༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པ་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་འདེབས་པ་ལྟར་ལ་དྭགས་གླེ་ལྕོག་ལམ་ས་ཞི་བའི་ཚལ་གསུང་ཆོས་ར་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ལེགས་པར་སྩལ་གྲུབ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲིག་རྩེ་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། རྟོགས་ལྡན་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་དང་བཅས་དུས་འཁོར་ལྷ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དེ་རིང་ཚེས་གཅིག་ལྷ་མོའི་ཚེས་གཏོར་འཁེལ་འདུག ངོས་ཀྱིས་ད་ནངས་ལྷ་མོའི་འཕྲིན་བཅོལ་རྒྱས་པ་ཞིག་བཏང་བ་ཡིན། ཁྱོད་ཚོ་མང་ཆེ་བའི་དཔག་དཀའ་མ་བློ་ལ་འགྲོ་གི་ཡོད་དམ། ཞེས་བཀའ་ཕེབས་པ་དང་འབྲེལ་ལྷ་མོའི་བསྟོད་པ་དཔག་དཀའ་མ་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།
སྤྱི་བཤད་ཁ་སང་བཤད་ཟིན་པ་ཡིན། དེ་རིང་དམིགས་བསལ་བཤད་མི་དགོས་པ་བྱེད། སྤྱོད་འཇུག་དལ་བོར་བཀླག་རྒྱུ་ཡིན། དུས་ལན་གཅིག་རྙེད་པའི་དལ་འབྱོར་འདི།། ཞེས་པ་ལྟར། ང་ཚོར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་བཟང་པོ་ཞིག་ཡོད་པ་འདི་འཆི་བར་ངེས་པ་དང་། ནམ་འཆི་ངེས་མེད་ཡིན་པས་ཉིན་རེ་བཞིན་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ནས་སྙིང་པོ་ལོན་ཐུབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་གངས་ཅན་གྱི་ཞིང་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱོད་ཚོ་ཚང་མས་མ་ཎི་བགྲང་རྒྱུ་དང་སྒྲོལ་མའི་གཟུངས་སྔགས་ཆུང་ཆུང་སྐབས་ནས་བགྲང་བཞིན་ཡོད་པ་རེད། ང་ཚོར་ཚེ་རབས་ནས་ཚེ་རབས་སུ་ལས་བཟང་པོའི་བག་ཆགས་ཡོད་པ་ཞིག་དང་། ཚེ་འདིར་སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་པོར་སྐྱབས་སུ་འགྲོ་བའི་ཐོག་ནས་ཆོས་དཀོན་མཆོག་ནི་རང་གི་རྒྱུད་ལ་སྐྱེས་པའི་སྒོ་ནས་འགྲོ་དགོས་པ་ཞིག་རེད། དེར་བརྟེན། ཤེས་རབ་སྙིང་པོ་རུ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་གསུངས་པ་ལྟར། ལམ་རིམ་གྱིས་སྒོམ་ནས་མི་ལུས་བཟང་པོ་འདིའི་ཐོག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་རྒྱུ་དམིགས་ཡུལ་དུ་བཟུང་ནས་འགྲོ་དགོས་ཀྱི་ཡོད། དེ་ཡིས་དད་པ་དོན་དང་ལྡན་པ་ཡོད་པའི་ཐོག་སེམས་སྐྱིད་པ་དང་། ལུས་བདེ་བ། ཀུན་དང་མཐུན་པ་ཡོང་ཐུབ།
དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་དོན་དང་ལྡན་པ་ཞིག་བྱེད་རྒྱུ་དང་། སྙིང་པོར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་སྟེ། ད་ལྟ་སེམས་སྐྱིད་ཅིང་ཀུན་དང་མཐུན་པ་ཞིག་དང་། དེ་ནས་ས་ལམ་རིམ་གྱིས་བགྲོད་དེ་མཐར་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དམིགས་ཡུལ་བཟུང་སྟེ། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར་དགོས། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བ་ལའང་བྱང་ཆུབ་ཀྱི་སེམས། ཕུགས་ལ་བདེ་བར་ཡང་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད། བོད་གངས་ཅན་ལྗོངས་སུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དར་ནས་བྱང་ཆུབ་སེམས་ཞེས་པ་ནི་ཚང་མར་རྣ་ཐོས་ཡོད་པ་ཞིག་དང་། སྨོན་ལམ་བརྒྱབ་སྡོད་པ་ཞིག་ཡིན། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྟོན་པའི་གཞུང་ངམ་བསྟན་བཅོས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་རེད། ལོ་རྒྱུས་ཁ་སང་ཞུས་པ་ལྟར་རེད། དེ་རིང་སྤྱོད་འཇུག་ཀློག་གི་ཡིན།
བོད་གངས་ཅན་ལྗོངས་ཀྱི་བོད་མི་ཚང་མས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་དོ་སྣང་གིས་སྨོན་ལམ་རྒྱག་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོས་ཀྱང་དེ་དེ་བཞིན་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཚིག་ཙམ་ལས་མ་བྱུང་ཀྱང་རྒྱུས་ཡོད་ཅིག་དང་སེམས་ཐག་ཉེ་བོ་བྱེད་བཞིན་ཡོད། ང་ཚོ་ཧ་ཅང་བསྐལ་བ་བཟང་པོ་རེད། དེ་རིང་སྤྱོད་འཇུག་གི་བཤད་ལུང་བྱེད་རྒྱུ་དང་། ཁྱོད་ཚོས་སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྟེང་ནས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དགོས་པ་རེད། ངོས་རང་ལ་མཚོན་ནའང་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེ་ནི་ང་ཚོར་དད་པ་ཐོབ་པ་དོན་དང་ལྡན་པར་བྱེད་པའི་ཐབས་ཤེས་ཡག་ཤོས་རེད། ཅེས་བཀའ་སློབ་སྩལ་རྗེས་སྤྱོད་འཇུག་ལེའུ་དང་པོའི་འཕྲོ་ནས་ལེའུ་བཅུ་པ་ཆ་ཚང་བ་འགྱུར་བྱང་དང་བཅས་པའི་བཤད་ལུང་ལེགས་པར་སྩལ་གྲུབ་པ་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱོད་འཇུག་གི་བཤད་ལུང་གི་རྒྱུན་ངོས་ལ་ཐོབ་ཡོད་པ་དང་སྤྱོད་འཇུག་ལ་ཡང་ཡང་བལྟས་ནས་སྒོམ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་སྤྱོད་འཇུག་ལ་གཟིགས་ནས་ག་ཚོད་ཐུབ་ཐུབ་ཀྱིས་སེམས་ལ་སྦྱོང་བརྡར་སླེབས་པ་ཞིག་ལ་དགོངས་པ་བཞེས་ཤོག ཅེས་བཀའ་སློབ་སྩལ་ཡོད། སང་ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་གི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་ལ་ཉིན་རེ་བཞིན་ལ་དྭགས་ཡུལ་མིས་གཙོས་ཆོས་ཞུ་བ་སྟོང་ཕྲག་ལྔ་བཅུ་བརྒལ་བ་ཕེབས་ཡོད་པ་བཅས།