༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༧ བར་གྱི་སྲིད་འཛིན་སྐུ་ཞབས་ཏའོ་མུའེ་(Do Muoi)ལགས་ཀྱི་བུ་མོས་སྣེ་ཁྲིད་པའི་ཝེ་ཏི་ནམ་གྱི་ནང་པའི་རྗེས་འཇུག་པ་དང་། ཆོས་དད་མེད་མཁན་སོགས་མི་གྲངས་ཉིས་བརྒྱ་བཞི་བཅུ་ལྷག་ལ་རྡ་རམ་ས་ལའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་བཀའ་སློབ་དང་བྱང་སེམས་སྡོམ་པ་འབོག་པའི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས་ཝེ་ནམ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཏའོ་མུའེ་(Do Muoi)ལགས་ཀྱིས་སྤྱི་ཚོགས་ལ་སྨིན་པའི་ཕྱག་ལས་གང་གནང་གི་ལོ་རྒྱུས་སྙིང་བསྡུས་ཤིག་༸སྙན་སེང་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཝེ་ཏི་ནམ་གྱི་ཆོས་གྲོགས་ཁྱེད་རང་ཚོ་མི་སྣ་མང་པོ་ཞིག་ལ་ཐུག་པ་རེད། ཧ་ཅང་དགའ་པོ་བྱུང་། ངོས་རང་ཞོགས་པར་གཉིད་སད་པ་དང་སེམས་ཅན་ཐམས་ཅད་ཅེས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། ངོས་རང་འཛམ་གླིང་འདིའི་སྟེང་གི་མི་ཞིག་རེད། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། བྱ་རི་དྭགས་དང་གྲོག་སྦུར་ཚུན་ཆད་ལ་བདེ་བ་དང་ལྡན་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། བྱང་ཆུབ་ཀྱི་སེམས་ནི་སེམས་པ་བཟང་པོའི་ཐོག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་རྒྱག་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། ཅེས་པར་ཉིན་ལྟར་བསམ་བློ་གཏོང་གི་ཡོད།
དེ་རིང་འདིར་དངོས་སུ་ཝེ་ཏི་ནམ་གྱི་ཆོས་གྲོགས་ཚོ་དང་ཐུག་པ་རེད། ཧ་ཅང་དགའ་བོ་བྱུང་། ང་ཚོའི་བདེ་སྐྱིད་ཀྱི་རྩ་བ་ནི་དངུལ་མ་རེད། སྟོབས་ཤུགས་ཀྱི་སྐད་ཆའང་མིན་པར་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་བཟང་པོ་བྱུང་ན་སེམས་ལྷོད་ལྷོད་དང་གཉིད་ཀྱང་སྐྱིད་པོ་ཡོང་། ཕྲག་དོག་དང་འགྲན་སེམས་ཀྱི་བསམ་བློ་ཡིས་གཉིད་ལའང་བར་ཆད་བྱེད་པ་དང་། བསམ་པ་བཟང་པོར་བསྡད་ན་གཉིད་ལྷོད་ལྷོད་ཁུགས་ཀྱི་རེད། ངོས་རང་འཆར་ཅན་ཆུ་ཚོད་བརྒྱད་ནས་དགུའི་རིང་ལྷོད་ལྷོད་གཉིད་ཀྱི་ཡོད། གཉིད་སད་སྐབས་གྲོད་ཁོག་ལྟོགས་ཀྱི་འདུག གང་ལྟར་དངོས་གནས་སེམས་ཞི་བདེ་དང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་སེམས་སྐྱིད་པ་དང་ལུས་བདེ་བ། སོ་སོ་གང་དུ་ཡོད་སའི་མི་ཚང་མ་འཛུམ་ཤིག་ཤིག་གིས་སྡོད་པ་སྟེ་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན་ཚེ་གཅིག་གི་སྐད་ཆ་མིན་པར་ཚེ་རབས་ནས་ཚེ་རབས་དང་བསྐལ་བ་ནས་བསྐལ་བ་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས། སངས་རྒྱས་ནས་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་སངས་རྒྱས་ཀྱི་ས་ལ་མ་སླེབ་ཀྱི་བར་དུ་སོ་སོའི་གཞན་དོན་སྒྲུབ་པའི་སེམས་ལ་ནམ་ཡང་འགྱུར་བ་མེད་པར་སྡོད་པ་ཞིག་རེད།
བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་ཚོགས་ཀྱང་ཁོ་རང་གིས་རྫོགས། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་ཞེས་པ་དངོས་གནས་བདེན་པ་རེད། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཅེས་བསམ་བློ་གཏོང་དུས་བསམ་པ་དགེ་བ་གཅིག་གིས་ཚོགས་རྒྱ་ཆེན་པོ་རང་བཞིན་གྱིས་གསོག་པ་ཞིག་རེད། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་གསུངས་པ་བཞིན་ང་ཚོ་འཁོར་བ་ལ་འཁོར་བའི་རིང་གཞན་ལ་གནོད་པ་བྱེད་པ་དང་། འཚེ་བ་བྱེད་པ། དངོས་སུ་འཚེ་བ་མ་བྱས་ཀྱང་བརྣབ་སེམས་དང་གནོད་སེམས་ཡོད་ན་འཕྲལ་དུ་སེམས་ལ་ཞི་བདེ་ཡོང་གི་མ་རེད་ལ། ཕུགས་རྒྱང་རིང་པོའི་ཆ་ནས་ཚེ་རབས་ནས་ཚེ་རབས་སུ་ལས་ངན་པ་བསགས་ཡོང་དུས་སྐྱེ་བ་ནས་སྐྱེ་བར་སོ་སོར་གྱོང་རག་རྒྱུ་རེད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དུས་རང་བཞིན་གྱིས་བསོད་ནམས་འཕེལ་ཡོང་བ་དང་། ཚེ་རབས་ནས་ཚེ་རབས་སུ་སེམས་ཅན་མང་པོར་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད། དེར་བརྟེན། ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་གཙོ་བོར་བྱེད་བཞིན་ཡོད། ངོས་རང་གི་ཕ་ཡུལ་གྲོང་གསེབ་ཆུང་ཆུང་ཞིག་རེད། དེ་ནས་ཡར་ལྷ་སར་སླེབས་ནས་༸རྒྱལ་བ་རིན་པོ་ཆེའི་མཚན་ཡོད་པས་ཡོངས་འཛིན་རྣམ་པ་ལས་དཔེ་ཆར་ཏོག་ཙམ་བལྟས་པ་རེད། ཉིན་རེ་བཞིིན་དུ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེར་བསམ་བློར་བཏང་བའི་ལག་རྗེས་སུ་སེམས་ལྷོད་ལྷོད་དང་ཞི་བདེ་ཡོང་ཐུབ་པ་ཞིག་རེད། ངོས་རང་ལོ་ ༨༧ རེད། ངོས་ཀྱི་གདོང་པ་ལོ་ ༨༧ ལྟ་བུ་ཞིག་འདུག་གམ་གཞོན་གཞོན་ལྟ་བུ་ཞིག་འདུག ངོས་ཀྱི་སོ་གཅིག་ལའང་སྐྱོན་བྱུང་མེད། གང་ལྟར་ལོ་འདི་ཙམ་ལ་སླེབས་ནའང་གཟུགས་པོ་ཧ་ཅང་ཐང་པོ་ཡིན། སེམས་སྐྱིད་པོ་ཡིན། ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་ཐོགས་བྱེད་པ་དང་། ནང་པ་ཞིིག་ཡིན་པའི་ངོས་ནས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་རྒྱུན་དུ་སྨོན་ལམ་རྒྱག་གི་ཡོད། ད་ལྟའི་བར་དུ་ཕལ་ཆེར་ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་འབྲེལ་ནས་གང་ལ་གང་འཚམ་གཞན་ཕན་བྱེད་ཐུབ་ཀྱི་ཡོད། དེ་ལྟ་བུའི་གཞན་ཕན་གྱི་འབྲེལ་བ་བྱུང་བ་ནི་ཚེ་རབས་གཅིག་གི་སྐད་ཆ་མིན་པར་ལས་བཟང་པོའི་འབྲེལ་བ་ཆགས་ཡོད་པས་ཚེ་རབས་ནས་ཚེ་རབས་སུ་འབྲལ་མེད་བྱས་ཏེ་སྡོད་ཐུབ་ཀྱི་རེད།
ཁྱེད་རང་ཚོ་སྐྱེ་བ་རྗེས་མ་ཝེ་ཏི་ནམ་པ་ཆགས་ཀྱི་ཡོད་མེད་གང་ལྟར་ཡང་འཛམ་གླིང་འདིའི་སྟེང་གི་མི་ཆགས་ཀྱི་རེད། ངོས་རང་ཡང་བོད་པ་ཆགས་མིན་གང་ལྟར་ཡང་འཛམ་གླིང་འདིའི་སྟེང་ཁ་ཞེ་གཉིས་མེད་ཀྱིས་གཞན་ཕན་སྒྲུབ་མཁན་ཞིག་ཏུ་མུ་མཐུད་དུ་སྡོད་ཀྱི་རེད། ང་ཚོ་སྐྱེ་བ་བརྗེ་ནས་ལུང་པ་མི་འདྲ་བ་དང་སྐད་ཡིག་མི་འདྲ་བ་ཡོང་སྲིད་ཀྱང་སེམས་པ་བཟང་པོ་བྱེད་པ་དང་། སྟོང་ཉིད་ཀྱི་ལྟ་བར་དོ་སྣང་དང་བསམ་བློ་གཏོང་བ་མུ་མཐུད་ནས་ཡོང་གི་རེད། སྐབས་སུ་བབ་པ་ཝེ་ཏི་ནམ་གྱི་གྲོགས་པོ་ཚོའི་མཉམ་དུ་ངོས་རང་ངོ་ཤེས་པ་དང་ཆོས་འབྲེལ་བཞག་པ་ཡིན་པས་ཚེ་རབས་ནས་ཚེ་རབས་སུ་ལུང་པ་འདྲ་མིན་དུ་སྐྱེས་ཀྱང་སེམས་ཐག་ཉེ་བོའི་ཐོག་འབྲལ་མེད་ཀྱིས་སྡོད་པ་ཆོས་ཉིད་རེད། དེ་ལྟ་བུ་ཞིག་གི་ཐོག་ནས་སངས་རྒྱས་པའི་ཆོས་ལ་བསམ་བློ་གཏོང་རྒྱུ་བྱུང་ན་ཚེ་རབས་ནས་ཚེ་རབས་སུ་བཟང་པོའི་ལས་ཀྱི་ནུས་པ་ཆེ་རུ་ཕྱིན་ནས་དེའི་བག་ཆགས་སེམས་ཀྱི་སྟེང་ན་ཡོད་པ་དེ་གསལ་རུ་འགྲོ་བ་དང་། དེ་རིང་འདིར་ང་ཚོ་ངོ་ཤེས་ཆགས་པས་འབྲེལ་བ་འདི་མུ་མཐུད་ནས་ཡོང་གི་རེད། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་སྨོན་ལམ་སྐྱོན་པ་ལྟར་ཏན་ཏན་ཡོང་གི་རེད།
ངོས་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་པ་དེ་ག་ཚོད་ཀྱིས་ཟབ་ཏུ་ཕྱིན་པའི་ཚོད་ཀྱིས་ཁྱོད་ཚོར་ཕན་ཐོགས་བྱེད་པ་ཤུགས་ཆེ་བ་ཡོང་གི་རེད། བླ་མས་སློབ་མ་རྣམས་ལག་པ་ནས་འཇུས་ཏེ་ཡར་ཁྲིད་དུས་ཁྱེད་རང་ཚོས་ཀྱང་ཚེ་རབས་ནས་ཚེ་རབས་སུ་བླ་མ་དང་མ་བྲལ་བའི་ཐོག་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་རིམ་པས་གོམས་འདྲིས་དང་མྱོང་བ་སླེབས་པར་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་རིམ་བཞིན་ཡོང་བ་དང་། ཤེས་རབ་སྙིང་པོའི་ནང་དུ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཅེས་གསུངས་པ་ལྟར། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བར་དུ་འགྲོ་ཐུབ་པ་ཞིག་དགོས། ངོས་རང་ཁྱོད་ཚོའི་བླ་མ་ཆགས་ཡོད་པ་རེད། ངོས་ཀྱིས་ཁྱོད་ཚོའི་ལག་པ་ནས་འཇུས་ཏེ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ལ་ཁྲིད་ཐུབ་པ་ཞིག་ལ་བློ་བདེ་བོར་བཞུགས།
སངས་རྒྱས་པའི་ཆོས་ནི་སྨོན་ལམ་བརྒྱབ་སྡོད་པ་གཅིག་པུ་མ་རེད། སངས་རྒྱས་པའི་ཆོས་ནི་སོ་སོས་བསམ་བློ་བཏང་སྟེ་སེམས་ལ་འགྱུར་བ་གཏོང་ཐུབ་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ནི་སེམས་ལ་འགྱུར་བ་བཏང་བའི་སྐད་ཆ་རེད། སངས་རྒྱས་བཅོམ་ལྡན་འདས་མཁྱེན། འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་དེ་ཙམ་གྱི་ཐོག་ནས་སེམས་ལ་འགྱུར་བ་འགྲོ་རྒྱུ་མེད། གང་ལྟར་སངས་རྒྱས་ཀྱིས་ལམ་བསྟན་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ལམ་སྟོན་ཡོད་པ་ལྟར་སོ་སོས་ཐོག་མར་སློབ་སྦྱོང་བྱས། དེ་ནས་ཉིན་རེ་བཞིིན་དུ་བསམ་བློ་བཏང་ནས་རིམ་བཞིན་བློ་ཇེ་བཟང་ཇེ་བཟང་དང་། ཆོས་རྣམས་ཀྱི་ཡིན་ལུགས་སྟོང་པ་ཉིད་ཀྱི་དོན་ལ་ངེས་པ་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་བ་ཞིག་ཆགས་ཡོང་དུས་ཚེ་རབས་ཁ་ཤས་ནས་ཁྱོད་རང་ཚོ་ཡང་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ཐོབ་ཐུབ་པའི་དམིགས་ཡུལ་འཇོག་དགོས།
ངོས་ཀྱིས་འདི་ལྟར་ལབ་ན་འདྲ་ཆགས་པོ་མེད་ཀྱང་། ངོས་ཀྱིས་མགོ་ཁྲིད་དེ་ཁྱོད་ཚོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་མུ་མཐུད་ནས་སྒོམ་ན་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་སོགས་ང་ཚོར་ཐོབ་ཐུབ་པ་ཞིག་རེད། ངོས་རང་མཐུན་རྐྱེན་ཅུང་བཟང་པོ་བྱས་ཏེ་ཉིན་རེ་བཞིན་སྒོམ་རྒྱག་གི་ཡོད་པར་བརྟེན། ངོས་རང་སྔོན་འགྲོ་ལྟར་དང་ཁྱོད་ཚོ་ཏཱ་ལའི་བླ་མའི་རྗེས་སུ་བློ་གཅིག་སེམས་གཅིག་གིས་ཡོང་རྒྱུ་དེ་ལྟར་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཝེ་ཏི་ནམ་གྱི་ནང་པའི་རྗེས་འཇུག་པ་དང་ཆོས་དད་མེད་མཁན་སོགས་མི་བཅུ་གྲངས་ཤིག་གིས་དྲི་བ་ཞུས་པར་བཀའ་ལན་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།