༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༠ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་སྟོད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༠ ཡོལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་ཕོ་བྲང་གཟིམ་སྒོའི་འགྲམ་ནས་གྲྭ་ཚང་གཉིས་ཀྱི་མཁན་བླ་རྣམས་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་གནང་སྟེ་༸གོང་མཆོག་བཞུགས་ཁྲིར་འཁོད་མཚམས་རྒྱུད་གྲྭ་གཉིས་ཀྱི་མཁན་པོ་གཉིས་ནས་སྟན་དཀར་རྡོ་རྗེ་བཞུགས་ཁྲིར་སྒྲོན་པ་དང་། བྱང་འདྲེན་གྱིས་གདན་འབུལ་བའི་ཚིགས་བཅད་གསུངས་པ་སོགས་བརྟན་བཞུགས་ཀྱི་ཆོ་ག་དབུ་འཛུགས་མཛད་པ་དང་། གསོལ་ཇའི་བར་གསེང་ནས་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཉིན་གཉིས་དང་བརྟན་བཞུགས་བཅས་ཀྱི་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་མཎྜལ་འདེགས་འབུལ་དང་འབུལ་མཚོན་སྤྱན་བསྟར། བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་བ་སོགས་རིམ་པར་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་བརྟན་བཞུགས་གནང་བ་རེད། རྒྱུད་གྲྭ་སྨད་སྟོད་གཉིས་བསམ་གྱིས་མི་ཁྱབ་པ་རེད། ནོར་བུ་གླིང་གར་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་དགེ་འདུན་པ་ཕལ་ཆེར་བཅུ་བཅོ་ལྔ་རེས་མོས་ཀྱིས་ཡོང་གི་ཡོད་པས་དགོང་མོ་རྒྱུད་གཞུང་འདོན་པ་ངོས་ཀྱིས་འཆར་ཅན་གོ་བཞིན་ཡོད། དེར་བརྟེན། རྒྱུད་གྲྭ་སྨད་སྟོད་གཉིས་ལ་སེམས་ཐག་ཉེ་བོ་ཆགས་ཡོད། དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བ་རེད། གང་ལྟར་སྲུང་མ་ཚོ་ཡང་ཏན་ཏན་མཉམ་དུ་འཚོགས་ཡོད་པ་རེད། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག། ཅེས་སོགས་གསུངས་པ་ལྟར། གང་ལྟར་ཆོས་སྐྱོང་སྲུང་མ་ཚོས་ཀྱང་ལུས་དང་དྲི་མ་བཞིན་འགྲོགས་པའི་ཐོག་ནས་འཕྲིན་ལས་སྒྲུབ་པ་ངོས་ཀྱི་རྨི་ལམ་ལ་ཐེངས་མང་པོར་བཏང་མྱོང་། དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་བརྟན་བཞུགས་ཕུལ་བའི་སྐབས་སུ་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ཏན་ཏན་འདིར་འདུས་བསྡད་ཡོད་པ་རེད། མཐོང་ཆོས་ཀྱི་རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་བླ་དགེ་འདུན་དམངས་དང་བཅས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཐོང་ཆོས་སུ་མེད་པའི་དཔལ་ལྡན་ལྷ་མོ་དང་མགོན་པོ་ཕྱག་དྲུག་པ། དེ་ཡིས་མཚོན་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ངོས་རང་ཆུང་དུས་ནས་འདྲིས་པ་རྣམས་དེ་རིང་འདིར་འཚོགས་ནས་སེམས་ཁུར་ལྟ་བུ་བླངས་ནས་བསྡད་ཡོད་པ་རེད། དེར་བརྟེན། འདིར་བརྟན་བཞུགས་ཕུལ་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་མ་འོངས་པར་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་བསྡད་ཀྱི་རེད། ཁྱེད་རང་ཚོ་མང་པོ་ཞིག་མགོ་ལ་སྐྲ་དཀར་དང་མགོ་དམར་པོ་རེད་འདུག ངོས་རང་འདིར་ལོ་བརྒྱད་ཅུ་གྱ་བདུན་གྱ་བརྒྱད་ལ་སླེབས་ཡོད་ཀྱང་། མགོ་དམར་པོ་ཕལ་ཆེར་ཆགས་མེད། སྐྲ་དཀར་མང་པོ་ཡོད་པ་མ་རེད། དེར་བརྟེན། ངོས་རང་མུ་མཐུད་ནས་བོད་ཀྱི་བསྟན་སྲིད་ཀྱི་དོན་དང་། འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་ཕན་ཐོགས་ཡོང་གི་ཡོད་པས་ངོས་རང་སེམས་ཐག་བཅད་ནས་ཡོད། ཁྱོད་རང་ཚོ་ཚང་མ་བློ་བདེ་བོ་བྱོས།
རྒྱུད་པ་གྲྭ་ཚང་གཉིས་ཀྱི་འདོན་པ་ག་རེ་ཡིན་པ་དང་། གཙོ་བོ་རྒྱུད་གཞུང་འཆད་ཉན་བྱ་རྒྱུ་འཆར་ཅན་ལྟ་བུར་མ་བརྩིས་པར་དངོས་གནས་འགྲེལ་བ་བཞི་སྦྲགས་ཀྱི་དོན་དག་ལ་བསམ་བློ་ཡག་པོ་བཏང་ནས་ཤེས་ཐུབ་པ་ཞིག་དགོས། ངོས་རང་རྒྱ་གར་ལ་སླེབས་ནས་སྔགས་པ་གྲྭ་ཚང་ཚོས་གཞུང་ཆེན་ལ་བལྟ་དགོས་པ་རེད་ཅེས་བཤད་པ་ཡིན། རྣམ་རྒྱལ་གྲྭ་ཚང་ལ་ཆ་མཚོན་ནའང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བལྟ་བའི་མགོ་བཙུགས་པ་རེད། དེ་བཞིན་རྒྱུད་གྲྭ་སྨད་སྟོད་ལའང་རྒྱུད་གཞུང་འདོན་རྒྱུ་ཡོད་པ་གཅིག་པུ་མ་ཡིན་པར་གཞུང་ཆེན་མོའི་གྲས་ལ་ག་ཚོད་ཐུབ་ཐུབ་ཀྱིས་སློབ་སྦྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་གནང་ཤོག ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་བྲོ་སྐུ་ཁམས་བཟང་། ཨ་མ་བག་བྲོ་ཟེར་བ་དཔལ་ལྡན་ལྷ་མོ་ཡིན། ཐུགས་རྗེ་ཆེ། ཅེས་བཀའ་སློབ་སྩལ་བ་དང་།
གཞན་ཡང་། མགོན་པོ་གང་ཉིད་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཞུ་འཕྲིན་འབྱོར་བ་ལ་གསུང་འཕྲིན་སྩལ་དོན། དེ་རིང་གོ་སྐབས་འདི་བཟུང་ནས་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་ལ་ཡུལ་ལུང་ཧ་ཅང་མང་པོ་ནས་ངོ་ཤེས་པ་དང་། མི་ཤེས་པ་མང་པོས་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཡི་གེ་མང་པོ་འབྱོར་སོང་། དེ་གཏོང་མཁན་ཁྱོད་ཚོ་ཚང་མ་ལྷག་བསམ་གཅིག་ཏུ་དཀར་བ་རེད། གལ་ཆེ་ཤོས་ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ལ་ངོས་ལེན་ཡོད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ད་ལྟ་གོ་སྐབས་འདི་བཟུང་ནས་བཀྲ་ཤིས་བདེ་ལེགས་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱོད་རང་ཚོས་རེ་བ་དང་སྨོན་ལམ་བརྒྱབ་པ་ལྟར་ངོས་ཀྱིས་ཀྱང་མུ་མཐུད་ནས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་གང་འཚམ་བྱེད་ཐུབ་པ་དང་། བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་འདི་རིག་པ་དང་ལྡན་པ་ཞིག་ཡིན་པ་ངོས་ཀྱིས་ངོ་སྤྲོད་བྱེད་བཞིན་ཡོད། དེ་ལ་ནང་པ་བྱེད་དགོས་པ་རེད་ཟེར་གྱི་མེད། ཆོས་བྱེད་དགོས་པ་རེད་ཅེས་བཤད་ཀྱི་མེད། སེམས་པ་བཟང་པོ་བྱོས། ཆོས་ནས་བཤད་པའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། སྐྱེ་བ་སྔ་ཕྱི་ཁས་བླངས་ཀྱང་མ་བླངས་ཀྱང་མི་ཚེ་འདི་ལ་སེམས་པ་བཟང་པོ་བྱོས། ཆུང་ཆུང་སྐབས་སུ་ཨ་མའི་བྱམས་བརྩེས་བསྐྱངས་པ་དང་། ཨ་མས་རླུང་བསྟན་ནས་འགྲོ་གི་མེད་པར་བྱམས་བརྩེ་སྟོན་གྱི་ཡོད་པས་ང་ཚོའི་མི་ཚེའི་མགོ་དེ་ལྟར་བཙུགས་པ་རེད། མི་ཚེའི་འཕྲོ་བྱམས་བརྩེ་ལྡན་པ་ཞིག་གིས་བསྐྱལ་བ་ཡིན་ན་སོ་སོའི་སེམས་སྐྱིད་པ་དང་། རོགས་པ་ཚོའང་སེམས་སྐྱིད་པ། དེ་བསྡོམས་ཡོང་སྐབས་འཛམ་གླིང་སྤྱི་ལ་དངོས་གནས་དྲང་གནས་སེམས་ཀྱི་ཞི་བདེ་ཡོད་པ་དང་ཞི་བདེ་ཡོང་བའི་གོ་སྐབས་ཡོད་པ་རེད། དེ་རིང་གོ་སྐབས་འདིར་ངོས་ཀྱི་གྲོགས་པོ་ཚང་མར་དུས་རྒྱུན་དུ་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་སེམས་པ་བཟང་པོ་བྱེད་པ་དང་། སུ་ལ་ཡིན་ནའང་ཕན་ཐོགས་བྱེད་པའི་བསམ་བློ་ཐོངས། ཞེས་ཞུ་འདོད་བྱུང་། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཏེ་བརྟན་བཞུགས་ཀྱི་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།