལ་བ་ཆགས་པ་དང་། ཕྱོགས་གཅིག་ནས་སེམས་སྐྱོ་པོ་ཞིག་རེད། ཕྱོགས་གཞན་ཞིག་ནས་མི་སྣ་ཚོགས་ལ་ཐུག་པས་གཞན་དོན་ལ་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་གོ་སྐབས་ཧ་ཅང་ཡག་པོ་འདུག ཅེས་སོགས་འགྲོ་བ་སེམས་ཅན་ཐམས་ཅད་དང་། ལྷག་པར་དུ་འཛམ་གླིང་འདིར་གནས་པའི་འགྲོ་བ་སེམས་ཅན་ལ་ཕན་བདེ་སྒྲུབ་བསམ་པའི་སེམས་བསྐྱེད་ཡོད་པའི་སྐོར་ལ་བཀའ་སློབ་སྩལ་བ་དང་།
གཞན་ཡང་། འགྲོ་བ་མི་ཚང་མར་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་འཛམ་གླིང་ཡུལ་ལུང་འདྲ་མིན་དུ་ཡོད་པའི་རྒྱ་རིགས་དང་སོག་པོ། ཡུ་གུར། ཐའེ་ཝན། ཀོ་རུ་ཡ་སོགས་ནས་ཕེབས་ཡོད་པ་འདྲ། རྒྱ་མིའི་ལབ་སྲོལ་ལྟར། ང་ཚོ་སྤུན་ཟླ་མི་རིགས་རེད། དེ་རིང་འདིར་ཐུག་ནས་ཧ་ཅང་དགའ་བོ་བྱུང་། ཨ་ཧྥུ་རི་ཀ་ལྟ་བུ་ནས་ཕེབས་པའི་མི་ནག་པོ་ལྟ་བུ་མཐོང་མ་ཐག་གཅིག་མཚུངས་ཡིན་པ་ལམ་སེང་ཚོར་མི་ཐུབ་པ་ཡོང་སྲིད་ཀྱང་། བསམ་བློ་ཡག་པོ་བཏང་བ་ཡིན་ན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་རེད། མིག་གསུམ་ཅན་དང་ཁ་ལ་མཆེ་བ་གཙིགས་ཡོད་པ་མཐོང་ན་ང་ཚོར་འདྲོག་མགོ་ལངས་སྲིད། དེ་མིན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་རེད་མ་གཏོགས་གཞན་གང་ཡང་མེད། ངོས་ཀྱིས་སྨོན་ལམ་བརྒྱབ་པ་དང་ཆབས་ཅིག་ལག་ལེན་ངོ་མའི་ཐོག་ནས་འཛམ་གླིང་སྟེང་གི་མི་ཚང་མར་ཕན་བདེ་སྒྲུབ་བསམ་ནས་བསྡད་ཡོད། ཅེས་དང་།
ངོས་རང་ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་རེད། ད་དུང་ལོ་བཅོ་ལྔ་ཉི་ཤུར་སྡོད་ཀྱི་རེད། གང་ལྟར་བོད་མི་དང་རྒྱ་རིགས། སོག་པོ། རྒྱ་གར་སོགས་སུ་ཡིན་ཡང་མི་གཅིག་མཚུངས་རེད། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་མཁན་ཚོ་བཟོ་ལྟ་ཅུང་ཙམ་མ་འདྲ་བ་དང་། ལོ་རྒྱུས་ཅུང་མ་འདྲ་བ་རེ་ཡོད་པ་རེད་མ་གཏོགས་གཞི་རྩའི་ཆ་ནས་མི་གཅིག་མཚུངས་ཆགས་ཡོད། དེར་བརྟེན། ཚང་མར་ངོས་ཀྱིས་ཕན་ཐོགས་བྱེད་བསམ་པ་དྲན་ཡོད། ཆོས་དང་རིག་གཞུང་གི་ཐོག་ནས་དབྱེ་བ་བྱེད་པ་དེ་གལ་ཆེན་པོར་མཐོང་གི་མི་འདུག ང་ཚོ་ཚང་མ་ཨ་མའི་ཁོག་ནས་སྐྱེས་ཤིང་། ཟླ་ཁ་ཤས་རིང་ཨ་མའི་འོ་མས་གསོས་ཏེ་འཚར་ལོངས་བྱུང་དུས་ཕྲུ་གུ་ནང་ཁུལ་རྩེད་མོ་བརྩེས་ནས་སྡོད་པ་མ་གཏོགས་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་འབྱེད་མེད། འཛམ་གླིང་འདིར་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མ་སྐྱེས་དུས་ཨ་མས་གསོས་པ་གཅིག་མཚུངས་རེད། འཛམ་གླིང་གི་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པ་ངོས་ཀྱི་བསམ་བློའི་ནང་དུ་ཡོད་ལ་མི་ལའང་དེ་ལྟར་བརྗོད་ཀྱི་ཡོད། དེར་བརྟེན། ང་ཚོ་དང་ཁྱོད་ཚོ་ཞེས་པའི་སྐད་ཆ་ཡོད་པ་མ་རེད། ཅེས་སོགས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་རྒྱུ་ནི་འཛམ་གླིང་ཞི་བདེ་དང་། རང་གཞན་ཚང་མར་ཕན་ཐོགས་ཡོད་པའི་སྐོར་སོགས་བཀའ་སློབ་སྩལ་བ་དང་། མཐར་དྲི་བ་ཁག་གཅིག་ལ་བཀའ་ལན་སྐབས་བོད་དུ་ཆིབས་བསྒྱུར་གནང་འདུན་ཡོད་པ་ནི་འཛམ་གླིང་གི་འགྱུར་འགྲོས་སྤྱི་དང་། ཡང་སྒོས་རྒྱ་ནག་ལ་ཡང་འགྱུར་བ་ཏན་ཏན་འགྲོ་སྲིད་པ་གང་ལ་བལྟས་ནའང་རེ་བ་དང་གོ་སྐབས་ཡོད་པའི་སྐོར་སོགས་བཀའ་སྩལ་ཡོད།