༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༨ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་གྲུ་འཛིན་ཕོ་བྲང་གི་གསུང་ཆོས་རྭ་བར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། ཟངས་དཀར་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཞོགས་པ་ ༧།༣༠ ཙམ་ལ་ཕོ་བྲང་གསར་པ་རུ་བླ་སྤྲུལ་དང་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་རྗེས་ཕོ་བྲང་རྙིང་པའི་གསུང་ཆོས་རྭ་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་སྔོན་ལ་སེམས་བསྐྱེད་མཆོད་པ་དང་། དེའི་རྗེས་སུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཅིག་བྱེད་འདོད་བྱུང་། སེམས་བསྐྱེད་ལ་བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་བྱས་ཟེར་བ་ཞིག་ཡོད་པ་རེད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཞིག་རེད། ཧམ་པ་ཅུང་བཤད་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྒྱལ་བ་སྲས་དང་བཅས་པའི་བློས་འཁེལ་སའི་དགེ་སློང་ཞིག་ཡིན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་གསུངས་པ་ལྟར་སྟོན་པ་བཀའ་དྲིན་ཅན་གྱི་གསུང་ལ་སློབ་སྦྱོང་བྱས་ཏེ། དེ་ཡང་དབང་རྟུལ་དད་པའི་རྗེས་འབྲང་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་བརྟག་དཔྱད་ཀྱིས། དེང་དུས་ཀྱི་འཛམ་གླིང་ཤེས་ཡོན་དང་སྦྲེལ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཆགས་ཡོད། ཆུང་ཆུང་སྐབས་ལྷ་སའི་གཙུག་ལག་ཁང་གི་རྟེན་གྱི་མཆོག་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་བདག་གི་རྩ་བའི་བླ་མ་གལ་ཆེ་ཤོས་གླིང་སྤྲུལ་རྡོ་རྗེ་འཆང་གི་སྐུ་མདུན་ནས་བསྙེན་རྫོགས་བསྒྲུབས་ཏེ་དུས་ད་ལྟའི་བར་རྨི་ལམ་ཚུན་ཆད་དུ་དགེ་སློང་ཞིག་ཡིན་བསམ་པའི་འདུ་ཤེས་ཤུགས་ཆེན་པོ་ཡོད།
ལོ་ཆུང་ཆུང་སྐབས་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་ཞིང་། རིམ་བཞིན་བསྡུས་གྲྭ་དང་བློ་རིག་རྟགས་རིགས་སོགས་ལ་སྦྱངས་ནས་རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། དེང་སང་ཡིན་ནའང་གཞུང་ཆེན་གྱི་དཔེ་ཆའི་རིགས་དུས་ཚོད་ཡོད་དུས་ཀློག་བཞིན་ཡོད། ལྷག་པར་དུ་དབུ་མ་འཇུག་པ་ཆུང་དུས་བློ་ལ་བཟུང་ཡོད་ལ། འཇུག་པ་རང་འགྲེལ་ཀློག་བཞིན་ཡོད། ཧ་ཅང་ནུས་པ་ཆེན་པོ་འདུག འཇུག་པ་རང་འགྲེལ་གྱི་བཤད་ལུང་ཡང་ཐོབ་ཡོད། གཙོ་ཆེ་ཤོས་ནི་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། ཡར་ལངས་མ་ཐག་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་རྟེན་འབྲེལ་བསྟོད་པ་འདོན་གྱི་ཡོད། རྟེན་འབྲེལ་བསྟོད་པ་འདོན་ཡོང་སྐབས་བརྟེན་ནས་བཏགས་པ་དང་བརྟེན་ནས་འབྱུང་བ་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ཐག་གིས་བཅད། དེ་ལྟ་བུའི་སྟོང་ཉིད་སྒོམ་པའི་དགོས་པ་ནི་རང་ཉིད་ཐར་པ་ཐོབ་པའི་ཆེད་དུ་མ་ཡིན་པར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་འདེབས་བཞིན་ཡོད།
ངོས་རང་ས་གནས་གང་དུ་ཕྱིན་ནའང་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་ཚབ་ལྟ་བུ་ཆགས་ཡོད། འཇོན་དྲགས་པ་མིན་ཡང་ལོ་རྒྱུས་ཀྱི་ཐོག་ནས་དེ་ལྟ་བུ་ཞིག་ཆགས་བཞིན་ཡོད། དེར་བརྟེན། ངོས་རང་གི་ངོས་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཉམས་ལེན་ཧུར་ཐག་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཚུལ་ཐུན་མོང་མ་ཡིན་པ་ཞིིག་ཡོད་པ་ལ་དད་པ་ཙམ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་དཔྱད་པ་ཡང་ཡང་བྱས། ཕྱོགས་གཅིག་ནས་ཆོས་རྣམས་ཀྱི་ཡིན་ལུགས་ལ་དཔྱད་པ་བྱས་ཏེ་རང་ངོས་ནས་གྲུབ་མེད་པ་ལ་བསམ་བློ་བཏང་ནས་དཔྱད་ཡོང་སྐབས་དེ་གསལ་པོ་འདུག རྟེན་འབྱུང་ཞེས་པ། རྟེན་ཞེས་ཆོས་ཉིད་མི་འདོར་ལ།། འབྱུང་ཞེས་འཇིག་རྟེན་ཚུལ་ཡང་མཐུན།། རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན།། རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ།། ཞེས་གསུངས་པ་ལྟར་རེད། རྟེན་འབྱུང་ཞེས་པའི་ཚིག་གཉིས་པོ་འདིས་རང་བཞིན་གྱིས་སྟོང་པ་དང་། དེ་ལྟར་ནའང་ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཐད་པ། སྣང་སྟོང་གཉིས་ལ་བསམ་བློ་གཏོང་གི་ཡོད་པ་རེད། དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་གི་ཡོད། གང་ལ་གང་འཚམ་གྱིས་སྒྱུ་མ་ལྟ་བུ་ཟེར་བའི་སྣང་བ་ཤར་བ་དེ་ཡོང་གི་འདུག
དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་ངོས་ཀྱིས་སྤྱོད་འཇུག་ཡང་ཡང་ཀློག་བཞིན་ཡོད། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར།། ཞེས་གསུངས་པ་ལྟར་རང་དོན་སྒྲུབ་པའང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་གི་རེད། གཞན་དོན་སྒྲུབ་པའང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་གི་རེད། འཕྲལ་དུ་བདེ་བའང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་བ་ཡིན། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཚོགས་བདེ་བླག་ཏུ་རྫོགས་པ་དང་། སྒྲིབ་པ་སྦྱང་བ་སོགས་ཀྱིས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཐུབ་ས་རེད་བསམ་པ་ཞིག་སེམས་ལ་གདེང་ཚོད་དགའ་རབ་ཡོང་བ་ཞིག་འདུག དེ་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉིན་རེ་བཞིན་དུ་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱེད་བཞིན་ཡོད། ལོ་མང་པོ་ཕྱིན་པ་རེད། བསམ་བློ་བཏང་བའི་ལག་རྗེས་སུ་སེམས་ནང་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཚོར་བ་དེ་ཤུགས་ཆེན་པོ་ཡོང་གི་འདུག དེ་ནི་ངོས་རང་རྩ་ཆེན་པོ་རེད་ཟེར་གྱི་མེད། ང་ཚོ་ཚང་མར་མིའི་ལུས་རྟེན་ཐོབ་ཡོད་པ་དང་། མིའི་ཀླད་པ་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་རེད། བསམ་བློ་ཡང་ཡང་བཏང་ན་གང་ལྟར་སེམས་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་ངོས་རང་ལ་ཉམས་མྱོང་ཐོབ་ཡོད།
ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་རྣམས་ཀྱི་དམིགས་ཡུལ་ནི་བློ་སྦྱངས་ནས་བཅོམ་ལྡན་འདས་ཁོང་ནང་བཞིན་བྱེད་ཀྱི་ཡིན་བསམ་པ་ཞིག་དང་། དེ་ཡང་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མཐའ་དག་གི་དོན་དུ་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་བསམ་པ་ཞིག་གི་བློ་སྦྱང་དགོས་པ་ཡིན། བློ་དེ་སྦྱང་ཡོང་དུས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་པའི་ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་འདུག ཉིན་རེ་བཞིན་དུ་འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད་པ་དང་། བསམ་བློ་འདི་ལྟར་གཏོང་དུས་སེམས་ལ་ཧ་ཅང་སྤྲོ་བ་སླེབ་པ་ཞིག་ཡོང་གི་འདུག དེ་བཞིན་སྟོང་ཉིད་ཀྱི་ལྟ་བ་ལའང་གོང་དུ་ཞུས་པ་ལྟར། རྟེན་ཞེས་ཆོས་ཉིད་མི་འདོར་ལ།། འབྱུང་ཞེས་འཇིག་རྟེན་ཚུལ་ཡང་མཐུན།། རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན།། རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ།། ཞེས་གསུངས་པ་འདི་དག་ལ་བསམ་བློ་གཏོང་གི་ཡོད། ངོས་རང་དགེ་སློང་འདུལ་བ་འཛིན་པ་དང་། ཆུང་ཆུང་སྐབས་ནས་སངས་རྒྱས་ཀྱི་བཀའ་ལ་སློབ་སྦྱོང་བྱས་ཏེ་སེམས་ལ་གོ་རྟོགས་ངེས་པ་ཅན་ཡོད་པ་ཞིག་ཡིན། ངོས་ཀྱི་ལས་འགན་ནི་གོ་རྟོགས་དང་ཉམས་མྱོང་ཡོད་པ་དེ་མི་མང་རྣམས་ལ་འགྲེལ་བཤད་བརྒྱབ་ནས་༸རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་དང་དད་པ་བྱེད་མཁན་ཁྱེད་རང་ཚོས་༸རྒྱལ་བ་རིན་པོ་ཆེ་སྐྱབས་སུ་མཆི་ཟེར་བ་གཅིག་པུ་མིན་པར། ༸རྒྱལ་བ་རིན་པོ་ཆེས་སློབ་སྦྱོང་ཇི་ལྟར་བྱས་པ་དང་། སྒོམ་བརྒྱབ་ནས་སེམས་ལ་འགྱུར་བ་ཇི་ལྟར་འགྲོ་བཞིན་པ་ངོས་ཀྱིས་འགྲེལ་བཤད་བརྒྱབ་པ་སེམས་ལ་བཞག་ནས་ལག་ལེན་དུ་བསྐྱལ་དགོས་པ་ཡིན། དེ་ནས་བླ་མ་དང་སློབ་མའི་མཚན་ཉིད་ཚང་བ་རེད། ངོས་ཀྱིས་འགྲེལ་བཤད་བརྒྱབ་ནའང་༸རྒྱལ་བ་རིན་པོ་ཆེས་མང་པོ་ཞིག་གསུངས་སོང་། ངས་ནི་གང་ཡང་མི་ཤེས་སྐྱབས་སུ་མཆི་ཟེར་བ་ལྟ་བུ་ནི་དབང་པོ་རྟུལ་པོའི་འགྲོ་སྟངས་ཡིན། ངེས་པར་བསམ་བློ་གཏོང་དགོས།
སངས་རྒྱས་པའི་ཆོས་ལ་རིགས་རུས་ཀྱི་དབྱེ་བ་མེད་ལ། སོ་སོའི་ལུས་རྟེན་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་གང་ཡང་མེད། གང་ལྟར་མིའི་ཀླད་པ་འདིར་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་ཕྱིན་ཆད་ཚང་མར་སངས་རྒྱས་པའི་ཆོས་ལ་བསམ་བློ་གཏོང་བའི་ནུས་པ་ཡོད་པ་རེད། མོས་པ་ཡོད་དང་མེད་ནི་སོ་སོའི་བསམ་བློ་གཏོང་ཕྱོགས་རེད། གང་ལྟར་ད་རེས་མི་ལུས་ཐོབ་ནས་མིའི་ཀླད་པ་འདི་ལྟ་བུ་ཞིག་ཡོད་པའི་སྐབས་སུ་ཀླད་པ་འདི་ཚེ་འདིའི་འཕྲུལ་ཆས་དང་ཚན་རིག་ཡར་རྒྱས་གཅིག་པུར་བསམ་བློ་བཏང་ན་སྒོ་ལྔའི་ཤེས་པ་གཙོ་བོར་བེད་སྤྱོད་བྱས་པ་ལྟ་བུ་རེད། དབང་པོའི་ཤེས་པ་ལ་འགན་ཆེན་པོ་མ་སྤྲད་པར་གཙོ་བོ་ཡིད་བློའི་ཐོག་ནས་བསམ་བློ་ཡུན་རིང་པོ་གཏོང་དགོས། ང་ཚོར་སྐྱོན་ཡོང་བ་རྣམས་ཡིད་བློའི་ཐོག་ནས་ཡོང་གི་ཡོད། སྐྱོན་སེལ་བའི་གཉེན་པོ་ནུས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནང་བཞིན་ཞིག་ང་ཚོའི་ཡིད་བློ་འདིའི་ཐོག་ནས་སྒྲུབ་པའི་ནུས་པ་ཡོད་པ་ཡིན། དེ་ལ་བསམ་བློ་གཏོང་དགོས། ཞེས་སོགས་བཀའ་སློབ་སྩལ་རྗེས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ཀྱི་སྒོ་ནས་བྱང་སྡོམ་དང་། དེ་ནས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་དང་། མཐར་ཟངས་དཀར་དགོན་ཚོགས་དང་ནང་པའི་ཚོགས་པ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་ཟངས་དཀར་གྱི་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་གྲུབ་ཡོད།